ཏང་འཛུགས་སྣེ་ཁྲིད་དུ་བྱས་ཏེ་དམངས་ལ་དོན་དངོས་བསྒྲུབས།
2024.12.20 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 9

ཏུའུ་ལན་རྫོང་ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱིས་ཏང་འཛུགས་སྣེ་ཁྲིད་དུ་བྱས་ཏེ་དམངས་ལ་དོན་དངོས་བསྒྲུབས།

      མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱིས་ཏང་འཛུགས་གཙོར་བཟུང་ཞིང་སྡེ་ཁུལ་གྱི་འཛུགས་སྐྲུན་ལ་ཧུར་ཐག་སྒོས་སྐུལ་འདེད་བཏང་སྟེ། དམངས་ལ་དོན་དངོས་གང་མང་བསྒྲུབས་ཡོད་ལ། སྡེ་ཁུལ་དེ་བདེ་སྐྱིད་ཀྱི་ཁྱིམ་གཞིས་ཤིག་ཏུ་འཛུགས་སྐྲུན་བྱེད་པར་འབད་འབུངས་བྱེད་བཞིན་ཡོད། ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱི་ཏང་རྩ་འཛུགས་ཀྱིས་སྡེ་ཁུལ་རང་གི་འཕེལ་རྒྱས་དང་དོ་དམ་ཁྲོད་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཏང་འཛུགས་སྣེ་ཁྲིད་བྱ་བའི་སྒུལ་ཤུགས་གསར་བར་བརྟེན་ནས། ཏང་འཛུགས་བྱ་བས་སྡེ་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་ཁྲིད་བྱས་ཏེ། སྡེ་ཁུལ་གྱི་བྱ་བ་སྣ་ཚོགས་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་བཏང་།

      སྡེ་ཁུལ་དེར་སྔ་གཞུག་ཏུ་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་གནོད་སེལ་དཔེ་སྟོན་སྡེ་ཁུལ་དང་རྒྱལ་ཡོངས་ཀྱི་རྒན་བཀུར་དཔེ་སྟོན་སྡེ་ཁུལ། སྡེ་ཁུལ་ཏང་འཛུགས་བྱ་བའི་ཞིང་ཆེན་རིམ་པའི་དཔེ་སྟོན་བྱེད་ས་སོགས་གཟི་བརྗིད་མཚན་སྙན་མང་བོ་ཐོབ་ཡོད།

     མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐད་ནས་ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱིས་ས་ཚིགས་གཅིག་ཅན་གྱི་ཞབས་ཞུའི་ཚོམས་ཆེན་བཙུགས་པ་དང་། སེམས་ལ་དྲོད་ཁོལ་སྦྱིན་པའི་ཏང་འཛུགས་ཞབས་ཞུའི་སྟེགས་བུ་བཙུགས་པ་དང་། ཞབས་ཞུའི་རྣམ་པའི་སྡེ་ཁུལ་གྱི་ཏང་འཛུགས་བྱ་བའི་རྣམ་པ་གསར་བསྐྲུན་དང་ཞབས་ཞུའི་ཐོན་ཁུངས་ལེགས་སྒྲིག ཞབས་ཞུའི་དཔུང་སྡེའི་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་བྱས་ཏེ། སྨན་བཅོས་འགན་སྲུང་དང་མ་མཐའི་འཚོ་བའི་འགན་སྲུང་། ཕྱོགས་བསྡུས་བཅོས་སྐྱོང་། སྤྱི་ཚོགས་འགན་སྲུང་སོགས་ཐུན་མོང་གི་ཞབས་ཞུའི་སྟེགས་བུ་གྲུབ་པར་བྱས་ཡོད་ལ། དམངས་ཕན་ཞབས་ཞུའི་ལྟེ་གནས་དེས་དམངས་ལ་སྟབས་བདེ་གང་ལེགས་བསྐྲུན་ཡོད། ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱི་ཀྲུའུ་རིན་གཞོན་པ་རིན་ཆེན་འབུམ་གྱིས་བཤད་རྒྱུར།

     ང་ཚོའི་ཞིན་ཧྭ་སྲང་ལམ་སྡེ་ཁུལ་འདི་ཉིས་སྟོང་གསུམ་ལོའི་ཟླ་བདུན་པའི་ནང་བཙུགས་ནི་རེད། ཟླ་བརྒྱད་པའི་ནང་ལ་ཏང་ཀྲི་པུའུ་བཙུགས་ནི་རེད། སྡེ་ཁུལ་འདིར་མི་རིགས་བརྒྱད་འཚོ་སྡོད་བྱས་ཡོད་ལ། མང་ཚོགས་སྟོང་བཞི་ལྷག་ཡོད། ང་ཚོའི་སྡེ་ཁུལ་འདིས་ཏང་འཛུགས་ཀྱི་བྱ་བ་གཙོར་བཟུང་ནས་བྱ་བ་གང་མང་ཞིག་སྒྲུབ་བཞིན་ཡོད། དཔེར་ན་བུད་མེད་ཀྱི་ལས་དོན་དང་སྨན་བཅོས་འགན་སྲུང་གི་བྱ་བ། མི་རིགས་མཐུན་སྒྲིལ་གྱི་བྱ་བ་སོགས་བསྒྲུབས་ཡོད། དེ་ལས་གཞན་མིག་མངས་རྩེད་ས་དང་ཞབས་བྲོ་རྩེད་ས། རྩལ་སྦྱོང་བྱེད་ས། དཔེ་ཆར་བལྟ་ས་སོགས་ཆ་ཚང་འཛོམས་ཡོད།

        དེ་ལས་གཞན་ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱིས་ད་རུང་ཏང་ཡོན་བྱ་འགུལ་ཁང་དང་། ཀུན་སྤྱོད་འཆད་ཁྲིད་ཁང་། སྡེ་ཁུལ་གྱི་དཔེ་ཁང་། གཅེས་སེམས་ཚོང་ར་སོགས་གཞི་གཅིག་ཅན་གྱི་ཏང་ཡོན་དང་མང་ཚོགས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་བཙུགས་ནས། སྔར་ལས་ལྷག་པའི་སྒོ་ནས་ཞབས་ཞུའི་ནུས་པ་མཐོར་འདེགས་བྱས། སྡེ་ཁུལ་གྱི་ལས་བྱེད་མི་སྣ་ཉིན་རེ་བཞིན་ཆག་མེད་དུ་སྡེ་ཁུལ་ཧྲིལ་བོའི་ཁྱིམ་ཚང་སོ་སོར་སོང་ནས་སྡེ་ཁུལ་གྱི་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། རང་ཉིད་ཀྱི་ནུས་པ་ཅི་ཡོད་བཏོན་ནས་སྡེ་ཁུལ་ལ་འགོག་སྲུང་གི་དྲ་བ་ཚགས་དམ་པ་ཞིག་གྲུབ་པར་བྱས་ཏེ། སྡེ་ཁུལ་སྡོད་དམངས་ཀྱི་བདེ་འཇགས་དང་བདེ་ཐང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱི་ལས་བྱེད་མི་སྣ་བདེ་སྐྱིད་མཚོ་ཡིས་བཤད་རྒྱུར།

ང་ཚོས་གཅིག་ནས་སྲིད་ཇུས་དྲིལ་སྒྲོག་བྱེད་རྒྱུ་གཙོ་བོ་ཡིན། དེ་ཡིན་ན་རང་གིས་གསལ་བོ་ཞིག་ཤེས་དགོས་པས། རང་གིས་རང་སྦྱོང་བྱས་ནས་སྲིད་ཇུས་ཕྱོགས་ཀྱི་ཤེས་བྱ་བློར་ངེས་སུ་བཅུག་སྟེ། སྡེ་ཁུལ་གྱི་ཁྱིམ་ཚང་སོ་སོར་སོང་ནས་དྲིལ་སྒྲོག་བྱེད་ཀྱིན་ཡོད། གཉིས་ནས་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད། གཙོ་བོ་སོག་རིགས་ཀྱི་མནའ་དམ་དུས་ཆེན་དང་བོད་རིགས་ཀྱི་དྲུག་པའི་ཀླུ་རོལ། དེ་མིན་ལོ་སར་སོགས་ཀྱི་སྐབས་སུ་སྲོལ་རྒྱུན་རིག་གནས་དང་དུས་ཆེན་གྱི་རོལ་སྟངས་སོགས་མང་ཚོགས་ལ་གསལ་བོར་བསྒྲགས་ནས་མི་རིགས་ཕན་ཚུན་བར་གྱི་རིག་གནས་ཤེས་སུ་འཇུག་རྒྱུ་གཙོ་བོ་ཡིན། གསུམ་ནས་ང་ཚོའི་སྡེ་ཁུལ་དུ་ཡོང་བའི་མང་ཚོགས་ལ་མི་ཤེས་པ་འདྲ་ཡོད་ན། ང་ཚོ་ལས་བྱེད་མི་སྣས་མཚམས་སྦྱོར་བྱེད་ཀྱིན་ཡོད།

    སྡེ་ཁུལ་དེས་འགལ་བ་དང་རྩོད་གླེང་འདུམ་འགྲིག་བྱེད་པ་དང་དམངས་ཀྱི་འདོད་བློ་འཚོལ་སྡུད་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་ཏེ། དུས་ལྟར་སྡོད་དམངས་ཀྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱས་པ་དང་། དོན་ཆུང་ཁྱིམ་ཚང་ནས་ཕྱིར་མི་འབུད་པ་དང་དོན་ཆེན་སྡེ་ཁུལ་ནས་ཕྱིར་མི་འབུད་པ། འགལ་བའི་གནད་དོན་གོང་རིམ་ལ་མི་སྤྲོད་པའི་སྣང་ཚུལ་བཟང་བོ་ཞིག་ཆགས་ཡོད།

     དེ་ལས་གཞན་ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱིས་ད་རུང་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་རོགས་སྐྱོར་བྱ་བར་དོ་སྣང་བྱས། སྡེ་ཁུལ་གྱི་ལས་བྱེད་མི་སྣ་དག་ཁྱིམ་ཚང་རེ་རེར་སོང་ནས་རྟོག་ཞིབ་བྱས་པ་དང་། མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་ལོ་ལོན་བདག་མེད་སོགས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་དོན་དངོས་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། རོགས་སྐྱོར་འཆར་གཞི་ཞིབ་མོ་གཏན་འབེབས་བྱས་ཡོད།

     དངོས་པོའི་ཐད་ནས་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་ཞོར་དུ། ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱིས་ད་རུང་བསམ་པའི་རིག་གནས་ཀྱི་འཛུགས་སྐྲུན་ལའང་མཐོང་ཆེན་བྱས། སྡེ་ཁུལ་གྱིས་ཏང་གི་འཁྲུངས་སྐར་དང་ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོ་སོགས་ལ་ཟུང་འབྲེལ་བྱས་ཤིང་། ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པ། སྡེ་ཁུལ་གྱི་རིག་རྩལ་ཚོགས་པ་སོགས་རྩ་འཛུགས་བྱས་ཏེ། རིག་རྩལ་བྱ་འགུལ་སྣ་ཚོགས་སྤེལ་ནས། དམར་པོའི་རིག་གནས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཀྱི་འགུག་ནུས་དང་ཤུགས་རྐྱེན་ཇེ་དྲག་ཏུ་བཏང་། དེ་དང་མཉམ་དུ་སྡེ་ཁུལ་གྱིས་ད་རུང་དཔེ་ཆ་ལྟ་ཀློག་ཁང་དང་རིག་གནས་བྱ་འགུལ་ཁང་སོགས་བཙུགས་ནས་སྡོད་དམངས་དག་ལ་སྣ་མང་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་ཀྱི་ལོངས་སྤྱོད་འདོན་སྤྲོད་བྱས་ཡོད། ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱི་སྡོད་དམངས་དངོས་གྲུབ་རྡོ་རྗེ་ཡིས་བཤད་རྒྱུར།

ང་ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱི་སྡོད་དམངས་ཤིག་ཡིན། ལོ་འདི་དག་གི་རིང་ལ་ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱིས་མང་ཚོགས་ལ་བཀོད་སྒྲིག་བྱས་ཏེ་གླུ་ལེན་གར་རྩེད་སོགས་རིག་རྩལ་བྱ་འགུལ་སྤེལ་བ་དང་། ལོ་ལོན་ལ་བདག་བྱེད་པ་སོགས་མང་ཚོགས་ལ་ཕན་ཐོགས་པའི་བྱ་བ་མང་བོ་བསྒྲུབས་ཡོད། ངོ་མ་བཟང་གི

      དམངས་ཕན་གྱི་བྱ་འགུལ་མང་བོ་ལག་བསྟར་བྱས་པ་ལས་སྡེ་ཁུལ་སྡོད་དམངས་ཀྱི་འཚོ་བའི་སྤུས་ཚད་དང་སྐྱིད་སྣང་ཇེ་མཐོར་བཏང་ཡོད་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་། ཏུའུ་ལན་རྫོང་སྲིད་གཞུང་གིས་ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱི་བྱ་བར་གདེང་འཇོག་ཆེན་པོ་བྱས་པ་དང་། སྡེ་ཁུལ་དེས་དམངས་ཕན་བྱ་འགུལ་སྤེལ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་ལ། རྫོང་ཡོངས་ཀྱི་སྡེ་ཁུལ་གཞན་པར་མིག་དཔེ་བསྟན་ནས། ངེས་པ་དོན་གྱིས་ཆེས་བཟང་བའི་ཞབས་ཞུ་སྡོད་དམངས་ལ་འདོན་སྤྲོད་བྱེད་པ་དང་། འཆམ་མཐུན་གྱི་འཚོ་བ་སྡོད་དམངས་ལ་སྦྱིན་པའི་དམིགས་འབེན་མངོན་འགྱུར་བྱུང་།

      དུས་རབས་གསར་པའི་སྡེ་ཁུལ་གྱི་བྱ་བའི་གནས་བབ་གསར་བ་དང་རེ་སྒུག་གསར་བ། འགྲན་རྩོད་གསར་བ་བཅས་ཀྱི་མདུན་ནས་སྡེ་ཁུལ་གྱི་ལས་བྱེད་མི་སྣས་མུ་མཐུད་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་མཛུབ་སྟོན་དུ་བྱས་ཤིང་། སྡེ་ཁུལ་གྱི་དམངས་འཚོ་ལེགས་བཅོས་དང་སྡེ་ཁུལ་གྱི་གསོན་ཤུགས་སྐུལ་སྤེལ་བྱེད་པ་དམིགས་འབེན་དུ་བྱས་ནས། བསྟུད་མར་སྡེ་ཁུལ་གྱི་བདེ་སྐྱིད་འཚོ་བའི་ཆེད་དུ་ནུས་པ་གང་ཡོད་འདོན་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལ། ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་དང་། སྡེ་ཁུལ་གྱི་སྡོད་དམངས་ཀྱི་ཐུན་མོང་འབད་བརྩོན་འོག ཞིན་ཧྭ་སྲང་ལམ་སྡེ་ཁུལ་གྱི་སང་ཉིན་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡོང་པར་ཁོ་ཚོར་ཡིད་ཆེས་ཀྱིས་ཁེངས་འདུག


གསར་འགོད་པ། བསོད་ནམས་ཚེ་རིང་། ཚེ་མགོན་རྒྱལ། 

ཤ་བོ་རིན་མཚོ། ཏིང་འཛིན་མཚོ་མོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།