ཞབས་ཞུ་ལེགས་པོས་དམངས་ལ་ཕན་བདེ་བསྐྲུན།
2024.12.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 7

ཉན་མཁན་རྣམ་པ། ཁྱེད་རྣམ་པ་བདེ་མོ་ཡིན་ན། ཐེངས་འདིའི་མཚོ་སྔོན་གསར་བའི་གཟི་དཔལ་ཞེས་པའི་ཚན་པའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་ཤ་བོ་གསེར་མཚོ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར་ཞབས་ཞུ་ལེགས་པོས་དམངས་ལ་ཕན་བདེ་བསྐྲུན་ཞེས་པ་གཏང་རྒྱུ།

ང་ཚོ་གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་གྲོང་ཤར་སྡེ་ཁུལ་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་ཐོན་དུས། གནས་དེར་འཛོམས་པའི་རྒན་རྒོན་རྣམས་ཀྱིས་བག་ཕེབས་ཀྱི་ཉི་འོད་དྲོད་ཁང་དུ་ཕིང་ཕང་སྤོ་ལོ་དང་། བྱ་སྒྲོའི་སྤོ་ལོ། མིག་མངས་སོགས་རོལ་རྩེད་སྣ་ཚོགས་ལ་རང་རང་གི་འདོད་མོས་བཞིན་གང་དགར་རོལ་བཞིན་འདུག གྲོང་ཤར་སྡེ་ཁུལ་གྱི་ཁོད་ཡངས་ལ་གྲལ་དག་པའི་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་སྨན་ཁང་དང་ངལ་གསོ་ཁང་། རོལ་རྩེད་ཁང་། ལུས་སྦྱོང་ཁང་། ཟ་ཁང་། བྱིས་པའི་རྩེད་འཇོ་ཁང་བཅས་ཚང་མ་འཛོམས་ཡོད་པས། གནས་དེར་ཡོང་མཁན་གྱི་མི་རེ་རེའི་སེམས་ལ་སྤྲོ་སྐྱིད་ཀྱི་སྣང་བ་ཞིག་དབང་མེད་དུ་སྟེར། སྡེ་ཁུལ་དེའི་སྤྱིའི་རྒྱ་ཁྱོན་ལ་སྨིད་གྲུ་བཞི་མ600ཡོད་པ་དང་། ལས་གཞི་དེར་ཁྱོན་བསྡོམས་མ་དངུལ་སྒོར་མོ་ས་ཡ2དང་འབུམ3སྟོང5ལྷག་བཏང་བ་རེད། གནས་ཚུལ་དེའི་སྐོར་ནས་གྲོང་ཤར་སྡེ་ཁུལ་ཏང་དམངས་ཞབས་ཞུའི་ལྟེ་གནས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་དཔའ་མཚོ་རྒྱལ་གྱིས་འདི་ལྟར་ངོ་སྤྲོད་བྱས་བྱུང་།

ང་ཚོ་གྲོང་ཤར་སྡེ་ཁུལ་ནི2002ལོའི་ཟླ8པར་བཙུགས་ཤིང་། ད་ལོ་སྟེ2024ལོའི་ཟླ8པར་གནས་འདིར་སྤར་བ་ཡིན། སྔོན་ཆད་མང་ཚོགས་རྣམས་བྱ་བ་ཅི་ཞིག་བསྒྲུབ་པར་ཡོང་ཚེ་ལམ་ཐག་རིང་བས་སྟབས་མི་བདེ་གི ད་ལྟ་ང་ཚོར་ལས་བཟོ་བ་མི་བཅུ་གཉིས་ཡོད། སྡེ་ཁུལ་ཡོངས་ལ་ཁྱིམ་ཚང་སྟོང་གཉིས་ལྷག་དང་མི་གྲངས་སྟོང་དྲུག་ལྷག་ཡོད། མི་རིགས་བཅུ་གཅིག་ཡོད་པ་ཚང་མ་མཐུན་སྒྲིལ་ཧ་ཅང་བཟང་། ང་ཚོ་སྡོད་ཁུལ་འདིའི་ནང་དུ་ལོ་ལོན་ཚོས་འགྱིག་འདེབས་ས་དང་ཤོག་ཕེ་རྩེད་ས། སྨན་ཁང་དང་ཟ་ཁང་སོགས་ཚང་མ་འཛོམས་ཡོད་པས། ཆམ་ནད་སོགས་བྱུང་ཚེ་སྨན་ལེན་དུ་ཡོང་ན་ཡང་ཧ་ཅང་སྟབས་བདེ་ཡིན། ད་དུང་མང་ཚོགས་ཀྱི་ཁྱིམ་ཚང་ནང་དུ་གློ་བུར་བའི་དོན་དག་འདྲ་ཡོད་ཚེ་ལོ་གཅིག་གཉིས་ཅན་གྱི་བྱིས་པ་འདིར་བསྐྱལ་ཡོང་ན་ང་ཚོས་རིན་མེད་དུ་བདག་སྐྱོང་བྱེད་བཞིན་ཡོད། རྗེས་ཕྱོགས་ཀྱང་མང་ཚོགས་ཀྱི་ཆེད་དུ་བྱ་བ་འབད་པས་བསྒྲུབ་རྒྱུའི་སེམས་པ་ཡོད།

ཉེ་བའི་ལོ་འགའི་རིང་། གྲོང་ཤར་སྡེ་ཁུལ་ཏང་དམངས་ཞབས་ཞུའི་ལྟེ་གནས་ཀྱིས་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་གཙོ་ཤུགས་དམག་ཆེན་པོ་ཞིག་གྲུབ་པར་བྱས་ཏེ། ལོ་ལོན་དང་བྱིས་པ་གཙོས་སྡེ་མི་རྣམས་ཀྱི་ལུས་ཕུང་བདེ་ཐང་ཐད་ཞབས་ཞུ་གང་ལེགས་སྒྲུབ་པའི་ཆེད་དུ། མི་དམངས་མང་ཚོགས་ཀྱིས་ཞིང་སྡེ་མཉམ་ལས་སྨན་བཅོས་ཀྱི་འགན་སྲུང་སྲིད་ཇུས་དེ་སྡེ་ཁུལ་གྱི་སྨན་ཁང་ནས་ལོངས་སྤྱོད་བྱེད་ཐུབ་པར་འགན་སྲུང་ནུས་ལྡན་བྱས། དེའི་སྐོར་ནས་སྡེ་ཁུལ་གྱི་སྨན་པ་རྡོ་རྗེ་མཚོ་ཡིས་འདི་ལྟར་བཤད།

ང་ཚོའི་སྨན་ཁང་ནང་དུ་བོད་སྨན་སྨན་པ་གཉིས་དང་ནུབ་ལུགས་སྨན་པ་གཅིག ནད་གཡོག་གསུམ་བཅས་ཡོད། ང་ཚོས་གཙོ་བོ་བོད་ལུགས་གསོ་རིག་གི་སྐམ་ཁབ་དང་མེ་བཙའ། སྣུམ་བྱུག བསྐུ་མཉེ་སོགས་ཀྱི་གསོ་བཅོས་ཐབས་ལམ་ལ་བརྟེན་ནས་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་བྱེད་བཞིན་ཡོད།

སྡེ་ཁུལ་ནི་སྤྱི་ཚོགས་བཅོས་སྐྱོང་གི་ཆེས་གཞི་རྩ་ཡིན་ལ། ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱེད་པ་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཅིག་ཀྱང་ཡིན། ལྷག་པར་དུ་གྲོང་ཤར་སྡེ་ཁུལ་དེ་སྡེ་ཁུལ་གྱི་མི་དམངས་མང་ཚོགས་ཀྱིས་རང་ཉིད་ཀྱི་འཚོ་ཚིས་དང་འབྲེལ་བ་ཡོད་པའི་གནས་ཚུལ་སྣ་ཚོགས་ལ་ཤེས་རྟོགས་བྱེད་པ་དང་།  རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་ལ་རྒྱུས་ལོན་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུའང་གྱུར་ཡོད་དེ།  དེའི་སྐོར་ནས་གྲོང་ཤར་སྡེ་ཁུལ་ཞབས་ཞུའི་ཚོམས་ཆེན་གྱི་ལས་བྱེད་མི་སྣ་འཛིན་འགྲུབ་སྐྱིད་ཀྱིས་བཤད་རྒྱུར།

ངའི་བྱ་བ་གཙོ་བོ་ནི་མི་རིགས་མཐུན་སྒྲིལ་དང་རྒྱལ་ཡོངས་དཔལ་ཡོན་འཛུགས་སྐྲུན་གྱི་ཕྱོགས་ཡིན་ལ། ད་ལྟ་ཚོམས་ཆེན་གྱི་སྣེ་ལེན་མི་སྣ་ཡང་ཡིན། དུས་རྒྱུན་མང་ཚོགས་ལ་སྣེ་ལེན་དང་ཞབས་ཞུ་བྱེད་པ་དང་། དམངས་ཕན་སྲིད་ཇུས་སྣ་ཚོགས་དྲིལ་བསྒྲགས་དང་འགྲེལ་བཤད་བརྒྱག་དགོས།

ཆབ་ཆ་གྲོང་རྡལ་གྲོང་ཤར་སྡེ་ཁུལ་གྱིས་རྒས་ན་རྟེན་ས་ཡོད་པ་དང་བྱིས་པ་གཉོར་སྐྱོང་བྱེད་མཁན་ཡོད་པ། དཀའ་ཁག་ཅན་ལ་རོགས་སྐྱོར་བྱེད་པ།སྡེ་ཁུལ་གྱི་སྒྲིག་ཆས་སྣ་ཚོགས་འཐུས་ཚང་དུ་གཏོང་བ། འཕྲོད་བསྟེན་བདེ་ཐང་ལ་མཐོང་ཆེན་བྱེད་པ་བཅས་གཞི་གཅིག་ཏུ་གྲུབ་པའི་ཞབས་འདེགས་ཞུ་སྟངས་གསར་བ་ཞིག་ཧུར་ཐག་གིས་འཚོལ་ཞིབ་བྱས་པ་དེས་སྡེ་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོ་རུ་གཏོང་བར་ནུས་པ་བླ་ལྷག་ཐོན་ཡོད། གནས་ཚུལ་དེའི་སྐོར་ནས་སྡེ་མི་འཕགས་མོ་སྐྱིད་ཀྱིས་དགའ་སྤྲོ་དང་བཅས་ཏེ་གསར་འགོད་པར་འདི་ལྟར་བཤད།

སྡེ་ཁུལ་གནས་འདིར་སྤར་རྗེས་ཁོར་ཡུག་གྲལ་དག་ཅིང་ཁོད་ཡངས་ལ། ལས་བྱེད་མི་སྣའི་ཞབས་ཞུའི་རྣམ་འགྱུར་ཡང་ཧ་ཅང་བཟང་གི འདི་ན་ལོ་ལོན་ཚོར་ཟ་མ་ཟ་ས་དང་བྱིས་པ་གཉོར་སྐྱོང་བྱེད་མཁན་ཡང་ཡོད་པས་ཧ་ཅང་སྟབས་བདེ་རེད།

གསར་འགོད་པ།  གཡང་འབུམ་རྒྱལ།

ཤ་བོ་གསེར་མཚོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།