རྨ་ཆེན་རྫོང་དབྱིག་གཞུང་ཡུལ་ཚོའི་སྡེ་སྡོད་ལས་བྱེད་རུ་ཁག་གིས“རོགས་རམ་བཞིའི”བྱ་འགུལ་སྤེལ།
2024.12.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 11

 སྡེ་སྡོད་ལས་བྱེད་རུ་ཁག་གི་སྦྲེལ་ཟམ་དང་སྒྲོག་ཐག་གི་ནུས་པ་སྔར་ལས་འདོན་པ་དང་། སྡེ་སྡོད་ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་གྱི་ནང་གནས་སྒུལ་ཤུགས་སྐུལ་སྤེལ་བྱེད་ཆེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དབྱིག་གཞུང་ཡུལ་ཚོ་ཡང་ཚང་སྡེ་བའི་སྡེ་སྡོད་ལས་བྱེད་རུ་ཁག་གིས་ཞིང་ཆེན་དང་ཁུལ། རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་སྡེ་སྡོད་ལས་བྱེད་པས་སྡེ་སྡོད་སྐབས་སུ“བཞི་ལྡན”བྱ་འགུལ་རྒྱུན་རྣམ་ཅན་དུ་སྤེལ་དགོས་པའི་སྐོར་གྱི་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱས་ཤིང་། གྲོང་གསེབ་དར་སྤེལ་གྱི་གཙོ་གནད་བྱ་བའི་ལས་འགན་ལ་གཅིག་བསྡུས་དང་བྱ་བའི་ལས་འགན་ཕྱོགས་ཡོངས་ནས་ནན་འགེལ་བྱས་པ་དང་།  སྤུས་ཚད་མཐོན་པོས“བཞི་ལྡན”བྱ་འགུལ་སྐུལ་སྤེལ་བྱས་ཏེ།   དམངས་འཚོ་འདྲི་རྩད་བྱ་བ་ཡོངས་སུ་སྒྲུབ་པ་དང་། དམངས་ཕན་གྱི་བྱ་བ་དངོས་སུ་སྒྲུབ་པ། དམངས་ལ་དྲོད་ཁོལ་སྦྱིན་པའི་བྱ་བ་སེམས་ཞིབ་མོས་སྒྲུབ་པ། དམངས་ཀྱི་དཀའ་ཁག་སེལ་བའི་བྱ་བ་ལེགས་པར་སྒྲུབ་པ་བཅས་བྱས་ཤིང་། སྡེ་སྡོད་རོགས་སྐྱོར་བྱ་བ་དངོས་འབེབས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་།

དོན་དག་ཡོད་མེད་གང་ཡིན་རུང་དུས་རྒྱུན་འདྲི་རྩད་དུ་སོང་སྟེ་རྒྱུས་ལོན་དང་སེམས་གཏམ་ལ་ཉན་ནས་དཀའ་ཁག་སེལ་རོགས་བྱས།

སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་དང་། དམངས་ཀྱི་འདོད་བློ་ཤེས་པ། སྲིད་ཇུས་ལ་རྒྱུས་མངའ་ཡོད་པ་ནི་སྡེ་སྡོད་བྱ་བའི“སློབ་ཐུན་དང་པོ”རུ་བརྩིས་ཏེ། ཁྱིམ་ཚང་དུ་འདྲི་རྩད་དུ་འགྲོ་བའི་རྒྱུན་རྣམ་ཅན་གྱི་བྱ་བ“ཉིས་སྟོང”བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ།  སྡེ་བ་དང་མང་ཚོགས་ཀྱི་གནས་ཚུལ་སྔར་ལས་གསལ་རྟོགས་དང་འཚོ་བ་དང་ཐོན་སྐྱེད་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། དབྱིག་གཞུང་སྡེ་བའི་སྡེ་སྡོད་ལས་བྱེད་རུ་ཁག་གིས“སྦྲེལ་མཐུད་གཅིག་དང་རོགས་སྐྱོར་གཉིས”ཀྱི་བྱ་བ་གཏིང་ཟབ་ཏུ་སྒྲུབ་པར་རྒྱུན་མཐུད་ངང་སྐུལ་སྤེལ་བྱེད་ཆེད། སྡེ་སྡོད་དུ་མངགས་པའི་ལས་ཁུངས་ཏེ་རྨ་ཆེན་རྫོང་ཏང་ཨུའི་གཞུང་ལས་ཁང་ལ་གཟན་རྩྭའི་མ་དངུལ་སྒོར་ཁྲི1རེ་ཞུ་བྱས་ཤིང་། སྦྲེལ་མཐུད་གཉིས་ཀྱི་རོགས་སྐྱོར་ལས་ཁུངས་རྨ་ཆེན་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ལ་གཟན་རྩྭའི་མ་དངུལ་སྒོར་ཁྲི2རེ་ཞུ་བྱས་པ་བརྒྱུད། གཟན་རྩྭ་བསྡམས་མ470དང་། གཟན་ཆས་ཏུན6ཉོས་ཏེ། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གནོད་འགོག་ཕྱུགས་སྐྱོབ་ཀྱི་བྱ་བའི་ཐད་རྨང་གཞི་བརྟན་པོ་བཏིང་།

ཁྱིམ་ཚང་གི་ནད་པར་རྒྱུན་དུ་འདྲི་རུ་སོང་སྟེ། མང་ཚོགས་ཀྱི་སྐྱིད་སྡུག་སེམས་སུ་བཟུང་།  “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། དབྱིག་གཞུང་སྡེ་བའི་ནད་ལ་རྐྱེན་བྱས་ཏེ་ཡང་བསྐྱར་དབུལ་བོར་འགྱུར་བ་ལ་ལྟ་ཞིབ་དོགས་ཟོན་བྱེད་དགོས་པའི་མི་སྣའི་རོགས་སྐྱོར་བྱ་བར་འགན་སྲུང་བྱེད་པ་དང་།  “ནང་འཇུག་འོས་པ་ནང་དུ་བཅུག་མེད་པར་ལམ་ལུགས་ཀྱི་ཕྱི་ནས་འཁོར་རྒྱུག་བྱེད་པ”ཡི་ཉེན་ཁ་སེལ་ཆེད།  གོང་རིམ་སྡེ་ཁག་གིས་ཕྱིར་ལྡོག་བྱས་པའི་དོགས་ཟོན་གྱི་ཆ་འཕྲིན་འབྱོར་རྗེས་དུས་ཐོག་ཏུ་ཁྱིམ་ཚང་དུ་སོང་སྟེ་བདེན་མིན་ཞིབ་དཔྱད་དང་རྟོག་ཞིབ་བྱས་ཏེ་ནད་པའི་ཁྱིམ་ཚང་གི་དངོས་ཡོད་དཀའ་ཁག་ལ་རྒྱུས་ལོན་བྱས་ཤིང་། མཐུན་སྦྱོར་ཧུར་ཐག་བྱས་ཏེ་མང་ཚོགས་ཀྱི་སྐྱིད་སྡུག་དུས་ངེས་མེད་དུ་སེམས་སུ་བཅངས།  ད་ལྟའི་བར་དུ། དབྱིག་གཞུང་སྡེ་བའི་སྡེ་སྡོད་ལས་བྱེད་རུ་ཁག་གིས་ཞག་སྡོད་ནད་པ་མི་ཐེངས21ལ་བལྟ་རུ་སོང་བ་དང་། ཁྱིམ་ཚང137གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་མི570ལ་ཁྱིམ་ཚང་སྨན་པས་ཞབས་ཞུ་སྒྲུབ་པའི་གན་རྒྱ་བཞག  ཁྱིམ་ཚང4དང་མི13ལ་ནད་ལྕི་མོའི་རོགས་སྐྱོར་གྱི་རེ་ཞུ་བྱས།  ནད་ཀྱི་དབང་གིས་དབུལ་བོར་གྱུར་པའི་ཁྱིམ་ཚང2མ་མཐའི་འཚོ་བའི་འགན་སྲུང་གི་ནང་བཞག་ནས། ནད་ཀྱི་དབང་གིས་ཕྱིར་དབུལ་བོར་འགྱུར་སྲིད་པའི་ལྟ་ཞིབ་དོགས་ཟོན་བྱ་ཡུལ་གྱི་མི་སྣའི་ཁྱིམ་ཚང་གི་འགྲོ་སྒོ་ཇེ་ཉུང་དུ་བཏང་།

ལས་ཀ་ལྕི་མོ་ཡོད་མེད་གང་ཡིན་རུང་ལས་རོགས་བྱས་ཏེ། ཏང་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་པ་གཅིག་ཏུ་བསྒྲིལ།

སྡེ་སྡོད་ལས་བྱེད་རུ་ཁག་གིས་རྫོང་ཏང་ཨུའི“ཉིས་སྟོང”བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། ཁྱིམ་ཚང་དུ་འདྲི་རྩད་དུ་འགྲོ་བའི་བྱ་བ་ནན་ཏན་དང་ཞིབ་མོས་ངང་སྤེལ་ཏེ། གཙོ་བོ་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ལ་དམིགས་ཤིང་། ཕྱོགས་སོ་སོའི་ཐོན་ཁུངས་ཧུར་ཐག་ངང་མཐུན་སྦྱོར་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་དཀའ་ཁག་དང་སེམས་ཁྲལ་སེལ་རོགས་བྱས་ཏེ། རིགས་མི་འདྲ་བའི་དམངས་འཚོའི་གནད་དོན་ནུས་ལྡན་ངང་ཐག་བཅད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་དངོས་གནས་ལེགས་བསྒྱུར་བྱས་པ་དང་ཆབས་ཅིག  སྡེ་སྡོད་ལས་བྱེད་རུ་ཁག་གིས་སྡེ་བའི་ལས་བྱེད་པ་དང་། ཏང་ཡོན།  ནགས་སྲུང་བ་བཅས་དང་མཉམ་དུ་གནས་སྤར་ས་ཁུལ་གྱི་ཁོར་ཡུག་ལ་གཙང་སྦྲ་བྱས་ཤིང་། རང་འགུལ་ངང་སྡེ་དམངས་ཀྱི་ཁྱིམ་ཚང་ལ་གཙང་སྦྲ་བྱེད་རོགས་བྱས་ཏེ། འཚོ་སྡོད་ཀྱི་ཁོར་ཡུག་གཙང་མ་ཡིན་པ་ཁག་ཐེག་བྱས།

ཁྱིམ་ཚང་ལ་འགལ་བ་བྱུང་དུས་ཁ་ཏ་བྱེད་རོགས་བྱས་ཏེ་བདག་སྐྱོང་གི་གནས་བབ་གསར་པ་སྐྲུན།

“སྔ་མོ་ནས་ཤེས་པ་དང་། སྔ་མོ་ནས་ཡར་ཞུ་བྱེད་པ། སྔ་མོ་ནས་ཐག་གཅོད་པ”ཡི་རྩ་དོན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཏང་འཛུགས་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་དང་། སྡེ་སྡོད་ལས་བྱེད་རུ་ཁག་གིས་དུས་རྒྱུན་འཚོ་བའི་ཁྲོད་རོང་འབྲོག་མང་ཚོགས་ཀྱི་འགལ་བ་དང་རྩོད་གཞི་ཞི་འཇགས་སུ་གཏོང་བའི“འདུམ་འགྲིག་པ”ཡི་ནུས་པ་ནུས་ལྡན་ངང་སྐུལ་སྤེལ་བྱས། “སྐར་གསོག་ལམ་ལུགས”ཀྱི་དོ་དམ་བྱས་པ་བརྒྱུད། སྡེ་སྲོལ་དམངས་ཆིངས་སོགས་ཀྱིས་སྡེ་དམངས་ཡ་རབས་ཀྱི་དར་སྲོལ་གསར་པ་ཆགས་པར་ཁྲིད་སྟོན་བྱས་པ་དང་། མང་ཚོགས་ཀྱི་ཁྲིམས་སྐྱོང་སློབ་གསོ་དང་དྲ་རྒྱའི་བདེ་འཇགས་ཀྱི་སློབ་གསོར་ཤུགས་བསྣན་ནས། མང་ཚོགས་ལ་ཁྲིམས་མཐུན་གྱི་ཐབས་ལམ་སྤྱད་དེ་གནད་དོན་ཐག་གཅོད་པར་ཁྲིད་སྟོན་བྱས། ད་ལྟའི་བར་དུ། སྡེ་སྡོད་ལས་བྱེད་རུ་ཁག་གིས་ཁྱིམ་ཚང་དང་ཁྱིམ་མཚེས་བར་གྱི་འགལ་བ་དང་རྩོད་གཞི8ཞི་འཇགས་སུ་བཏང་བ་དང་། གཉེན་སྟོན་དང་འདས་མཆོད་སྒྲུབ་པའི་མང་ཚོགས་ཐེངས2ལ་འདྲི་རྩད་དུ་སོང་། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།