
ཐེམ་ཆེན་རྫོང་པུ་དབྱངས་ཕྱུགས་ཐོན་ཁེལ་འཐག་ཆེད་ལས་མཉམ་ལས་ཁང་གི་འགོ་གཙོ་ཚེ་རིང་སྒྲོལ་དཀར་གྱི་གནས་ཚུལ་ཆེད་བཀོད།
ཐེམ་ཆེན་རི་བོའི་འདབས་རོལ་དུ་གནས་པའི་ཐེམ་ཆེན་རྫོང་དུ་མིང་ལ་ཚེ་རིང་སྒྲོལ་དཀར་ཟེར་བའི་ཡུལ་དེའི་མི་ཚང་མར་རྒྱུས་མངའ་ཡོད་པའི་བུད་མེད་ཅིག་ཡོད་དེ། ཁོ་མོ་ཡང་ཆེས་སྤྱིར་བཏང་གི་འབྲོག་ཁྱིམ་ཞིག་ནས་སྐྱེས་ཀྱང་། སྤྱིར་བཏང་མ་ཡིན་པའི་བྱ་གཞག་ཞིག་ལ་འབད་བཞིན་མཆིས། ཚེ་རིང་སྒྲོལ་དཀར་ནི་ཐེམ་ཆེན་རྫོང་པུ་དབྱངས་ཕྱུགས་ཐོན་ཁེལ་འཐག་མཉམ་ལས་ཁང་གི་འགན་འཁུར་བ་ཞིག་ཡིན་པའི་ངོས་ནས་མཚོ་སྔོན་ཞིང་ཆེན་དུ་སྐད་གྲགས་ཆེ་བར་མ་ཟད། མོའི་ཕུལ་དུ་བྱུང་བའི་འགོ་ཁྲིད་ནུས་པ་དང་ཕྱུགས་ལས་ཀྱི་ཆ་རྒྱུས་ཟབ་མོ་ཡོད་པའི་འཇོན་ནུས་དང་བརྩོན་སེམས་ལ་ཀུན་གྱི་གོང་བཀུར་དང་བསྔགས་བརྗོད་ཐོབ་ཡོད། ཐེངས་འདིར་སྟབས་ལེགས་ནས་ང་ཚོས་ཁོ་མོར་ཆེད་དུ་བཅར་འདྲི་བྱས་ཏེ། ས་འདི་གའི་མི་ཀུན་གྱི་མིག་དཔེ་ལྟ་བུར་གྱུར་བའི་ཕྱུག་འགྱུར་སྣེ་ཁྲིད་མཁན་དེའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་མྱོང་རོལ་དང་ཤེས་རྟོགས་གཏིང་ཟབ་བྱེད་པའི་སྐལ་བ་བྱུང་། ཚེ་རིང་སྒྲོལ་དཀར་ཆུང་དུས་ནས་ཕྱུགས་ལས་ལ་སྤྲོ་སྣང་དང་དགའ་ཞེན་ཆེན་པོ་ཡོད། ཁོ་མོ་འཚར་ལོངས་བྱུང་བའི་ལོ་ཟླའི་ནང་ཁོ་མོས་ཕ་ཡུལ་གྱི་ཕྱུགས་ལས་འཕེལ་རྒྱས་ཀྱི་དཀའ་ཚེགས་དང་འགྲན་སློང་དངོས་སུ་མཐོང་བྱུང་བ་དང་། འབྲོག་པ་ཚོའི་འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་བའི་རེ་འདོད་ལའང་མྱོང་ཚོར་ཟབ་མོ་བྱུང་ཡོད། དེ་ལས་ཁོ་མོ་རྗེས་ཕྱོགས་བློ་བརྟན་འགྱུར་མེད་ངང་ཕྱུགས་ལས་འཕེལ་རྒྱས་ཁྲོད་ཞུགས་པར་རྨང་གཞི་བརྟན་པོ་བཏིང་། པུ་དབྱངས་མཉམ་ལས་ཁང་གི་འགོ་བ་ཚེ་རིང་སྒྲོལ་དཀར་གྱིས་བཤད་རྒྱུར།

དང་ཐོག་མཉམ་ལས་ཁང་བཙུགས་ནས་གཙོ་བོ་བོད་ལྭ་བཟོ་བའི་བཟོ་ཁང་ཡིན། ད་ལྟའི་བར་ལོ་བཅུ་གཉིས་ཙམ་འགོར་བའི་རིང་ལ། མི་སོ་བདུན་ལྷག་ལ་ལས་ཞུགས་བཀོད་སྒྲིག་བྱས་ཡོད། ཞིང་ཆེན་ནང་ཁུལ་དང་ཞིང་ཆེན་གཞན་པར་སོང་ནས་ཚོང་སྣའི་འགྲེམ་སྟོན་དང་ལག་ཤེས་ཀྱི་གསབ་སྦྱོང་འཛིན་གྲྭ་བསྡུས་ནས་མི་ལྔ་བཅུ་ལྷག་ལ་སློབ་སྦྱོང་བྱེད་དུ་བཅུག་ཡོད། ལོ་འདི་དག་གི་རིང་ལ་ང་ཚོའི་ལས་བཟོ་བ་མང་བོ་ས་ཆ་གང་སར་གསབ་སྦྱོང་སོགས་ལ་ཞུགས་ནས་ཕྱིར་ཡོང་བས། ལག་ཤེས་དང་ཚོང་རྫས་ཀྱི་གསར་གཏོད་ལག་ལེན་ཐད་ནས་ཇེ་བཟང་དུ་སོང་ཡོད། མ་འོངས་པར་ལག་ཤེས་དང་ཞབས་ཞུ་གང་ཡིན་རུང་ཇེ་ལེགས་ནས་ཇེ་བཟང་དུ་གཏོང་འདོད་ཡོད། དེ་ཕན་ནས་ལག་ཤེས་སོགས་གང་ཡིན་རུང་རང་ས་གནས་ཙམ་དུ་མ་ཟད། ནང་ལོགས་སོགས་སུ་སོང་ནས་ཕྱིར་འཚོང་བྱེད་ཐུབ་པའི་འཆར་གཞི་ཡོད།
ཚེ་རིང་སྒྲོལ་དཀར་གྱི་ཆེད་ལས་ནི་བོད་སྨན་སྨན་པ་ཞིག་ཡིན་ལ། 2007ལོར་སློབ་ཆེན་མཐར་ཕྱིན་པ་དང་། 2008ལོར་ཤེས་ཡོན་གྲོང་རྡལ་གྱི་ཞིང་སྡེའི་སྨན་པར་རྒྱུགས་འཕྲོད་ཅིང་། ལོ་ལྔ་ཙམ་ལ་བྱ་བ་སྒྲུབས། 2012ལོའི་ཟླ་བདུན་པར་ཁོ་མོས་འདོད་བློ་མཐུན་པའི་གྲོགས་པོ་སྐོར་ཞིག་གི་སྣེ་ཁྲིད་དེ་ཐེམ་ཆེན་རྫོང་གི་པུ་དབྱངས་ཕྱུགས་ཐོན་ཁེལ་འཐག་མཉམ་ལས་ཁང་བཙུགས་པ་དང་།དེ་ནས་བཟུང་སྨན་པའི་བྱ་བ་བསྐྱུར་ཏེ་ཚོང་གཉེར་གྱི་ལམ་ཁར་བསྙེག་མགོ་བརྩམས།

ཁོ་མོས་བཤད་པ་ལྟར་ན། དང་ཐོག་ཚོང་ལས་ཟེར་བའི་གོ་དོན་ཡང་གསལ་བོར་མི་རྟོགས་པར་རང་གི་དགའ་མོས་ལྟར། རྫོང་དུ་ཁང་བ་གླས་ནས་མཉམ་ལས་ཁང་གི་ཐོན་རྫས་ལ་རྒྱ་རིགས་ཀྱི་ལྭ་བ་བཙོང་མགོ་བརྩམས། དེ་ནས་རིམ་བཞིན་བོད་ལྭ་སོགས་བཙོང་བ་དང་། ནང་ལོག་སོགས་སུ་སློབ་སྦྱོང་ཐེངས་མང་བྱེད་དུ་སོང་བས། རང་ཉིད་ཀྱི་མཉམ་ལས་ཁང་གི་མིང་ལྟར་ཁེལ་འཐག་སོགས་གཙོར་བཟུང་ནས་ལས་ལ་འབད་པར་བྱས། དང་ཐོག་མཉམ་ལས་ཁང་གི་རྒྱ་ཆུང་ལ། ཁོ་མོ་དང་བོད་ལྭ་བཟོ་མཁན་གཉིས་ཀྱིས་མཉམ་ལས་ཁང་གི་བྱ་བ་སྒྲུབ་པ་ཡིན་ལ། དེ་ནས་རིམ་བཞིན་གོང་རིམ་སྲིད་གཞུང་ལ་སྙན་ཞུ་སོགས་བྱས་ནས། གོང་རིམ་སྲིད་གཞུང་གི་རྒྱབ་སྐྱོར་དང་མོ་རང་ཉིད་ཀྱི་འབད་བརྩོན་འོག་མཉམ་ལས་ཁང་གི་གཞི་རྒྱ་སྔར་ལས་ཇེ་ཆེར་གྱུར།

མཉམ་ལས་ཁང་བཙུགས་མ་ཐག་པའི་སྐབས་སུ་མ་དངུལ་མི་འདང་བ་དང་། ལག་རྩལ་རྗེས་ལུས་ཡིན་པ། ཚོང་ར་མེད་པ་སོགས་ཀྱི་དཀའ་ངལ་མང་པོར་འཕྲད་མོད། འོན་ཀྱང་ཚེ་རིང་སྒྲོལ་དཀར་ཕྱིར་བཤོལ་གཏན་ནས་མི་བྱེད་པར་ཁོ་མོས་བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་ལ་བརྟེན་ནས་མཉམ་ལས་ཁང་གི་སྣེ་ཁྲིད་དེ་གོམ་པ་རེ་རེ་བཞིན་དཀའ་ངལ་ལས་སྒྲོལ་ཐུབ་པ་བྱུང་།

སྤྱིར་བྱ་བ་གང་ཞིག་སྒྲུབ་ཀྱང་མགོ་རྩོམ་དཀའ་ལ། རྒྱུན་བསྐྱངས་རྒྱུ་དེ་བས་དཀའ་མོ་ཞིག་རེད། ཁོ་མོས་དཀའ་སྡུག་རབ་དང་རིམ་པ་བརྒྱུད་ནས། མཉམ་ལས་ཁང་དེ་གནས་སྤོར་ཐེངས་བཅུ་ལྷག་བྱས་པ་དང་། དཀའ་སྡུག་མང་པོ་བརྒྱུད་མཐར། སྲིད་གཞུང་གིས་ཁང་བ་ཆེན་པོ་ཞིག་གི་རོགས་སྐྱོར་བྱས་པ་དང་། དེ་ནས་ཁོ་མོས་མཉམ་ལས་ཁང་གི་མིང་ཐོག་ནས་དངུལ་བུན་སྒོར་ས་ཡ་གསུམ་བསྐྱིས་ཏེ། མཉམ་ལས་ཁང་གི་གསོལ་ཁང་གི་ཐོག་ཁང་དེ་ལས་པ་དང་། ཡོད་ཚད་བདེ་ལ་བབས་རྗེས་ཁོ་མོས་ཟ་ཁང་འཁོར་སྐྱོད་བྱེད་པའི་དངུལ་མ་འདང་བས། རང་གི་ཁྱོ་གར་གྲོས་མོལ་བྱས་ཏེ་རང་ཁྱིམ་གྱི་ཁང་བ་དང་རླངས་འཁོར་སོགས་བཙོང་ནས་ཟ་ཁང་ལས་གཉེར་བྱས། ཁོ་མོས་བྱ་བའི་གྲུབ་འབྲས་འདི་དག་ཁོ་མོར་དུས་ནམ་ཡང་རྒྱབ་སྐྱོར་བྱེད་པའི་ཁྱོ་ག་དང་འབྲལ་ཐབས་མེད། ཚེ་རིང་སྒྲོལ་དཀར་གྱི་སྣེ་ཁྲིད་འོག་ཐེམ་ཆེན་རྫོང་གི་པུ་དབྱངས་ཕྱུགས་ཐོན་ཁེལ་འཐག་མཉམ་ལས་ཁང་གི་ཐོན་རྫས་དག་ལ་ས་གནས་དེ་གའི་ཚོང་རར་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད། རྒྱལ་ཡོངས་ཀྱི་ས་གནས་གཞན་དག་ཏུ་ཕྱིར་འཚོང་བྱེད་ཀྱིན་ཡོད། མཉམ་ལས་ཁང་བཙུགས་པ་དང་འཕེལ་རྒྱས་ཕྱིན་པ་དེས་ས་གནས་དེ་གའི་ཕྱུགས་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་པར་མ་ཟད་འབྲོག་པ་ཚོར་ལས་ཞུགས་ཀྱི་གོ་སྐབས་འདོན་སྤྲོད་བྱས་ཏེ་ཡོང་འབབ་འཕར་བར་སྣེ་ཁྲིད་བྱས། པུ་དབྱངས་མཉམ་ལས་ཁང་གི་འགོ་བ་ཚེ་རིང་སྒྲོལ་དཀར་གྱིས་བཤད་རྒྱུར།
ལོ་འདི་དག་གི་རིང་ལ་ལག་ཤེས་མི་སྣ་དང་ཞབས་ཞུ་བ་སོགས་བསྡུ་ལེན་བྱེད་སྐབས། དཀའ་ཁག་ཅན་གཙོར་བཟུང་བ་ཡིན། ལག་ཤེས་མཁན་ཡིན་ན་ཁྱིམ་ན་ལོ་ལོན་དང་བྱིས་པ་གཉོར་ནས་ལས་ཞུགས་བྱེད་མི་ཐུབ་པའི་མི་སྣ་གཙོར་བཟུང་ཡོད། ལག་ཤེས་གསོ་སྦྱོང་གི་ཐད་ནས་ཁོ་ཚོའི་ཁོམ་སྐབས་དང་བསྟུན་ནས་གསབ་སྦྱོང་འཛིན་གྲྭ་བསྡུས་ནི་རེད། རྒྱུ་ཆ་སོགས་ཀྱི་ཕྱོགས་ནས་ཀྱང་རང་ཁྱིམ་ནས་ལས་ཚར་རྗེས་མཉམ་ལས་ཁང་དུ་བཞག་ན། ཞིང་ཆེན་ཕྱི་ནང་ཀུན་གྱི་འགྲེམ་སྟོན་སོ་སོར་ཁྱེར་ནས་ཕྱིར་འཚོང་བྱེད་པའི་ཐབས་ལམ་རེ་རྙེད་པར་བརྩོན་པ་ཡིན།
ལྷག་བསམ་ཅན་གྱི་བུད་མེད་དེས་དཀའ་སྡུག་འདི་འདྲའི་མང་བོ་བརྒྱུད་པ་དེ་ཁོ་མོ་གཅིག་པུ་བསམ་པ་མ་ཡིན་པར། ཁོ་མོས་མཉམ་ལས་ཁང་དུ་ལས་མི་བསྡུ་སྐབས་ཐེམ་ཆེན་རྫོང་དུ་ཁྱིམ་ཚང་གི་ཆ་རྐྱེན་ཞན་ལ། རྒྱབ་རྟེན་མེད་པའི་བུད་མེད་དང་དྭ་ཕྲུག་སོགས་ཀྱི་ལས་ཞུགས་ཐད་རོགས་སྐྱོར་གང་མང་བྱས་ཡོད། པུ་དབྱངས་མཉམ་ལས་ཁང་གི་ཇ་དཔོན་ཟུར་སྣང་རྡོ་རྗེས་ཡིས་བཤད་རྒྱུར།

ང་ནི་པུ་དབྱངས་མཉམ་ལས་ཁང་གི་ཇ་དཔོན་ཡིན། སྦྱིན་བདག་ཚེ་རིང་སྒྲོལ་དཀར་ལ་མཚོན་ན། མཉམ་ལས་ཁང་འདིར་བཟོ་ཁང་དང་ཇ་ཁང་། ཟ་ཁང་བཅས་ཚོང་གཉེར་བྱེད་བཞིན་ཡོད་ལ། ཞབས་ཞུ་བར་སེམས་ཁུར་དང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་ཡོད། ང་རང་ཉིད་འདིར་ཡོང་ནས་ལོ་གསུམ་ལྷག་འགོར་ཡོད། ཟླ་ཕོགས་སོགས་ཀྱང་གཏན་འཇགས་ཡིན་པའི་མི་ཚད། འཚོ་བའི་ཐད་ནས་ཀྱང་ཇེ་བཟང་དུ་སོང་ཡོད།
བརྩོན་པའི་རྔུལ་ཆུས་འབད་པའི་འབྲས་བུ་བསྐྲུན། ད་ལྟ། ཚེ་རིང་སྒྲོལ་དཀར་གྱི་སྣེ་ཁྲིད་འོག མཉམ་ལས་ཁང་དུ་ཁེལ་འཐག་དང་སྲོལ་རྒྱུན་གྱི་ལག་ཤེས་སྣ་ཚོགས། བོད་ལྭ། ཟས་རིགས་སོགས་ལས་སྣ་མང་པོ་གཉེར་བཞིན་ཡོད་ལ། དེ་དག་ཀྱང་ནང་ལོགས་ཀྲེ་ཅང་སོགས་སུ་འཁྱེར་ནས་ཕྱིར་འཚོང་བྱས་དང་བྱེད་བཞིན་ཡོད། དུས་རྒྱུན་ཡང་ལས་བྱེད་མི་སྣ་ནང་ལོགས་དང་མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་མངགས་ནས་གསོ་སྦྱོང་བྱེད་དུ་བཅུག་པས། ད་ལྟའི་མཉམ་ལས་ཁང་གི་རྣམ་པ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད།

2020ལོར་མཚོ་ནུབ་ཁུལ་གྱི་གསུམ་བརྒྱད་དར་དམར་སྒྲེང་མཁན་དང་། མཚོ་ནུབ་ཁུལ་གྱི་ཞིང་ཕྱུགས་ལས་ས་ཁུལ་གྱི་ཚན་རྩལ་འཇོན་མིར་བདམས། 2022ལོའི་ཟླ་གསུམ་པར་མཚོ་སྔོན་ཞིང་ཆེན་གྱི་ཕྱུག་འགྱུར་འཇོན་མིར་བདམས། 2023ལོའི་ཟླ་བཅུ་གཅིག་པར་ཁོ་ཚོའི་མཉམ་ལས་ཁང་དེ་མཚོ་ནུབ་ཁུལ་གྱི་འཇོན་མི་བཞིའི་ལས་སྒྲུབ་ཁང་དུ་བདམས་པ་དང་། 2024ལོའི་ཟླ་གསུམ་པར་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཚོགས་མིའི་ལས་ཁུངས་ཀྱི་གཟི་བརྗིད་མཚན་སྙན་གནང་།གཟི་བརྗིད་མཚན་སྙན་དེ་དག་ཐོབ་པ་ནི་མོ་རང་ཉིད་ཀྱིས་འབད་བརྩོན་དང་བློས་གཏོང་བྱས་པར་ཁས་ལེན་བྱས་པ་ཞིག་ཡིན་པར་མ་ཟད། ཁོ་མོས་སྣེ་ཁྲིད་པའི་མཉམ་ལས་ཁང་དང་དེའི་འཕེལ་རྒྱས་ལ་ཚད་མཐོའི་གདེང་འཇོག་བྱས་པ་ཞིག་ཀྱང་རེད། མཉམ་ལས་ཁང་གི་དྲུང་ཡིག་ཁེན་མཚོ་སྐྱིད་ཀྱིས་བཤད་རྒྱུར།

ང་མཉམ་ལས་ཁང་དུ་ཡོང་ནས་ལོ་བདུན་འགོར་སོང་། དང་ཐོག་ཁང་བ་ཆུང་ལ། མི་གྲངས་ཉུང་། དཀའ་ཁག་མང་བོར་འཕྲད་མྱོང་ལ། ཟླ་ཕོགས་སྟེར་དཀའ་བའི་གནས་ཚུལ་ཡང་བྱུང་མྱོང་། ལོ་བཅུ་ལྷག་གི་རིང་ང་ཚོ་གནས་ཐེངས་བཅུ་ལྷག་སྤར་ནས་ད་ལྟའི་གནས་འདི་འདྲའི་ཆེན་པོ་ཞིག་ཏུ་སྤར་ཡོད། ད་ལྟ་བཟོ་ཁང་དང་། ཟ་ཁང་། ཇ་ཁང་སོགས་ཚོང་གཉེར་བྱེད་བཞིན་ཡོད། ཚེ་རིང་སྒྲོན་དཀར་གྱི་སྣེ་ཁྲིད་འོག སློབ་ཆེན་སློབ་མའི་ལས་ཞུགས་དང་དཀའ་ཁག་ཡོད་པའི་མང་ཚོགས་ལ་རོགས་བྱས་ནས། ད་ལྟ་མཉམ་ལས་ཁང་ཕྱོགས་ཡོངས་ནས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད།
ཁོ་མོ་ནི་ལྷག་བསམ་རྣམ་དག་གི་བུད་མེད་ཞིག་ཡིན་ལ། དུས་ནམ་ཡང་དབུལ་ཕོངས་མང་ཚོགས་སེམས་སུ་བཅངས་བཞིན་ཡོད་པ་དང་། ཁོ་མོས་སློབ་ཆེན་སློབ་མའི་ལས་ཞུགས་དང་བདག་མེད་ལོ་ལོན། དབུལ་ཕོངས་ཁྱིམ་ཚང་དུ་སོང་ནས་རོགས་རམ་བྱེད་ཀྱིན་ཡོད། ཁོ་མོས་སྤོབས་སེམས་ཆེན་པོས་དཀའ་ངལ་མཐའ་དག་གདོང་གིས་བསུས་ཏེ། ད་ལྟ་མཉམ་ལས་ཁང་གི་ཕྱོགས་གང་ཅིའི་ཐད་ལ་ཡང་གྲུབ་འབྲས་ཐོབ་ཡོད་ལ། ཁོ་མོས་དུས་ནམ་ཡང་རང་ཉིད་ཀྱི་གདམ་ག་ལ་འགྱོད་པ་སྐྱེས་མ་མྱོང་ཞེས་ཟེར་བ་ནང་བཞིན། ད་ལོར་སེམས་ཤུགས་ཉམས་མེད་ཀྱི་ཁོ་མོ་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་གྱི་མིང་ཐོའི་ཁྲོད་དུ་ཚུད་ཡོད།

འབྱུང་འགྱུར་གྱི་འཕེལ་རྒྱས་འཆར་འགོད་སྐོར་གླེང་སྐབས་ཚེ་རིང་སྒྲོལ་དཀར་གྱིས་མུ་མཐུད་མཉམ་ལས་ཁང་གི་སྣེ་ཁྲིད་དེ་གསར་གཏོད་དང་འཕེལ་རྒྱས་གཙོར་བཟུང་ནས་ཐོན་རྫས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་སྟེ། ཁྲོམ་ར་སྔར་ལས་རྒྱ་བསྐྱེད་གཏོང་རྒྱུ་ཡིན་ཟེར།ཚེ་རིང་སྒྲོལ་དཀར་གྱི་གཏམ་རྒྱུད་ནི་འབད་འཐབ་དང་གསར་གཏོད་ཀྱི་གཏམ་རྒྱུད་ཅིག་ཡིན་ལ། ཁོ་མོས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ངལ་རྩོལ་དཔེ་ལེགས་པ་དེ་དོན་ངོ་མ་ཇི་ལྟ་བུ་ཞིག་ཡིན་པ་གསལ་བཤད་བྱས་ཡོད་པར་མ་ཟད། ང་ཚོར་སློབ་སྦྱོང་དང་མོས་གུས་བྱེད་འོས་པའི་མིག་དཔེ་ཞིག་ཀྱང་བསྟན་ཡོད།

མཉམ་ལས་ཁང་གི་ཐོན་རྫས་གསར་པ།
གསར་འགོད་པ། བསོད་ནམས་ཚེ་རིང་། ཚེ་མགོན་རྒྱལ།
ཤ་བོ་རིན་མཚོ། ཏིང་འཛིན་མཚོ་མོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།