ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་བརྗོད།
ཉིན་འགའི་སྔོན་ལ་བསྡུས་པའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོའི་ཏང་གིས་དཔལ་འབྱོར་བྱ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཕྱོགས་སྡོམ་དང་ཞུན་བརྡར་བྱས་ཏེ། ངེས་པར་དུ་ཕན་ནུས་ཅན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་། སྤྱིའི་འདོན་སྤྲོད་དང་སྤྱིའི་དགོས་མཁོ། སྒུལ་ནུས་གསར་བ་སྐྱེད་སྲིང་དང་སྒུལ་ནུས་རྙིང་བ་གསར་སྒྱུར་བྱེད་པ། འཕར་ཚད་ཇེ་ལེགས་དང་ཉར་ཚད་གསེད་བཀྲོལ་བྱེད་པ། སྤུས་ཚད་དང་གྲངས་ཚད་མཐོར་འདེགས་གཏོང་བ་བཅས་ཀྱི་འབྲེལ་བ་གཙོ་བོ་ལྔ་གཅིག་འདོམས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཚན་རིག་གི་ཁྲིད་སྟོན་འདོན་སྤྲོད་བྱས།
ངེས་པར་དུ་གཅིག་འདོམས་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་བའི་དཔལ་འབྱོར་འཕེལ་རྒྱས་ཆོས་ཉིད་ཐད་བཏོན་པའི་ཆོད་གཏམ་གལ་ཆེན་ཞིག་ཡིན་ལ། དེ་སྔར་ཡོད་ལག་ལེན་གྱི་ཕྱོགས་སྡོམ་དང་མ་འོངས་འཕེལ་རྒྱས་ཀྱི་ཁྲིད་སྟོན་ཡིན་པས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སྔར་ལས་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་བཏང་། ང་ཚོས་ངེས་པར་དུ་ཕན་ནུས་ཅན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་གི་འབྲེལ་བ་གཅིག་འདོམས་བྱེད་པ་དང་། དེ་ནི་ལྷོད་ཐུབ་པ་དང་སྡོམ་ཐུབ་པའི་དཔལ་འབྱོར་སྒྲིག་སྲོལ་གྱི་འགག་རྩ་ཡིན་པ། ངེས་པར་དུ་སྤྱིའི་འདོན་སྤྲོད་དང་སྤྱིའི་དགོས་མཁོའི་འབྲེལ་བ་གཅིག་འདོམས་བྱེད་པ་དང་། དེ་རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་གེགས་མེད་ཡོང་བའི་རྨང་གཞི་གཙོ་བོ་ཡིན་པ། ངེས་པར་དུ་སྒུལ་ནུས་གསར་བ་སྐྱེད་སྲིང་དང་སྒུལ་ནུས་རྙིང་བ་གསར་སྒྱུར་གྱི་འབྲེལ་བ་གཅིག་འདོམས་བྱེད་པ་དང་། དེ་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་སྒུལ་ཤུགས་ཡིན་པ། ངེས་པར་དུ་འཕར་ཚད་ཇེ་ལེགས་དང་ཉར་ཚད་གསེད་བཀྲོལ་གྱི་འབྲེལ་བ་གཅིག་འདོམས་བྱེད་པ་དང་། དེ་ཐོན་ཁུངས་སྒྲིག་བཀོད་ཀྱི་ལས་ཆོད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན་པ། ངེས་པར་དུ་སྤུས་ཚད་མཐོར་འདེགས་དང་སྤྱི་འབོར་ཇེ་མང་གཏོང་བའི་འབྲེལ་བ་གཅིག་འདོམས་བྱེད་པ་དང་། དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དངོས་པོའི་རྨང་གཞི་སྲ་བརྟན་དུ་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་པ་བཅས་གསལ་བོར་རྟོགས་དགོས།
རང་རྒྱལ་གྱི་དཔལ་འབྱོར་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་དུས་རིམ་དུ་གནས་པས། དཀའ་སེལ་འགག་སྒྲོལ་གྱི་དུས་སྐབས་འདིར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་དང་། ཚན་རིག་གི་བྱེད་ཐབས་ཁོང་དུ་ཆུད་པ། བྱ་བ་བསྒྲུབ་པའི་རང་འགུལ་འདུ་ཤེས་མཐོར་འདེགས་གཏོང་དགོས། ང་ཚོས་ངེས་པར་དུ་གཅིག་འདོམས་བྱེད་པ་ལྔ་དམ་འཛིན་དང་བེད་སྤྱོད་བྱས་ནས། དུས་རབས་གསར་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་དེ་དཔལ་འབྱོར་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་ལག་བསྟར་དོན་འཁྱོལ་བྱེད་དགོས།
འདིར་སྤྱིའི་འདོན་སྤྲོད་དང་སྤྱིའི་དགོས་མཁོའི་འབྲེལ་བ་གཅིག་འདོམས་ལེགས་པོ་བྱེད་པ་དཔེར་བླངས་ནས་དབྱེ་ཞིབ་དང་རྒྱུས་ལོན་ཞིབ་མོ་བྱ།
རང་རྒྱལ་ལ་གོ་ལ་ཧྲིལ་བོའི་གཞི་ཁྱོན་ཆེས་ཆེ་ཞིང་རིགས་སྣ་ཆེས་འཛོམས་པའི་བཟོ་སྐྲུན་ལས་རིགས་ཀྱི་མ་ལག་ཡོད་པས། བཟོ་ལས་ཐོན་རྫས་གཙོ་བོ་རིགས་ལྔ་བརྒྱའི་ཁྲོད། ཐོན་རྫས་རིགས220ཡི་ཐོན་ཚད་འཛམ་གླིང་གི་ཨང་དང་པོར་སླེབས། འདོན་སྤྲོད་ནུས་པ་དྲག་པོས་རང་རྒྱལ་ཕྱི་ཕྱོགས་ཉོ་ཚོང་བརྟན་པོས་འཕར་བ་དང་། དངོས་ཟོག་ཕྱིར་གཏོང་གི་རྒྱལ་སྤྱིའི་ཁྲོམ་རའི་ཡོང་འབབ་བསྟུད་མར་ལོ་བཅོ་ལྔའི་རིང་འཛམ་གླིང་གི་ཨང་དང་པོར་སླེབས་པར་འདེགས་སྐྱོར་བྱེད་ཅིང་། སྤུས་ཚད་མཐོ་བའི་འདོན་སྤྲོད་ལ་བརྟེན་ནས་ཕན་ནུས་ལྡན་པའི་དགོས་མཁོ་བསྐྲུན་ཏེ། དཔལ་འབྱོར་འཕར་སྣོན་ཡོང་བར་སྒུལ་ཤུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས།
འདོན་སྤྲོད་ཀྱིས་དགོས་མཁོ་བསྐྲུན་པ་སྟེ། འདོན་སྤྲོད་མ་ལག་གི་སྤུས་ཚད་དང་ལས་ཆོད་ནུས་ཤུགས་ཡོད་རྒུས་མཐོར་འདེགས་བཏང་ཚེ། དགོས་མཁོ་གསར་བ་བསྐྱེད་ཐུབ། ནུས་ཁུངས་གསར་བའི་རླངས་འཁོར་ཐོན་ལས་དཔེར་བླངས་ན། ལོ་ཧྲིལ་བོའི་རླངས་འཁོར་ཐོན་ཚད་ཁྲི་ལས་བརྒལ་བ་ནས་ལོ་འཁོར་གྱི་ཐོན་ཚད་ཐོག་མར་ས་ཡར་སླེབས་པར་ལོ་དྲུག་ལས་འགོར་མེད། ལོ་ངོ་དྲུག་གི་དུས་ཚོད་བེད་སྤྱད་དེ། རང་རྒྱལ་གྱི་ནུས་ཁུངས་གསར་བའི་རླངས་འཁོར་ཐོན་ལས་ཀྱི་ལོ་རེའི་ཐོན་ཚད་ས་ཡ་ནས་འབུམ་ལ་བར་བརྒལ་བྱས། ཟླ་བདུན་པའི་ཚུན་ལ། ནུས་ཁུངས་གསར་མའི་རླངས་འཁོར་གྱི་སིལ་འཚོང་ཚད་དེ་འབར་སྣུམ་རླངས་འཁོར་ལས་བརྒལ་མགོ་བརྩམས། ནུས་ཁུངས་གསར་མའི་རླངས་འཁོར་ལ་ཁྲོམ་རའི་དགའ་བསུ་ཐོབ་ནས་ཐོན་ཚད་མང་དོན་ནི་ཕྱོགས་གཅིག་ནས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་བ་དང་། ཕྱོགས་གཞན་ཞིག་ནས་མི་དམངས་མང་ཚོགས་ཀྱི་སྤུས་ལེགས་འཚོ་བའི་རེ་འདོད་དང་བསྟུན་ཅི་ཐུབ་བྱས་པའི་རྐྱེན་རེད།
འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྙིང་བོ་ནི་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དེ་རེད། ཐེངས་འདིའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་སྟེང་ཚན་རྩལ་གསར་གཏོད་ཀྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་པར་གཞིགས་ནས་བཀོད་སྒྲིག་གལ་ཆེན་བྱས་པ་དང་། ལག་རྩལ་གསར་བ་དང་ཐོན་རྫས་གསར་བ། རྣམ་པ་གསར་བ་དང་གཞི་ཁྱོན་ཆེ་བ་བཅས་ཀྱི་བེད་སྤྱོད་དཔེ་སྟོན་འགུལ་སྐྱོད་སྤེལ་དགོས་པ་བཏོན། མ་འོངས་པར་ཁ་ཕྱོགས་ན། སྤུས་ཚད་མཐོ་བའི་འདོན་སྤྲོད་ལ་བརྟེན་ནས་འཛད་སྤྱོད་ཀྱི་དགོས་མཁོ་གསར་བ་བསྐྲུན་པ་དང་། འཛད་སྤྱོད་ཀྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་བཏང་ཚེ། འཁོར་རྒྱུག་རྣམ་པ་ལེགས་པོ་དང་མཉམ་སྡེབ་ཤུགས་འདོན་བྱེད་ཐུབ།
དགོས་མཁོ་ཡིས་འདོན་སྤྲོད་ལ་སྣེ་ཁྲིད་བྱེད་པ། ཉེ་བའི་ལོ་འགའི་རིང་། ཏང་ཀྲུང་དབྱང་གིས་ནང་མཁོ་རྒྱ་སྐྱེད་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་ལ་གཅིག་འདོམས་བྱས་པ་དང་། ནང་མཁོ་རྒྱ་སྐྱེད་པའི་འཐབ་ཇུས་ཀྱི་གཞི་རྩ་དམ་འཛིན་ནན་མོ་བྱས་ཏེ། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོ་སྔར་ལས་གེགས་མེད་ཡོང་བ་དང་། ཕྱི་ནང་ཁྲོམ་རའི་སྦྲེལ་མཐུད་སྔར་ལས་ནུས་མཐོར་འགྱུར་བར་སྐུལ་འདེད་བཏང་། ལྷག་པར་དུ་ད་ལོའི་ཚུན་ལ། ལྕི་མོ་གཉིས་དང་གསར་བ་གཉིས་ཀྱི་སྲིད་ཇུས་ཀྱིས་རྒྱུན་མཐུད་སྒོས་ཤུགས་བཏོན་ནས། འཛད་སྤྱོད་ཀྱི་སྦས་ཤུགས་བཏོན་ཞིང་དངུལ་གཏོང་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱས། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ཡི་སྲིད་ཇུས་གསར་བས་སྤྱིའི་ཆ་ནས་འབྲེལ་ཡོད་ཐོན་རྫས་ཀྱི་ཕྱིར་འཚོང་ཡོང་འབབ་ཁྲི་དུང་ཕྱུར་གཅིག་ལས་བརྒལ་བར་སྐུལ་ཁྲིད་བྱས། ཟླ་དང་པོ་ནས་ཟླ་བཅུ་པའི་བར། རྒྱལ་ཡོངས་འགུལ་མེད་རྒྱུ་ནོར་གྱི་དངུལ་གཏོང་ཚད་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་གསུམ་དང་གྲངས་ཆུང་བཞི་འཕར། དེའི་ཁྲོད། རྨང་གཞིའི་སྒྲིག་བཀོད་ཀྱི་དངུལ་གཏོང་ཚད་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་བཞི་དང་གྲངས་ཆུང་གསུམ་འཕར་བ་དང་། ཟླ་སྔོན་མ་དགུ་དང་བསྡུར་ན་བརྒྱ་ཆའི་གྲངས་གྲངས་ཆུང་གཉིས་ལས་མགྱོགས། བཟོ་སྐྲུན་ལས་རིགས་ཀྱི་དངུལ་གཏོང་ཚད་བརྒྱ་ཆའི་དགུ་དང་གྲངས་ཆུང་གསུམ་ལས་འཕར་བ་དང་། ཟླ་སྔོན་མ་དགུ་དང་བསྡུར་ན་བརྒྱ་ཆའི་གྲངས་གྲངས་ཆུང་གཅིག་གིས་མགྱོགས།
ཐེངས་འདིའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་སྟེང་སང་ལོའི་དཔལ་འབྱོར་བྱ་བའི་ལས་འགན་བཀོད་སྒྲིག་བྱས་པ་དང་། རིམ་པ་དང་པོ་ནི་ནུས་ཤུགས་ཡོད་རྒུས་འཛད་སྤྱོད་གོང་སྤེལ་གཏོང་བ་དང་། དངུལ་གཏོང་ཁེ་ཕན་མཐོར་འདེགས་གཏོང་བ། དུས་རྣམ་ཀུན་ཏུ་རྒྱལ་ནང་དགོས་མཁོ་རྒྱ་བསྐྱེད་པ་དེ་ཡིན་ལ། དེས་སྤྱིའི་འདོན་སྤྲོད་དང་སྤྱིའི་དགོས་མཁོར་ནུས་མཐོས་གཅིག་འདོམས་བྱེད་པ་དང་། དཔལ་འབྱོར་ཆོས་ཉིད་བཀོལ་སྤྱོད་གཏིང་ཟབ་བྱས་པ་མངོན་ཡོད། འཛད་སྤྱོད་ཀྱི་ཆེད་དོན་འགུལ་སྐྱོད་གོང་སྤེལ་གཏོང་བ་དང་། གསར་བ་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ། ལྕི་མོ་གཉིས་ཀྱི་ལས་གཞིར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་པ། སྲིད་ཇུས་ཀྱི་བྱེད་ཐབས་འདི་དག་མིག་སྔར་ལ་རྐང་བཙུགས་ཤིང་མིག་རྒྱང་རིང་བ་ཞིག་ཡིན་པས། ངེས་པར་དུ་ནང་མཁོའི་སྦས་ནུས་སྐུལ་སྤེལ་ནུས་ལྡན་བྱེད་པ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་མོ་སྟོབས་ཆེར་བཏང་སྟེ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་ལ་སྐུལ་ཁྲིད་ལེགས་པོ་བྱེད་སྲིད།
མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་དཀའ་ཁག་དང་འགྲན་སློང་མང་པོར་འཕྲད་ཡོད་ལ། རྒྱལ་ནང་གི་དགོས་མཁོ་མི་འདང་བས། ཕྱི་ཕྱོགས་དགོས་མཁོར་རྒྱལ་སྤྱིའི་གནས་བབ་ཀྱི་གཏན་འཇགས་མིན་ལ་གཏན་འཁེལ་མིན་པའི་རྒྱུ་རྐྱེན་མང་པོ་ཞིག་གི་ཤུགས་རྐྱེན་ཐེབས་ཀྱིན་ཡོད། ངེས་པར་དུ་ནང་མཁོ་རྒྱ་སྐྱེད་པ་དེ་དཔལ་འབྱོར་བརྟན་བརླིང་ལ་འབྲེལ་བར་མ་ཟད་དཔལ་འབྱོར་བདེ་འཇགས་ལའང་འབྲེལ་ཡོད་པས། སྐབས་བསྟུན་བྱེད་ཐབས་མ་ཡིན་པར་འཐབ་ཇུས་ཀྱི་བྱེད་ཐབས་ཡིན། རྒྱབ་ལྗོངས་འདི་འདྲའི་འོག་ཏུ་སྤྱིའི་འདོན་སྤྲོད་དང་དགོས་མཁོའི་འབྲེལ་བ་གཅིག་འདོམས་ལེགས་པོ་བྱེད་པ་དེ་དགོས་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད།
ལག་ལེན་ལས་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་སྐྱོད་རྣམ་པ་ལེགས་པོ་མངོན་པར་ངེས་པར་དུ་མཁོ་འདོན་གཞོགས་གཉིས་ཀྱིས་མཉམ་སྡེབ་ཤུགས་འདོན་དང་འགུལ་རྣམ་དོ་སྙོམས་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་གཅིག་ནས་འདོན་སྤྲོད་ཕྱོགས་དམ་པོར་འཛིན་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་རྒྱུན་མཐུད་སྒོས་ཟབ་སྤེལ་བྱེད་ཅིང་། ཡར་ཐོན་ཡོད་ལ་ཕྱིར་སྣུར་ཡོད་པ་དང་། རྒྱུན་སྲུང་ཡོད་ལ་གནོན་ཤུགས་ཀྱང་ཡོད་པས། འདོན་སྤྲོད་དང་མཁོ་འདོན་གྱི་འཚམ་པའི་རང་བཞིན་དང་དོ་སྙོམས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ཕྱོགས་གཅིག་ནས་དགོས་མཁོ་ཕྱོགས་ལ་དམིགས་ནས། ནང་མཁོ་དང་ལྷག་པར་དུ་འཛད་སྤྱོད་ཀྱི་མི་འདང་ས་མགྱོགས་མྱུར་སྒོས་ཁ་གསབ་བྱས་ཏེ། ནང་མཁོ་དེ་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོར་འགྱུར་བར་བྱེད་དགོས།
ཆོས་ཉིད་ལྟར་བྱ་བ་བསྒྲུབ་ན། ད་གཟོད་བྱ་བའི་ཕན་འབྲས་དང་གྲུབ་འབྲས་ལེགས་པོ་ལེན་ཐུབ། ངེས་པར་དུ་གཅིག་འདོམས་བྱེད་པ་ལྔ་ནི་དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གལ་ཆེན་ཞིག་ཡིན་པས་དམ་འཛིན་ནན་མོ་བྱེད་དགོས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་བཟང་པོ་བྱས་ནས། གོ་བ་ཟབ་མོ་ལེན་པ་དང་བེད་སྤྱོད་ལེགས་པོ་བྱེད་ཅིང་། ཚན་རིག་གི་བྱེད་ཐབས་སྤྱད་ནས་དཔལ་འབྱོར་བྱ་བ་འཆར་འགོད་བྱེད་པ་དང་དཔལ་འབྱོར་བྱ་བར་སྐུལ་འདེད་བཏང་ཚེ། ང་ཚོས་འཕེལ་རྒྱས་ཀྱི་རང་འགུལ་ཁོང་དུ་ཆུད་པར་བྱས་ནས་ཡུན་རིང་ལག་བསྟར་བྱེད་ཐུབ།
ལྷ་མོ་འཚོས་བསྒྱུར།