སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་དགོས།
2024.12.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པ།

སང་ལོའི་དཔལ་འབྱོར་བྱ་བ་ཇི་ལྟར་བསྒྲུབ་དགོས་སམ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ནས་སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་བཏོན་ཡོད།  མིག་སྔར་གལ་ཆེ་བ་ནི། གཅིག་ནས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་དགོངས་པར་གོ་བ་ཡང་དག་ལེན་དགོས་པ་དང་། གཉིས་ནས་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཏེ་བླང་བྱ་སྣ་ཚོགས་སང་ལོའི་དཔལ་འབྱོར་བྱ་བ་ཡག་པོར་བསྒྲུབ་པའི་ཐད་དོན་འཁྱོལ་ཅི་ཐུབ་བྱེད་དགོས།

“བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ”།  “སྔར་ལས་དགེ་མཚན་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་པ།  རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བ། ཚན་རྩལ་གསར་སྐྲུན་དང་ཐོན་ལས་གསར་སྐྲུན་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  སྡོད་ཁང་དང་མ་རྐང་ཁྲོམ་ར་བརྟན་པོ་ཡོང་བར་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་ཕྱི་ཕྱོགས་ཀྱི་གནོན་ཤུགས་འགོག་སེལ། སྔོན་དཔག་བརྟན་པོ་དང་གསོན་ཤུགས་འཕེལ་བར་བྱེད་པ”སོགས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ལས་སང་ལོའི་དཔལ་འབྱོར་བྱ་བ་ཡག་པོར་བསྒྲུབ་པའི་ཐད་སྤྱིའི་བླང་བྱ་བཏོན་པ་དང་།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་སང་ལོའི་དཔལ་འབྱོར་བྱ་བའི་ཐད་ཀྱི་འཆར་འགོད་དང་བསམ་གཞིག་སྙིང་བསྡུས་བྱས་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་སྤུས་ཚད་མཐོན་པོས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པ་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཡག་པོ་ཞིག་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས།

དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལ་ཁྲིད་ཕྱོགས་ཀྱི་ནུས་པ་ཆེན་པོ་ལྡན་ཞིང་། ཚོགས་འདུ་ལས་སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་བཏོན་པ་དང་། དཔལ་འབྱོར་བརྟན་བརླིང་ངང་འཕར་བ་རྒྱུན་འཁྱོངས་དང་། ལས་ཞུགས་དང་དངོས་གོང་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བ་རྒྱུན་འཁྱོངས་བཅས་བྱས་ཏེ། སྡོད་དམངས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བ་དང་དཔལ་འབྱོར་འཕར་བ་གཉིས་གོམ་སྟབས་གཅིག་མཚུངས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། དེ་ནི་རྟོག་ཞིབ་གཏིང་ཟབ་བྱས་པ་དང་། ཞིབ་འཇུག་དང་བརྡར་ཤ་ཡང་དག་བཅད་པ། ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་པའི་རྨང་གཞིའི་ཐོག་བཏོན་པ་ཞིག་ཡིན་ཞིང་། མིག་སྔར་ལ་བསམ་གཞིག་བྱས་ཡོད་ཅིང་ཕུགས་ལའང་དམིགས་ཏེ་དཔལ་འབྱོར་རྒྱུན་མཐུད་ངང་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བའི་བརྡ་རྟགས་གསལ་པོ་བསྟན་པར་མ་ཟད། གདེང་ཚོད་རབ་འཕེལ་དང་ངར་ཤུགས་སྐུལ་སློང་ནུས་ལྡན་ཡང་བྱས་ཡོད། དཔལ་འབྱོར་འཕར་སྣོན་ནི་འབྲེལ་བ་རང་བཞིན་ཆེ་བའི་རྨང་གཞིའི་རང་བཞིན་གྱི་དམིགས་ཚད་ཅིག་ཡིན་ཞིང་། ལས་ཞུགས་བརྟན་པོ་དང་། ཉེན་ཁ་སྔོན་འགོག དམངས་འཚོར་ཕན་པ། ཡིད་ཆེས་བརྟན་པོ་བཅས་དང་། ཡང་ན་ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་ལྡོག་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་། འཕེལ་རྒྱས་གཏོང་བའི་ཁྲོད་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་སྐབས་དཔལ་འབྱོར་འཕར་སྣོན་གྱི་མྱུར་ཚད་ངེས་ཅན་ཞིག་རྒྱུན་འཁྱོངས་བྱེད་དགོས། འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། དངོས་གོང་བརྟན་པོ་བཅས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་པ་དང་དུས་མཚུངས་སུ“བརྟན་ཐོག་ཡར་འཕེལ་དང་ཡར་རྒྱས་ལ་བརྟེན་ནས་བརྟན་པོར་སྐུལ་འདེད་གཏོང་བ་དང་།  བདེན་སྲུང་གསར་གཏོད་དང་སྔོན་འཛུགས་རྗེས་གཏོར། མ་ལག་འདུས་གྲུབ་དང་མཐུན་སྦྱོར་གཞོགས་འདེགས་བཅས་བྱེད་དགོས་པའི”བླང་བྱ་བཏོན་ནས།  སང་ལོའི་དཔལ་འབྱོར་བྱ་བ་ཡག་པོར་བསྒྲུབ་པར་གཙོ་གནད་ཁ་ཕྱོགས་གསལ་སྟོན་བྱས་པ་དང་ཚན་རིག་དང་མཐུན་པའི་བརྟག་ཐབས་སྨྲ་བ་མཁོ་འདོན་བྱས་ཡོད།

ཚན་རིག་དང་མཐུན་ཞིང་གོ་ཆོད་པའི་སྤྱི་ཁོག་སྙོམས་སྒྲིག་ནི་དཔལ་འབྱོར་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་འགན་སྲུང་གལ་ཆེན་རེད། ཚོགས་འདུ་ལས་སང་ལོར“སྔར་ལས་དགེ་མཚན་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་དགོས”ཞེས་ནན་གྱིས་བསྟན་ཡོད། དགེ་མཚན་སྔར་ལས་ཆེ་བའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་ཏེ།  ནོར་སྲིད་མཚལ་ཡིག་གི་ཚད་གཞི་མཐོ་རུ་གཏོང་བ་དང་། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་འགྲེམས་ཚད་ཇེ་མང་དུ་གཏོང་བ། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་ལོར་འགྲེམས་སྤེལ་དང་བེད་སྤྱོད་བྱེད་ཚད་ཇེ་མང་དུ་གཏོང་བ་བཅས་གསལ་བོར་བཏོན་ཡོད།  དངུལ་ལོར་སྲིད་ཇུས་ཀྱི་དགོངས་གཞི་དེ “བརྟན་པོ”ནས“འོས་འཚམ་གྱིས་ཇེ་ལྷོད་དུ་གཏོང་བར”ལེགས་སྒྲིག་བྱས་པ་ནི་ལོ་བཅུ་བཞིའི་རིང་གི་ཐེངས་དང་པོ་རེད།   སྤྱི་ཁོག་སྙོམས་སྒྲིག་གི་དགོངས་གཞིར་འགྱུར་ལྡོག་ཆེན་པོ་བྱུང་བའི་རྒྱུ་མཚན་གཙོ་བོ་ནི་མིག་སྔའི་ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཆེ་རུ་སོང་བ་དང་། རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་ཐད་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་དང་འཕྲད་ཡོད་པས། སང་ལོའི་དཔལ་འབྱོར་བྱ་བ་ཡག་པོར་བསྒྲུབ་དགོས་ན། ངེས་པར་དུ་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་དང་ཧུར་བརྩོན་ཆེན་པོས་ལས་དོན་བསྒྲུབ་སྟེ་དུས་འཁོར་ལྡོག་པ་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཀྱི་བྱེད་ཐབས་སྔར་ལས་འཐུས་ཚང་དུ་བཏང་ནས་དཔལ་འབྱོར་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད་སྲིད་ཇུས་ཀྱི་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནི་མ་ལག་ཚང་བའི་བཟོ་འགོད་ཅིག་ཡིན་པས།  སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་ཀྱི་གཅིག་གྱུར་རང་བཞིན་ཆེ་རུ་བཏང་ཚེ། གཞི་ནས་སྲིད་ཇུས་སྣ་ཚོགས་ཀྱིས་ཕྱོགས་གཅིག་ལ་ཤུགས་འདོན་པ་དང་། མཉམ་ཤུགས་ཆགས་པ། གནད་སྨིན་ནུས་ལྡན་བཅས་བྱུང་སྟེ་སྤྱི་ཁོག་སྲིད་ཇུས་ཀྱི་ཕན་ནུས་རང་བཞིན་ཇེ་མཐོར་སོང་ནས། གཉེར་སྐྱོང་གཙོ་བོར་བརྡ་རྟགས་གསལ་པོ་སྤྲོད་ཐུབ་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད།

མ་ལག་འདུས་གྲུབ་དང་། མཐུན་སྦྱོར་གཞོགས་འདེགས་རྒྱུན་འཁྱོངས། སྲིད་ཇུས་ཀྱི་སྡོམ་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་ཕན་ནུས་ཧྲིལ་པོ་ཆེ་རུ་གཏོང་བ་བཅས་བྱེད་དགོས་ན། ཕྱོགས་གཅིག་ནས་ནོར་སྲིད་དང་། དངུལ་ལོར། ལས་ཞུགས། ཐོན་ལས།  ས་ཁོངས། ཉོ་ཚོང་། ཁོར་ཡུག་སྲུང་སྐྱོབ། ལྟ་སྐུལ་དོ་དམ་སོགས་ཀྱི་སྲིད་ཇུས་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་བྱེད་ཐབས་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྡེ་ཁག་བར་མཐུན་སྦྱོར་ལེགས་པོ་བྱེད་པ་དང་། གྲོས་མོལ་ལྡོག་སྐྱེལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཕྱོགས་གཞན་ཞིག་ནས་དཔལ་འབྱོར་སྲིད་ཇུས་དང་དཔལ་འབྱོར་རང་བཞིན་མིན་པའི་སྲིད་ཇུས་གཅིག་གྱུར་བྱེད་རྒྱུ་དེ་སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་གྱི་དཔྱད་དཔོག་ཁྲོད་འཇོག་པ་དང་།  སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་པའི་གོ་རིམ་ཧྲིལ་པོར་གཅིག་གྱུར་འཆར་འགོད་བྱས་ཏེ། སྲིད་ཇུས་ཀྱི་དམིགས་འབེན་དང་། ཡོ་བྱད། གོ་སྐབས། ཤུགས་ཚད་བཅས་ཀྱི་སྙོམས་སྒྲིག་བྱེད་ཚད་མཐོ་རུ་གཏོང་བ་དང་། སྲིད་ཇུས་དེ“ཐོག་མའི་འགག་གནད”ནས“མཐའ་མའི་འགག་གནད”བར་འབྲེལ་མཐུད་དང་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས།

མིག་སྔར་གསོག་འབོར་སྲིད་ཇུས་དང་འཕར་ཚད་སྲིད་ཇུས་ཀྱིས་རྒྱུན་མཐུད་ངང་ཤུགས་འདོན་བཞིན་ཡོད་པས།  སྤྱི་ཁོག་སྲིད་ཇུས་ལ་རྒྱུན་མཐུད་ཕན་འབྲས་ཐོན་པ་དང་བཅོས་སྒྱུར་བྱེད་ཐབས་རྒྱུན་མཐུད་དོན་འཁྱོལ་བྱུང་སྟེ། དཔལ་འབྱོར་འཁོར་རྒྱུག་ཁྲོད་ཀྱི་མཐུན་རྐྱེན་དང་ཕན་ཡོད་ཆ་རྐྱེན་རྒྱུན་ཆད་མེད་པར་གསོག་འཇོག་ཐུབ་པ་བྱུང་ཡོད།  རང་རྒྱལ་གྱི་སྤྱི་ཁོག་སྙོམས་སྒྲིག་གི་མངོན་གསལ་དོད་པའི་དགེ་མཚན་དང་ནུས་པ་ཆེན་པོ་འདོན་སྤེལ་གང་ལེགས་བྱས་ནས་རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། ནུས་ལྡན་རང་བཞིན་བཅས་ཇེ་མཐོར་བཏང་ནས། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།

སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ལྕི་བ་དང་། གནོན་ཤུགས་ཆེ་བ། འགྲན་སློང་མང་བ་བཅས་ཡིན་པས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དམིགས་འབེན་གྱིས་སྣེ་ཁྲིད་ལ་མཐོང་ཆེན་བྱེད་པ་དང་། སྲིད་ཇུས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ། བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་ཤུགས་སྣོན་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་སྤྱད་འབད་སྒྲུབ་བཅས་ཀྱི་ཐོག་ནས། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱས་ཏེ་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།