ཉན་མཁན་རྣམ་པ། ཁྱེད་རྣམ་པ་བདེ་མོ་ཡིན་ན། ཐེངས་འདིའི་མཚོ་སྔོན་གསར་བའི་གཟི་དཔལ་ཞེས་པའི་ཚན་པའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་ཤ་བོ་གསེར་མཚོ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར་ཞིན་ཧེ་རྫོང་དཀྱིལ་སྙིང་བྱིས་སྐྱོང་ཁང་གིས་བྱིས་པའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་མཐུན་རྐྱེན་བཟང་བོ་བསྐྲུན་ཞེས་པ་གཏང་རྒྱུ།
སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དོན་ལྔ་ལོར་ཞིན་ཧེ་རྫོང་དཀྱིལ་སྙིང་བྱིས་སྐྱོང་ཁང་འཛུགས་སྐྲུན་བྱས་པ་ནས་བཟུང་ད་བར་དུ་བགྲང་བྱ་ཞེ་དགུ་འདས་ཤིང་། བགྲང་བྱ་ཞེ་དགུའི་ཀྱག་ཀྱོག་གི་བརྒྱུད་རིམ་ཁྲོད་དུ། ཞིན་ཧེ་རྫོང་གིས་ཞིང་ཆེན་དང་ཁུལ་ཏང་ཨུ་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། གོང་རིམ་སློབ་གསོ་སྡེ་ཁག་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། སློབ་གསོ་སྔོན་ལ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ལ་རྐང་བཙུགས་ཏེ། ཅུང་འཐུས་སྒོ་ཚང་བའི་སློབ་སྔོན་སློབ་གསོའི་ཞབས་ཞུའི་མ་ལག་ཅིག་ཆགས་པར་བྱས་པ་དེ་སློབ་སྔོན་སློབ་གསོའི་བཅོས་སྒྱུར་འཕེལ་རྒྱས་ཐད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། དེའི་ཐད་ནས་ཞིན་ཧེ་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བློ་བཟང་ཚེ་རིང་གིས་བཤད་རྒྱུར།
ང་ཚོ་ཞིན་ཧེ་རྫོང་ལ་མཚོན་ན་སྔོན་འགྲོའི་སློབ་གསོ་ནི་ཅུང་ཁྱད་ཆོས་ལྡན་པ་ཞིག་ཡིན། ད་ལྟ་རྫོང་ཡོངས་ལ་བྱིས་སྐྱོང་ཁང52དང་དགེ་བཟོ་བ554། བྱིས་པ3800ལྷག་ཡོད། དེའི་ཁྲོད་ཞིང་ཆེན་རིམ་པའི་དཔེ་སྟོན་བྱིས་སྐྱོང་ཁང3དང་། ཁུལ་རིམ་པའི་དཔེ་སྟོན་བྱིས་སྐྱོང་ཁང4ཡོད་ལ། གཞན་ཚང་མ་རྫོང་རིམ་པའི་དཔེ་སྟོན་བྱིས་སྐྱོང་ཁང་ཡིན། ང་ཚོས་བྱིས་པ་སྐྱོང་བར་སྐད་བརྡ་དང་བདེ་ཐང་། སྒྱུ་རྩལ། སྤྱི་ཚོགས། ཚན་རིག་བཅས་ཐབས་ལམ་ལྔ་བཀོལ་བཞིན་ཡོད། ང་ཚོའི་ཁྱད་ཆོས་ནི་བྱིས་སྐྱོང་ཁང་ཚང་མ་གཞུང་ཕྱོགས་ཀྱི་བྱིས་སྐྱོང་ཁང་དག་དག་ཡིན། དགེ་རྒན་གྱི་གླ་ཕོགས་ཀྱང་ལས་གཅིག་ཕོགས་གཅིག་ལྟར་སྟེར་བཞིན་ཡོད། དགེ་རྒན་གྱི་དཔུང་སྡེའི་ཆུ་ཚད་ཐད་ནས་བཤད་ནའང་ཚང་མ་དངོས་གཞི་དང་ཆེད་སྦྱོང་རྐྱང་རྐྱང་གིས་གྲུབ་པ་ཡིན། ད་རུང་མི་འདྲ་ས་ཞིག་ཡོད་པ་ནི་མཚོ་ལྷོ་ཁུལ་གྱི་གྲོང་རྡལ་སོ་སོར་སྔོན་འགྲོའི་སློབ་གསོའི་དོ་དམ་ཁང་བཙུགས་ཏེ་དོ་དམ་བྱེད་བཞིན་ཡོད་ལ། བྱིས་པའི་སློབ་ཞུགས་ཀྱི་ཚད97.76%ལ་སླེབས་ཡོད།
ཞིན་ཧེ་རྫོང་བྱིས་སྐྱོང་ཁང་ལ་ད་ལྟ་ཁྱོན་བསྡོམས་དགེ་རྒན64དང་མཁོ་སྒྲུབ་ལས་བཟོ་བ26ཡོད་པ་དང་། བྱིས་གཉོར་མཁན19དང་ཇ་མ5། བདེ་སྲུང་མི་སྣ2བཅས་ཡོད། དགེ་རྒན་དེ་དག་ལས་བྱིས་པའི་སློབ་གསོའི་ཐོབ་ཐང་ལག་ཁྱེར་ཡོད་མཁན27དང་། སློབ་ཆུང་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་ཡོད་མཁན14ཡོད། ཁོ་ཚོས་ཉིན་རྒྱུན་གྱི་བྱ་བའི་ཁྲོད་དུ་གཙོ་བོ་སྐད་བརྡ་དང་བདེ་ཐང་། སྒྱུ་རྩལ། འཚོ་བ། ཚན་རིག་བཅས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བྱིས་པ་རྣམས་ཀྱི་རྒྱུད་ལ་གོམས་པར་བྱས་ཏེ། བྱིས་པའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་རྒྱུ་དེ་བྱིས་སྐྱོང་ཁང་གཉེར་བའི་དམིགས་འབེན་ཉག་ཅིག་ཏུ་བཟུང་ཡོད། དེའི་སྐོར་ནས་སློབ་གྲྭའི་དགེ་རྒན་གསེར་མོ་མཚོ་ཡིས་འདི་ལྟར་བཤད།
ང་ཚོ་དགེ་རྒན་རྣམས་ཞོགས་པར་ལས་ཞུགས་བྱས་མ་ཐག་སློབ་གྲྭའི་བྱ་འགུལ་ཁང་དང་ར་སྐོར་སོགས་ལ་གཙང་སྦྲ་དང་དུག་སེལ་བྱེད་དགོས། དུས་རྒྱུན་བྱིས་པ་རྣམས་ལ་བདེ་འཇགས་སྐོར་ནས་སློབ་གསོ་གཏོང་བཞིན་ཡོད་པར་མ་ཟད་སློབ་གྲྭའི་བཀོད་སྒྲིག་ལྟར་དུ་བདེ་འཇགས་ཐད་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད། ཟ་མའི་ཕྱོགས་ནས་ནངས་ཇ་དང་དྲོས་ཇ་ཡོད་པ་ལས་གཞན་ད་དུང་སྔ་དྲོ་དང་ཕྱི་དྲོར་ཟས་བཅུད་ཁ་སྣོན་སྟེར་བཞིན་ཡོད། རོལ་རྩེད་ཀྱི་ཐད་ནས་བྱ་འགུལ་ཚང་མ་རོལ་རྩེད་ཀྱི་རྣམ་པ་གཙོ་བོ་ཡིན་ལ། གཟའ་མིག་དམར་དང་གཟའ་ཕུར་བུ་ཉིན་ལ་བྱིས་པ་རྣམས་ཀྱིས་རང་གི་དགའ་ཕྱོགས་དང་འདོད་མོས་ལྟར་བྱ་འགུལ་ཁང་འདེམས་ནས་བྱ་འགུལ་སྤེལ་བཞིན་ཡོད།
ཞིན་ཧེ་རྫོང་དཀྱིལ་སྙིང་བྱིས་སྐྱོང་ཁང་གིས་བྱིས་པ་རྣམས་ཀྱི་ན་ཚོད་དང་སེམས་ཁམས། བྱིས་བློར་འཕྲོད་པའི་རོལ་རྩེད་ཅི་རིགས་ལ་བརྟེན་ནས་བྱིས་པའི་ཚེ་སྲོག་ལ་གསོན་ཤུགས་རྒྱས་པར་བྱེད་རྒྱུ་དེ་སློབ་གསོའི་ཁ་ཕྱོགས་སུ་བཟུང་སྟེ། བྱིས་སྐྱོང་ཁང་གི་ཁྱད་ཆོས་མངོན་པར་གསལ་བར་བྱས་པས་བྱིས་པ་མང་པོའི་མ་སྨིན་པའི་བྱིས་བློའི་དྭངས་མ་ཡོངས་སུ་དྲངས་པར་མ་ཟད། བྱིས་པའི་ཁྱིམ་བདག་རྣམས་ཀྱིས་ཀྱང་ཡིད་ཆེས་དང་ཁས་ལེན་ཐོབ་ཡོད། དེའི་སྐོར་ནས་བྱིས་པའི་ཁྱིམ་བདག་ཚེ་དབང་རིག་འཛིན་གྱིས་གསར་འགོད་པར་འདི་ལྟར་བཤད།
བྱིས་སྐྱོང་ཁང་འདིར་མཚོན་ན་གཙང་སྦྲ་དང་ཁོར་ཡུག རོལ་རྩེད་སོགས་ཕྱོགས་གང་ཅིའི་ཐད་ནས་ཧ་ཅང་བཟང་གི བྱིས་པ་ཁོ་རང་ལ་མཚོན་ནའང་སློབ་གྲྭ་འདིའི་ནང་ཡོང་བའི་འདུན་པ་ཆེ་བས་ང་རང་ཉིད་ཀྱང་བྱིས་པ་འདིའི་ནང་དུ་བསྐྱལ་ན་སེམས་ཧ་ཅང་བདེ་གི
གསར་འགོད་པ། གཡང་འབུམ་རྒྱལ།
ཤ་བོ་གསེར་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།