སློབ་གསོའི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ཧུར་ཐག་གིས་འབྲི་དགོས།
2024.12.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 9

    མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས་སྤེལ་བའི་དཔྱད་གཏམ། 

ཉེ་ལམ།    ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་བསྡུས། ཚོགས་འདུ་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་གྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་ཞིང་གི་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་ཐད་འཕྲད་པའི་གནས་བབ་གསར་པ་དང་འོས་འགན་གསར་པར་གཏིང་ཟབ་པའི་སྒོ་ནས་དབྱེ་ཞིབ་བྱས་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོ་དང་ནུབ་རྒྱུད་མི་རིགས་ས་ཁུལ་གྱི་སློབ་གསོ་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བ།  སློབ་གསོས་ཡུལ་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་གྱི“དཔེ་གཞི་གསུམ”ལ་ཞབས་འདེགས་ཞུ་བ་བཅས་ལ་ཤུགས་སྣོན་དགོས་པ་ནན་གྱིས་བསྟན་པ་དང་། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སློབ་གསོའི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།

སློབ་གསོ་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་འབྱུང་བའི་རྨང་གཞི་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་པས། སློབ་གསོ་ཡོངས་ཁྱབ་ངང་སྐས་རིམ་གསར་པར་སྤོས་པ་དང་། སློབ་གསོའི་མ་ལག་ལ་གནས་བབ་གསར་པ་ཆགས་ལ། སློབ་གསོའི་ཞབས་ཞུའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་གསོག་འཇོག་བྱས་ཤིང་། མང་ཚོགས་ཀྱི་སློབ་གསོའི་འདུ་ཤེས་དང་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་རྣམ་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོ་བཅས་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན། ང་ཚོས་བསམ་སྦྱོར་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བླ་སྲོག་བསྐྲུན་པ་དང་མི་གསོ་སྐྱོང་བྱེད་པ། སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་གྲུབ་འབྲས་ཀྱིས་སྔར་ལས་མང་བ་དང་སྔར་ལས་འདྲ་མཉམ་གྱིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་ཕན་པར་བྱེད་པ་དང་། སློབ་གསོའི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བའི་གྲུབ་འབྲས་ལ་རྨང་གཞི་བརྟན་པོ་དང་ནུས་ཤུགས་འདོན་པར་སྐུལ་འདེད་བྱེད་དགོས།

སློབ་གསོ་དང་། ཚན་རྩལ། འཇོན་མི་བཅས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བའི་རྨང་གཞི་ལ་སྐུལ་འདེད་གཏོང་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན། ང་ཚོས་མཚོ་སྔོན་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ལོ་རྒྱུས་གནས་བབ་ཡང་དག་པར་ཁོང་དུ་ཆུད་པ་དང་། སློབ་གསོ་དེང་རབས་ཅན་དངོས་གནས་ལས་དོན་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་དང་སྐུལ་འདེད་བྱེད་དགོས། ལོ་བརྒྱར་མི་སྐྱེད་སྲིང་བྱེད་པའི་འཐབ་ཇུས་མིག་རྒྱང་གིས་རང་འགུལ་གྱིས་སྔོན་དཔག་བཀོད་སྒྲིག་དང་འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་། རྣམ་པ་གསར་པ་ཧུར་ཐག་གིས་གསར་སྤེལ་བྱེད་དགོས་པ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། རྣམ་པ་གསར་པའི་མཁར་གྲོང་ཅན་གྱི་འཕེལ་ཕྱོགས་ཆེན་པོའི་ཁྲོད་སློབ་གསོའི་གཅིག་གྱུར་འཆར་འགོད་ཇེ་དྲག་ཏུ་གཏོང་བ། སློབ་ལོ་རན་པའི་མི་གྲངས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་འགྱུར་བའི་ཁྱད་ཆོས་ཁོང་དུ་ཆུད་པ་དང་། མི་གྲངས་ཀྱི་འགྱུར་ལྡོག་དང་མཐུན་སྦྱོར་ཡིན་པའི་མིག་རྒྱང་རིང་པོའི་ཁྲོད་སློབ་གསོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། མཚོ་སྔོན་ནི་ལོ་རྒྱུས་སྟེང་གི་འཕེལ་རྒྱས་ཆེས་ལེགས་པའི་དུས་སྐབས་དང་འཕྲད་ཡོད་པའི་གནད་འགག་གི་བརྡར་གཅོད་ཁོང་དུ་ཆུད་པར་བྱས་ཏེ། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་ཟབ་ཞུགས་དང་དེར་ཞབས་འདེགས་ཞུ་བའི་རིགས་ལམ་ཆེན་པོའི་ཁྲོད་སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་གཞི་གཅིག་ཏུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གནས་བབ་ཆེན་པོའི་ཁྲོད་སློབ་གསོ་ནི་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་དགོས། རོགས་སྐྱོར་གཞོགས་འདེགས་ཀྱི་ལམ་ལུགས་ལེགས་ཆ་ཁོང་དུ་ཆུད་པར་བྱས་ཏེ། སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཐབ་ཇུས་ཆེན་པོའི་ཁྲོད་སློབ་གསོའི་སྤྱིའི་ཆུ་ཚད་མཐོར་འདེགས་གཏོང་དགོས། ལྷག་པར་དུ་དགེ་རྒན་གྱི་ཆབ་སྲིད་གོ་གནས་དང་། སྤྱི་ཚོགས་གོ་གནས། ལས་རིགས་གོ་གནས་བཅས་མཐོར་འདེགས་གཏོང་བ་དང་། དགེ་རྒན་གྱི་ལྟ་སྐྱོང་འགན་སྲུང་ལ་ཤུགས་སྣོན་པ། དགེ་རྒན་གྱི་ལས་རིགས་ལ་བརྩི་བཀུར་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། དགེ་རྒན་ནི་སྤྱི་ཚོགས་སྟེང་སྙན་གྲགས་ཡོད་པ་དང་སྤྱི་ཚོགས་ཀྱིས་བརྩི་བཀུར་བྱེད་པའི་ལས་རིགས་ཤིག་ཏུ་འགྱུར་བར་བྱེད་དགོས།  དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན། ཤེས་རིག་ལ་དགའ་བ་དང་སློབ་སྦྱོང་ལ་སྤྲོ་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཤུགས་ཆེན་པོས་བསྐྲུན་དགོས། དགེ་རྒན་གྱི་ལས་རིགས་ཁས་ལེན་པའི་སེམས་པ་དང་། གཟི་བརྗིད་ཀྱི་སེམས་པ། འགན་འཁྲིའི་སེམས་པ་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།

མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་དེས་ང་ཚོར“ལས་བྱེད་པས་བསྒྲུབ་དགོས་པ་དང་།  བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་དགོས་པའི”བླང་བྱ་གཏིང་ཟབ་པའི་སྒོ་ནས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ལ། གཟེར་མ་རྡེབ་པ་ལྟ་བུའི་སྙིང་སྟོབས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དོན་འཁྱོལ་དང་གྲུབ་འབྲས་མངོན་པར་ཁག་ཐེག་བྱེད་དགོས། ཏང་གིས་སློབ་གསོའི་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་། སྔར་ལས་ཆུ་ཚད་མཐོ་བའི་ཆབ་སྲིད་བསམ་བློའི་སློབ་གསོ་སྤེལ་བ། འོས་འགན་སློབ་གསོའི་སྤུས་ལེགས་སློབ་གསོ་དོ་མཉམ་ཡོང་བར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། མཐོ་རིམ་སློབ་གྲྭའི་ཁྱད་ལྡན་འཕེལ་རྒྱས་ལ་རིགས་བགར་ནས་སྐུལ་འདེད་གཏོང་བ། ལས་རིགས་རྩལ་ནུས་འཇོན་མི་གསོ་སྐྱོང་གི་ལངས་གནས་གསར་པ་བསྐྲུན་པ། སློབ་གསོའི་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། དུས་རབས་གསར་པའི་ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་སྡེ་སྐྱེད་སྲིང་བྱེད་པ། སློབ་གསོའི་རོགས་སྐྱོར་གྱི་སྤུས་འདེགས་ནུས་མཐོར་སྐུལ་འདེད་གཏོང་བ། སློབ་གསོའི་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཤུགས་ཆེན་པོས་སྔོན་འགོག་དང་སེལ་བ། སྔར་ལས་མཐོ་བའི་ལངས་གནས་དང་སྔར་ལས་དྲག་པའི་འགན་འཁྲི། སྔར་ལས་ནུས་ལྡན་གྱི་བྱེད་ཐབས་བཅས་ཀྱིས་སློབ་གསོའི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། འགན་འཁྲིའི་ལས་འགན་དང་དམིགས་འབེན་ངེས་གནས། གཙོ་གནད་འགན་འཁྲིའི་དོན་འཁྱོལ་ནན་འཛིན་དང་ཕན་འབྲས་དངོས་ལ་བརྩོན་པ་བཅས་ལ་དམིགས་ནས། “སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་ཐད་མཚོ་སྔོན་གྱིས་གང་ཞིག་སྒྲུབ”ཞེས་པ་དང“ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཐད་སློབ་གསོས་གང་ཞིག་སྒྲུབ་པའི”དུས་རབས་ཀྱི་རྒྱུགས་གཞིར་མཉམ་དུ་ལན་ལེགས་པོ་འདེབས་པ་དང་། དུས་རབས་གསར་པའི་སྐྱོད་ལམ་གསར་པར་སློབ་གསོའི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ཧུར་ཐག་གིས་འབྲི་དགོས། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།