རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་ཕྱོགས་ཁག་གི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བསྒྱུར་དགོས།
2024.12.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

 ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་བརྗོད། 

ཟླ12པའི་ཚེས11ཉིན་ནས་ཚེས12ཉིན་བར། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་པེ་ཅིང་དུ་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། སང་ལོའི་དཔལ་འབྱོར་བྱ་བར་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་གནང་སྟེ།  ང་ཚོས་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་དཔལ་འབྱོར་བྱ་བ་ཡག་པོར་སྒྲུབ་པར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད།

ལོ་གཅིག་གི་རིང་ལ། ང་ཚོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་སྤྱིར་བཏང་གཏན་ནས་མིན་ལ། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཇེ་ཆེར་སོང་བ་དང་ནང་ཁུལ་གྱི་དཀའ་ཁག་ཇེ་མང་དུ་འགྲོ་བའི་རྙོག་འཛིང་དང་ཛ་དྲག་ཆེ་བའི་གནས་བབ་ཀྱི་མདུན་དུ། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་དང་། བརྟན་ཐོག་ཡར་འཕེལ་བྱུང་ནས། སྔོན་ལ་མཐོ་བ་དང་། བར་དུ་དམའ་བ།   ཕྱིས་སུ་འཕེལ་རྒྱས་བཅས་ཀྱི་རྣམ་པ་མངོན་ཡོད་ལ། དེ་ནི་ལས་སླ་མོར་ཐོབ་པ་ཞིག་མིན་པས་མི་རྣམས་ལ་སྐུལ་མ་ཐེབས་པ་ཞིག་རེད།

འདུས་གྲུབ་གློག་ལམ་དང་། མིས་བཟོས་རིག་ནུས། ཚད་རྡུལ་ཚན་རྩལ་སོགས་ཚན་རྩལ་གསར་གཏོད་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ་ནས། སྲོལ་རྒྱུན་ཐོན་ལས་རིག་ནུས་ཅན་གྱི་སྒྱུར་བཀོད་དང་གཞི་གྲངས་ཅན་གྱི་ཕྱོགས་སྒྱུར་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བའི་བར་དང་། དེ་ནས་ནུས་ཁུངས་གསར་པའི་རླངས་འཁོར་གྱི་ལོའི་ཐོན་ཚད་བྱེ་བ་གཅིག་ལས་ཐོག་མར་བརྒལ་བ་དང་།  འབྲུ་རིགས་ཐོན་ཚད་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་ལྷག་ལས་ཐོག་མར་བརྒལ་བ་སོགས་ཀྱི་བར་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་པས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་བདེ་བླག་ངང་འགྲུབ་ལ་ཉེ།  འཛམ་གླིང་ཡོངས་ལ་བལྟས་ན། རང་རྒྱལ་ནི་སྔར་བཞིན་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཡོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པ་དང་། འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ཡོང་བར་སྒུལ་ཤུགས་དང་གཏན་ཁེལ་རང་བཞིན་སྔར་ལས་མང་པོ་བསྣན་ཡོད།

ལྷག་པར་དུ་དུས་ཚིགས་གཉིས་པ་ནས་གསུམ་པའི་བར་མར་ཆག་པའི་གནོན་ཤུགས་ཇེ་ཆེར་སོང་བ་དང་དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་མར་ཆག་པའི་མདུན་དུ། ཟླ9པའི་ཚེས26ཉིན་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་འཕར་སྣོན་སྲིད་ཇུས་རབ་དང་རིམ་པ་འཕྲལ་ཐག་ཆོད་པོས་བཀོད་སྒྲིག་བྱས་ཏེ། སྤྱི་ཚོགས་ཀྱི་གདེང་ཚོད་ནུས་ལྡན་ངང་ཆེ་རུ་ཕྱིན་པ་དང་དཔལ་འབྱོར་བསྐྱར་འཕར་མངོན་གསལ་བྱུང་བས།  ལོ་ཧྲིལ་པོའི་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ཡོད་ལ། སང་ལོའི་དཔལ་འབྱོར་འཕེལ་རྒྱས་འབྱུང་བར་ཡང་རྨང་གཞི་བརྟན་པོ་བཏིངས་ཡོད།  དེའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཞིབ་འཇུག་བརྡར་གཅོད་གནད་འཁེལ་དང་། ཇུས་ཐག་གཅོད་པ། བཀོད་སྒྲིག་ནུས་ལྡན་དང་བྱེད་ཐབས་ནུས་ལྡན་ཡིན་པ་བཅས་ར་སྤྲོད་གང་ལེགས་བྱས་ཡོད།   ང་ཚོའི་ཏང་གིས་གནས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་དུས་ཐོག་ཏུ་ཚན་རིག་དང་མཐུན་པའི་སྒོ་ནས་གནད་སྨིན་ཇུས་འདོན་བྱེད་པར་སྔར་ལས་མཐོང་ཆེན་དང་། སྲིད་ཇུས་མཐུན་སྦྱོར་མཉམ་འགུལ་ལ་སྔར་ལས་མཐོང་ཆེན།   སྲིད་ཇུས་ཀྱི“ཐབས་མང་མཉམ་སྤྱོད”ཆགས་པ་བཅས་ལ་སྔར་ལས་མཐོང་ཆེན་བྱས་ཡོད་པ་མཚོན་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་ཐད་ནས་བལྟས་ན། ཐེངས་འདིའི་གྲོས་ཚོགས་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།

ལོ་གཅིག་རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས། ཏང་ཀྲུང་དབྱང་གི་འཐབ་ཇུས་ཀྱི་ངེས་ཤུགས་གང་ལེགས་སྒོས་མཚོན་པ་དང་། ཏང་ཀྲུང་དབྱང་གིས་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་གནས་བབ་འོག   དཔལ་འབྱོར་བྱ་བར་ཁ་ལོ་བསྒྱུར་བའི་བློ་གྲོས་དང་ནུས་པ་གང་ལེགས་སྒོས་མཚོན་ཡོད།  ཐེངས་འདིའི་ཚོགས་འདུ་ལས“ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་དཔལ་འབྱོར་བྱ་བ་ཡག་པོར་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་པ་དང་། གནད་འགག་གི་དུས་དང་བརྒྱུད་རིམ་གལ་ཆེན་ཁྲོད་ཏང་ཀྲུང་དབྱང་གིས་གནས་བབ་ལ་དུས་ཐོག་ཏུ་བརྡར་ཤ་གཅོད་པ་དང་ཐབས་ཇུས་བཀོད་སྒྲིག་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱས་ཡོད་ཅེས་བསྟན། འདི་ནི་དུས་རབས་གསར་པའི་ཚུན་ལ་ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་བྱེད་པའི་ལག་ལེན་དངོས་དེ་སྙིང་བསྡུས་གནད་སྨིན་བྱས་པ་ཞིག་དང་། རྒྱལ་ཡོངས་ཀྱི་གོང་འོག་ཚང་མའི་ཆེས་མཐོ་བའི་ཐུན་མོང་གི་ངོས་འཛིན་ཞིག་ཀྱང་རེད།

ཐེངས་འདིའི་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་ཐོག་སྲིད་ཇུས་ཀྱི་ཕན་ཁེ་མང་པོ་ཐོབ་པ་དང་། སྤྱི་ཚོགས་ཀྱི་སྔོན་དཔག་བརྟན་པོ་ཡོང་བ་དང་ཚོང་རའི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ།  ཁྲོམ་རའི་རང་རྟོན་ཆེ་རུ་གཏོང་བ་བཅས་བྱས་ཡོད། སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཐོག་མར་བཏོན་པ་ནས“གལ་ཆེན་གཉིས”ཀྱི་རྣམ་གྲངས་དང“གསར་བ་གཉིས”ཀྱི་སྲིད་ཇུས་ལག་བསྟར་བྱེད་པར་རྒྱུན་མཐུད་ངང་རྒྱབ་སྐྱོར་དང་། དམངས་འཚོར་ཕན་པ་དང་། འཛད་སྤྱོད་ལ་སྐུལ་འདེད། སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་ལ་སྔར་ལས་མཐོང་ཆེན་བཅས་བྱེད་པའི་བར་དང་།  ལོ་བཅུ་བཞིའི་རིང་དངུལ་ལོར་གྱི་སྲིད་ཇུས་འོས་འཚམ་སྒོས་ཇེ་ལྷོད་དུ་གཏོང་བའི་ཕྱོགས་སུ་ཐོག་མར་བསྐྱོད་དེ་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཡོང་འབབ་འབྲིང་དམའི་མང་ཚོགས་ཀྱི་འབབ་འཕར་ཁུར་པོ་ཇེ་ཡང་དུ་གཏོང་བ།  སྤྱི་ཚོགས་ཀྱི་མ་རྩ་ལས་སྐྲུན་དངུལ་གཏོང་ཁྲོད་ཞུགས་པའི་ཡིད་དབང་འགུག་ཤུགས་སྔར་ལས་ཆེ་རུ་གཏོང་བ་བཅས་བྱས་ནས། དུས་ཡུན་འབྲིང་རིང་གི་མ་དངུལ་ཁྲོམ་རར་ཞུགས་པའི་འགག་གནད་སྒྲོལ་བ་དང་།  འགྱུར་མེད་རང་བཞིན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོའི་སྦས་ཤུགས་འདོན་སྤེལ་གང་ལེགས་བྱེད་པ།  གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་རིགས། གྲོང་ཁྱེར་དང་གྲོང་གསེབ་གཞི་རིམ། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་བཅས་ཀྱི་ལས་ཞུགས་རྒྱབ་སྐྱོར་འཆར་གཞི་ལག་བསྟར་བྱེད་པའི་བར་ལ་སོགས་སྲིད་ཇུས་ཀྱི་འཕེལ་ཕྱོགས་དང་ཡང་ན་གཙོ་གནད་ལས་འགན་གང་ཡིན་རུང་སང་ལོའི་དཔལ་འབྱོར་བྱ་བའི་རིན་ཐང་གི་དམིགས་ཡུལ་ཚང་མ་ཧ་ཅང་གསལ་པོ་ཡིན་པས།  དེ་ནི་དཔལ་འབྱོར་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དེ་རེད།

སྲིད་ཇུས་ཀྱི་འཕེལ་ཕྱོགས་ལ་བལྟས་ན།  འོས་འཚམ་སྒོས་ཇེ་ལྷོད་དུ་གཏོང་བའི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་པར་ཚད་མཐོའི་དོ་ཁུར་ཐོབ་ཡོད། དངུལ་ལོར་སྲིད་ཇུས་ཀྱི་རྩ་བའི་དགོངས་གཞི་དེ“བརྟན་པོ་དང་སྐྱོན་བྲལ”ནས་“ འོས་འཚམ་སྒོས་ཇེ་ལྷོད་དུ་གཏོང་བའི”བར་ལེགས་སྒྲིག་བྱས་པ་དེ་ནི།  ལོ་བཅུ་བཞིའི་རིང་གི་ཐོག་དང་པོ་རེད།  “དུས་དང་བསྟུན་ནས་སྐྱེད་ཀ་ཇེ་དམའ་རུ་གཏོང་བ ”ནི་འཁོར་རྒྱུག་རང་བཞིན་འདང་ངེས་ཡོང་བར་བྱས་ཏེ།   སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་རུབ་ཀྱི་མ་གནས་མར་ཆག་པ་དང་། ཁེ་ལས་ཀྱི་མ་དངུལ་བསྡུ་རུབ་བྱེད་དཀའ་བ་དང་མ་དངུལ་བསྡུ་རུབ་ཀྱི་རིན་གོང་མཐོ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ། ཡིད་རྟོན་དངུལ་བུན་འཕར་ཚད་ཇེ་མགྱོགས་སུ་གཏོང་བ། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་པར་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཆེད་དུ་རེད།  དངུལ་རྩའི་ཡོ་བྱད་གསར་གཏོད་བྱེད་པ་དེས་ཀྲུང་དབྱང་དངུལ་ཁང་གི་སྤྱི་ཁོག་གི་གཟབ་ནན་དང་དངུལ་རྩ་བརྟན་འཇགས་ཀྱི་ནུས་པ་ཆེ་རུ་བཏང་སྟེ། དངུལ་རྩའི་ཁྲོམ་ར་བརྟན་བརླིང་ཡོང་བར་སྲུང་སྐྱོང་ལེགས་པོ་བྱེད་རྒྱུ་རེད།   དངུལ་རྩའི་སྒྲིག་གཞིས“བྱེད་ཐབས་ཆེན་པོ་ལྔ”ཡག་པོ་བསྒྲུབ་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ་དང་། ལྷག་པར་དུ་ཚན་རྩལ་གསར་གཏོད་དང་། ལྗང་མདོག་འཕེལ་རྒྱས། འཛད་སྤྱོད་དངུལ་རྩ་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དམིགས་སའི་རང་བཞིན་དང་གནད་འཁེལ་རང་བཞིན་སྔར་ལས་མཚོན་ཐུབ་པ་བྱེད་རྒྱུ་རེད།

གཙོ་གནད་ལས་འགན་ལ་བལྟས་ན།“འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བའི”ཐོག་ནས་འཛད་སྤྱོད་ཀྱི་སྒུལ་ཤུགས་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱེད་པ་མཚོན་ཡོད། རང་རྒྱལ་གྱི་འཛད་སྤྱོད་བར་སྟོང་རྒྱ་ཆེ་ལ་སྦས་ཤུགས་ཧ་ཅང་ཆེ། འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ་བརྒྱུད། “གསར་པ་གཉིས”ཀྱི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྣེ་མང་ཅན་གྱི་འཛད་སྤྱོད་རྣམ་པ་གསར་གཏོད་བྱེད་པ། རིག་གནས་ཡུལ་སྐོར་སོགས་ཞབས་ཞུའི་འཛད་སྤྱོད་ཇེ་མཐོར་བཏང་སྟེ། རང་རྒྱལ་གྱི་འཛད་སྤྱོད་སྦས་ཤུགས་སྔར་ལས་འདོན་སྤེལ་ལེགས་པོ་བྱེད་རྒྱུ་རེད།   དཔེར་ན། རང་རྒྱལ་གྱི་ལོ60ཡན་གྱི་མི་གྲངས་དུང་ཕྱུར3ཙམ་ཟིན་པ་དང་། ལས་འཁྱུར་ངལ་གསོ་བྱས་པའི་མི་སྣའི་གཞི་རྩའི་རྒན་གསོ་མ་དངུལ་དང་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་མ་དངུལ་འོས་འཚམ་སྒོས་ཇེ་མཐོར་གཏོང་བ།  རྒན་པར་འཚམ་པའི་ཐོན་རྫས་ཀྱི་ཞབས་ཞུ་སྔར་ལས་མང་པོ་མཁོ་འདོན་བྱེད་པ། དངུལ་ལོར་འགྲེམས་གཏོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། རྒན་པའི་འཚོ་བའི་སྤུས་ཚད་ནུས་ལྡན་སྒོས་ཇེ་མཐོར་གཏོང་རྒྱུ་དེ་ནི། དཔལ་འབྱོར་འཕེལ་རྒྱས་བཏང་ནས་དམངས་འཚོར་ཕན་པའི་ཕྱོགས་གལ་ཆེན་ཞིག་རེད།

སང་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་མཇུག་བསྒྲིལ་བའི་ལོ་ཡིན་པས། སང་ལོའི་དཔལ་འབྱོར་བྱ་བ་ཡག་པོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། ལས་དོན་བསྒྲུབ་རྒྱུ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་པ།  ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ། འབད་འབུངས་ཆེར་བསྐྱེད་བཅས་བྱས་ཏེ། ཕྱོགས་སོ་སོའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་འགྱུར་བར་བྱེད་པ་དང་། སྤུས་ཚད་མཐོ་བའི་ངང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་ཏེ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།