ཤྭ་ལ་སྡེ་བའི་ནས་ཕྱེའི་སྦྲང་གོར་ཞིམ་པོ།
2024.11.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 11

 ཉེ་ལམ། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་གྱི་ཤྭ་ལ་སྡེ་བར་ཡོད་པའི་ཤྭ་ལ་ནས་ནག་གསར་སྤེལ་ཚད་ཡོད་ཀུང་སིར་སོང་བ་ན། ནས་ནག་སྦྲང་གོར་གྱི་ཐོན་སྐྱེད་འཁོར་ཁང་ཁོད་ཡངས་ཤིང་གྲ་དག་པ་དང་། འབྲུ་རིགས་ཀྱི་དྲི་མ་ཞིམ་པོ་ཞིག་འཐུལ་ཞིང་། ལས་བཟོ་པ་རྣམས་ཀྱིས་ལས་ལྭ་གྱོན་ནས་རང་རང་སར་ལས་ཀར་བྲེལ་བཞིན་འདུག

ལས་བཟོ་པ་རྣམས་ཀྱིས་བྱང་ཆ་ལྡན་པའི་སྒོ་ནས་ནས་ཕྱེ་དང་འབྲེལ་ཡོད་ཀྱི་སྡེབ་ཁ་བསྡུར་ཚད་ལྟར་དཀྲུགས་ཆས་ཆེན་པོའི་ནང་འདེད་པ་དང་། འཕྲུལ་འཁོར་གྱི་ལྡིར་སྒྲ་བར་མེད་དུ་གྲག ཅང་མ་འགོར་བར་ཆེ་ཆུང་འདྲ་མཚུངས་ཀྱི་ཕྱེ་ལོག་རེ་རེ་འཕྲུལ་འཁོར་ལས་ཐོན། དེའི་རྗེས་ཕྱེ་ལོག་དག་སྦྲང་གོར་གྱི་ཚུགས་ཀར་དཔར་ནས་བསྲེགས་རྗེས། ནས་ནག་གི་ཕྱེ་ལོག་དེ་དག་རིམ་བཞིན་གསེར་མདོག་གི་སྦྲང་གོར་དུ་གྱུར།

ཐོན་སྐྱེད་ཀྱི་ལྷུ་མཚམས་རེ་རེ་གཅིག་འཕྲོར་གཅིག་གིས་སྦྲེལ་ཡོད། དེ་ཡིས་ནས་ནག་གི་སྦྲང་གོར་རེ་རེར་གདོད་མའི་རྒྱུ་ཆ་ནས་དྲི་མ་ཞིམ་པོའི་སྦྲང་གོར་རེ་རེར་འགྱུར་བའི་ངོ་མཚར་གྱི་འགྱུར་ལྡོག་ཀྱང་བདེན་དཔང་བྱས་ཡོད།

ཀུང་སིའི་སྤྱི་གཉེར་པ་བན་དེ་ཚེ་རིང་གིས་བཤད་རྒྱུར། འཁྱགས་སུ་འཇུག་པ་དང་ཕྱི་ཐུམ་བརྒྱབ་རྗེས། སྦྲང་གོར་ཚོང་རར་བཙོང་ཆོག ཐོན་སྐྱེད་བཟོ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ500ཡོད་པ་དང་། རང་འགུལ་ཐོན་སྐྱེད་ཀྱི་འཕྲུལ་ཆས་བཀོལ་ཡོད་ལ། ནས་ནག་སྦྲང་གོར་གྱི་ལས་སྣོན་རྟེན་གཞི་བསྐྲུན་རྒྱུ་དེ་ནི་བཟོ་གྲྭའི་དམིགས་འབེན་ཡིན།  ད་ལྟ་བཟོ་གྲྭར་ཐོན་སྐྱེད་ཀྱི་ནུས་པ་ཆེན་པོ་ལྡན་པས་ཁྲོམ་རའི་དགོས་མཁོ་བསྐང་ཐུབ་ཟེར།

མང་ཚོགས་ཀྱི་ཕྱུག་བསྒྱུར་ཡོང་འཕར་ལ་སྣེ་ཁྲིད་པ་དང་། གྲོང་གསེབ་དར་སྤེལ་གྱི་རླབས་རྒྱུན་ཁྲོད་འདྲེས་སུ་འཇུག་ཆེད། རྩེ་ཁོག་རྫོང་གྲོང་གསེབ་དར་སྤེལ་ཅུའུ་དང་ཧོར་གྲོང་རྡལ་སྲིད་གཞུང་། ཤྭ་ལ་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”བཅས་གྲོས་མོལ་བྱས་པ་བརྒྱུད། སྡེ་བའི་ནང་དུ་ནས་ནག་འདེབས་པའི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ལས་གཞི་ལག་བསྟར་བྱེད་རྒྱུ་ཐག་བཅད། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱས་པ་བརྒྱུད། ཁོ་ཚོར་དཔལ་འབྱོར་གྱི་ཕན་འབྲས་དང་ཟུར་སྣོན་རིན་ཐང་སྔར་ལས་མཐོ་བའི་ནས་ནག་འདེབས་སུ་བཅུག་པ་དང་། རང་ཡུལ་གྱི་ཁྱད་ལྡན་ཐོན་ལས་བསྐྲུན་པ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་ཆེར་བཏང་བར་བརྟེན་ནས། ནས་ནག་དེ་གྲོང་གསེབ་འཕེལ་རྒྱས་ལ་སྣེ་ཁྲིད་པའི“གསེར་གྱི་ལྡེ་མིག”ཏུ་བསྒྱུར།

བན་དེ་ཚེ་རིང་གིས་བཤད་རྒྱུར།  ནས་ནག་ལ་ང་ཚོའི་ཡུལ་དུ‘མུ་ཏིག་ནག་པོ’རུ་འབོད་ལ། མཐོ་སྒང་གི་ནས་དཀར་དང་བསྡུར་ན་འཚོ་བཅུད་ཀྱི་འདུས་ཚད་ཕུན་སུམ་ཚོགས་པས། ནས་ནག་གི་ཐོན་རྫས་སྣ་ཚོགས་བཟོས་ན་ལེགས་པར་སྙམ། ཤྭ་ལ་ནས་ནག་གསར་སྤེལ་ཚད་ཡོད་ཀུང་སིས་ཤྭ་ལ་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་སྤེལ་གྱི་ལས་གཞི་འགན་གཙང་ལེན་བྱས་པར་མ་ཟད། ནས་ནག་གཏིང་ཟབ་ཏུ་གསར་སྤེལ་བྱེད་བཞིན་ཡོད། ནས་ནག་སྦྲང་གོར་གསར་སྤེལ་ལས་སྣོན་གདམ་ཀ་བྱས་པ་ནི་བན་དེ་ཚེ་རིང་དང་ཁོའི་དཔུང་ཁག་གིས་ཚོང་རར་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པའི་གྲུབ་འབྲས་རེད།

འཛད་སྤྱོད་པ་རྣམས་ཀྱིས་ལྷད་མེད་ཀྱི་བཟའ་བཏུང་ལ་མཐོང་ཆེན་བྱེད་ཚད་ཇེ་ཆེར་སོང་བ་དང་བསྟུན་ནས། མངར་ཆ་ཉུང་བའི་ལྷད་མེད་ཚབ་ཟས་ཀྱི་ཟས་རིགས་ལ་ཁྲོམ་ར་ནས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། ནས་ནག་སྦྲང་གོར་ལ་ཟས་མཆོག་གི་ཚི་སྣ་ཕུན་སུམ་ཚོགས་པ་འདུས་ཏེ། དེར་མངར་ཉུང་ཚིལ་ཉུང་དང་ཚི་སྣ་མོད་པའི་ཁྱད་ཆོས་ལྡན་པས། དེང་རབས་འཛད་སྤྱོད་པ་རྣམས་ཀྱི་ལྷད་མེད་ཟས་རིགས་ལ་བཅངས་པའི་དགོས་མཁོ་དང་འཚམ།

དེའི་རྐྱེན་གྱིས། ནས་ནག་སྦྲང་གོར་ཡང་དེ་དང་བསྟུན་ནས་བྱུང་བ་རེད། བན་དེ་ཚེ་རིང་གིས་ཕྱིར་འཚོང་གི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟེ། སྒོ་རྩིས་ཚོང་ཁང་དང་གོང་བདེ་ཚོང་ཁང་སོགས་སྲོལ་རྒྱུན་གྱི་སིལ་འཚོང་ཐབས་ལམ་བརྒྱུད་པར་མ་ཟད། ད་རུང་གློག་རྡུལ་ཚོང་སྟེགས་ལ་བརྟེན་ནས། ཅང་སུའུ་དང་པེ་ཅིན། ཧྲན་ཏུང་སོགས་ཀྱི་ས་ཆར་བཙོང་དང་འཚོང་བཞིན་ཡོད། དྲ་ངོས་དང་ཡུལ་དངོས་ཟུང་འབྲེལ་གྱི་འཚོང་སྟངས་བརྒྱུད་ནས། འཛད་སྤྱོད་པ་སྔར་ལས་མང་པོ་ཞིག་ལ་མཐོ་སྒང་ནས་ཐོན་པའི་དྲི་མ་ཞིམ་ལ་ལྷད་མེད་པའི་ཟས་རིགས་ཀྱི་བྲོ་བ་མྱངས་སུ་བཅུག་པ་དང་། ནས་ནག་སྦྲང་གོར་གྱི་སྙན་པའི་གྲགས་ཚད་ཀྱང་ཁྲོམ་རའི་སྟེང་རིམ་བཞིན་ཇེ་ཆེར་སོང་།

དུས་ཡུན་འགོར་བ་དང་བསྟུན་ནས། ཁྲོམ་རའི་སྟེང་དུ་ནས་ནག་སྦྲང་གོར་ལ་ཁས་ལེན་ཐོབ་ཚད་ཉིན་རེ་བཞིན་ཇེ་མང་དུ་གྱུར། བན་དེ་ཚེ་རིང་སྐབས་བབ་ཀྱི་གནས་ཚུལ་ལ་ཡིད་མ་ཚིམ་པར། ཁོས་གསར་སྐྲུན་ནི་ཁེ་ལས་འཕེལ་རྒྱས་ཀྱི་འཛད་མེད་སྒུལ་ཤུགས་ཡིན་པ་གསལ་བོར་ཤེས་ཏེ། ཞིབ་འཇུག་གསར་སྤེལ་གྱི་ཤུགས་ཚད་བློ་ཐག་རྦད་ཆོད་ཀྱིས་ཇེ་ཆེར་བཏང་བ་དང་། སྲོལ་རྒྱུན་དང་གདོད་མའི་ནས་ནག་སྦྲང་གོར་གྱི་སྤུས་ཀ་སྲུང་འཛིན་བྱེད་པའི་རྨང་གཞིའི་སྟེང་། ཞོ་དང་འབྲི་ཏ་ས་འཛིན་སོགས་ཀྱི་བྲོ་བ་ལྡན་པའི་སྦྲང་གོར་སྣ་ཚོགས་ཀྱང་ཐོན་སྐྱེད་བྱས་ན། འཛད་སྤྱོད་པས་རང་ཉིད་ཀྱི་དགའ་ཕྱོགས་ལྟར་གདམ་ཆོག་པས། འཛད་སྤྱོད་པའི་དགོས་མཁོའང་བསྐང་ཐུབ།

བན་དེ་ཚེ་རིང་གིས་བཤད་རྒྱུར།  ད་ལོའི་ཟླ་གསུམ་པར། ང་ཚོས་བསྲེགས་པའི་སྦྲང་གོར་ཞང་ཀང་དུ་བཙོངས་བ་ཡིན། ཐོན་ལས་འཕེལ་འཕེལ་རྒྱས་ཀྱིས་འབྲོག་ཁུལ་གྱི་དཔལ་འབྱོར་དར་རྒྱས་ལ་སྔར་ལས་ཡར་སྐུལ་བྱས་པ་དང་། འབྲོག་པ་མང་ཚོགས་རྣམས་སེམས་བསམ་པའི་སྟེང་ནས་ནས་ནག་འདེབས་པའི་བརྩོན་སེམས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད།

མིག་སྔར། ཁེ་ལས་ཀྱིས་སྡེ་བའི་འབྲོག་ཁྱིམ་ལ་མཉམ་ལས་འབྲེལ་བ་ཟབ་མོ་བཙུགས་ཡོད་ལ། འདེབས་འཛུགས་དང་སྡུད་ཉོ་ནས་ལས་སྣོན་དང་ཕྱིར་བཙོང་གི་ཐོན་ལས་ཕྲེང་སྦྲེལ་ཆ་ཚང་ཞིག་ཆགས་ཏེ། གྲོང་གསེབ་དར་སྤེལ་ལ་སྒུལ་ཤུགས་ཆེན་པོ་བསྩལ་ཡོད།

ཁེ་ལས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་མཉམ་དུ། སྤྱི་ཚོགས་ཀྱི་འགན་འཁྲི་ནམ་ཡང་སེམས་སུ་བཟུང་ཡོད། རང་ཡུལ་གྱི་སློབ་ཆེན་སློབ་མ་ལས་ཀར་ཞུགས་པར་སྣེ་ཁྲིད་གང་ལེགས་བྱས་ཏེ། ཁོ་ཚོར་ཁྱོན་ཡོངས་དང་ཞིབ་ཚགས་སྒོས་སྦྲང་གོར་བསྲེགས་པའི་ལས་རིམ་ཚང་མ་སྟེ། ནས་ནག་སྡུད་ཉོ་དང་ནས་ནག་བསལ་བ། ནས་ཕྱེ་བརྫི་བ་ནས་སྦྲང་གོར་བསྲེགས་པའི་ལག་རྩལ་དང་རྒྱུ་སྤུས་ཞིབ་བཤེར། ཐུམ་རྒྱག་ཇུས་འགོད་སོགས་ཀྱི་བརྒྱུད་རིམ་ཚང་མ་ཁྲིད་དེ། སློབ་མ་རྣམས་ལ་ཕུན་སུམ་ཚོགས་པའི་ཤེས་བྱ་ཐོབ་ཏུ་བཅུག་པར་མ་ཟད། ལག་རྩལ་གོ་ཆོད་ཅིག་ཁྲིད་དེ།  ཁྱིམ་ཚང་གི་སྒོ་ཁར་བྱ་བ་ཞིག་རྙེད་དུ་བཅུག་ཡོད།

བན་དེ་ཚེ་རིང་གིས་བཤད་རྒྱུར། ལས་ཞུགས་ལ་སྣེ་ཁྲིད་པར་མ་ཟད། ལོ་རེར་སྡེ་མི་རྣམས་ལ་ཁེ་སྤོགས་བགོས་ནས། སྡེ་མི་རྣམས་ཀྱི་ཡོང་སྒོ་བརྟན་བརླིང་ངང་འཕར་དུ་བཅུག་ཡོད།  ཁེ་ལས་ཀྱིས་ཚན་ཞིབ་ཐད་མུ་མཐུད་དུ་མ་དངུལ་མང་པོ་གཏོང་བ་དང་། ནས་ནག་གི་འཚོ་བཅུད་རིན་ཐང་གཏིང་ཟབ་ཏུ་སྔོག་འདོན་བྱེད་པ། ནས་ནག་གི་ཁམས་གསོ་ཐོན་རྫས་དང་བྱེད་ནུས་རང་བཞིན་གྱི་སྐོམ་ཆུ་སོགས་གསར་གཏོད་རང་བཞིན་གྱི་ཐོན་རྫས་སྔར་ལས་མང་པོ་གསར་བཟོ་བྱེད་པ་བཅས་ཀྱིས། རང་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།