ལས་སྒྲུབ་གཙོ་བོར་བཟུང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས།
2024.12.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

མི་དམས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས།

ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ལས། “ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་སྒྲུབ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་ཀྱིས་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། དཀའ་སྤྱད་མདུན་སྐྱོད། འབད་འབུངས་ཡར་བརྩོན་བཅས་བྱས་ནས།  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།

དུས་རབས་གསར་པའི་ཚུན་ལ།  ང་ཚོས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ངོ་མཚར་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་པ་དེ་ནི། མི་དམངས་དུང་ཕྱུར་མང་པོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སེམས་ཤུགས་གཅིག་ཏུ་སྒྲིལ་བ་དང་། ནུས་ཤུགས་གཅིག་ཏུ་འདོན་པ། རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་སྒྲུབ་བཅས་བྱས་ཏེ། ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད། མིག་སྔར། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་དེ་སྔར་བཞིན་དཀའ་ངལ་དང་འགྲན་རྩོད་མི་ཉུང་བ་ཞིག་འཕྲད་བཞིན་ཡོད། སྤྱི་ཡོངས་ནས་བལྟས་ན། འདི་དག་ཚང་མ་ནི་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་གནད་དོན་དང་མདུན་སྐྱོད་ཁྲོད་ཀྱི་འགྲན་རྩོད་ཡིན་པས། འབད་བརྩོན་བྱས་ན་ཁྱད་བསལ་བྱེད་ཐུབ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ཀྱི་མངོན་གསལ་དོད་པའི་དགེ་མཚན་འདོན་སྤེལ་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  ཕྱོགས་སོ་སོའི་མཐུན་རྐྱེན་དེ་དག་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་སྒྱུར་ཅི་ཐུབ་བྱས་ཚེ། ང་ཚོའི་སྔོན་དཔག་གི་དམིགས་འབེན་མངོན་འགྱུར་ཐུབ་ངེས་ཡིན་ལ། རང་རྒྱལ་གྱི་དཔལ་འབྱོར་གྲུ་གཟིངས་བརྟན་བརླིང་ངང་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་ཐུབ་ངེས་རེད།

ཐེངས་འདིའི་གྲོས་ཚོགས་ལས་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པའི་ཐད་བླང་བྱ་གསལ་བོ་རབ་དང་རིམ་པ་བཏོན་ཞིང་།  དྲང་ཕྱོགས་ཀྱི་ལྕག་སྐུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རུལ་སུངས་ལ་ཆད་པ་གཅོད་པ། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་དཔག་གི་དོ་དམ་ལ་ཤུགས་སྣོན་པ་སོགས་ཚང་མར་དོན་དངོས་ཀྱི་དམིགས་སའི་རང་བཞིན་དང་མཛུབ་སྟོན་རང་བཞིན་ཆེན་པོ་ལྡན་པ་དང་། དམིགས་ཡུལ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་གཅིག་སྒྲིལ་སྔར་ལས་ལེགས་པོ་བྱས་ཏེ། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་པའི་ཆེད་དུ་ཡིན་པ་རེད། འདི་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པར་དཔེ་བཞག་ནས་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཕྱོད་ཆེ་རུ་གཏོང་བར་གོ་བ་ལེན་པ་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས།  ནུས་ཆེའི་ཚད་ལྡན་དང་། དྲང་གཞག་འགྲན་རྩོད། སྒོ་འབྱེད་ལེགས་པོ་བཅས་ཀྱི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་རྒྱུ་དེ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་རྨང་གཞིའི་འདེགས་སྐྱོར་དང་ནང་གནས་བླང་བྱ་ཞིག་རེད། ཉེ་བའི་ལོ་ཤས་རིང《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར》བཟོ་བ་ནས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་གྱི་སྤྱིའི་བྱ་བའི་ཇུས་གཞི་འདོན་པའི་བར་དང་། གཅིག་གྱུར་ཁྲོམ་ར་དང་དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་སྲིད་ཇུས་དང་བྱེད་ཐབས་གཅིག་སྡུད་སྒོས་གཙང་བཤེར་བྱེད་པ་ནས།   རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་འཛུགས་སྐྲུན་བྱ་སྤྱོད་ལ་ཐེ་གཏོགས་མི་འོས་པའི་གནད་དོན་བཅོས་སྒྲིག་དང་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་བར་དུ། རྩེ་རིམ་ཇུས་འགོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། སྲིད་ཇུས་དང་བྱེད་ཐབས་ནུས་ལྡན་སྤྱོད་པ་བཅས་བྱས་ཏེ།  རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་ཡོད།

དོན་འཁྱོལ་དམ་འཛིན་བྱེད་པའི་འགག་རྩ་ནི“དམ་པ་དོན་གཉེར”ལ་ཐུག་ཡོད་དེ། བྱ་སྤྱོད་མགྱོགས་པོ་སྤེལ་བ་དང་བྱེད་ཐབས་ཏན་ཏིག་སྤྱོད་དགོས་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད། དེར་བརྟེན་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དམ་འཛིན་ལྷོད་མེད་བྱས་ཏེ་ཇི་མ་ཇི་བཞིན་དང་མགྱོགས་མྱུར་སྒོས་དོན་འཁྱོལ་བྱེད་དགོས།   “དུས་དང་རྣམ་པ་ཀུན་ཏུ་སེམས་མི་བདེ་བའི”འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་ཆབས་ཅིག “དོན་དག་ཚང་མར་གདེང་ཚོད་ཡོད་པའི”ལག་ལེན་དུ་བསྒྱུར་ཏེ་ཁ་བཤད་ལག་བསྟར་དང་དམ་འཛིན་མྱུར་སྒྲུབ་བྱེད་པ་ལས་དལ་དལ་ལྷོད་ལྷོད་བྱེད་མི་རུང་།

གནས་བབ་རྙོག་འཛིང་ཅི་ཙམ་ཆེ་བ་དང་ལས་འགན་དཀའ་ཚེགས་ཅི་ཙམ་ཆེ་ན་དེ་ཙམ་གྱིས་བྱས་རྗེས་དངོས་འཇོག་པ་དང་། བྱེད་ཐབས་དངོས་འདོན་པ། ཕན་འབྲས་དངོས་ཐོན་པ་བཅས་བྱེད་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་ས་གནས་ཀྱི་ཚོང་འགུགས་དངུལ་འདྲེན་གྱི་ཁྲིམས་སྲོལ་ལམ་ལུགས་ཚད་ལྡན་དུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་ཁྲོམ་རའི་ལམ་ལུགས་དང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བཅོས་སྒྱུར་བྱེད་ཐབས་བཏོན་ཞིང་། དེ་ནི་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཐོགས་མེད་འཁོར་རྒྱུག་དང་། ཐོན་ཁུངས་སྣ་ཚོགས་བཀོད་སྒྲིག་ནུས་ལྡན། ཁྲོམ་རའི་སྦས་ཤུགས་གང་ལེགས་སྒོས་སྔོག་འདོན་བཅས་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་དུ་རེད། ཐེངས་འདིའི་གྲོས་ཚོགས་ལས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་གྱི་ཁྲིད་སྟོན་བཟོ་དགོས་ཞེས་གསལ་བོ་བཏོན་ཡོད། དེ་ནི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པའི་མཚོན་རྟགས་རང་བཞིན་གྱི་བཅོས་སྒྱུར་བྱེད་ཐབས་ཤིག་ཡིན་ལ། ས་གནས་ཀྱི་སྲུང་སྐྱོབ་དང་ཁྲོམ་ར་ཁག་བགོས་སོགས་ཀྱི་འགལ་རྐྱེན་ནུས་ཤུགས་ཡོད་རྒུས་སེལ་བ་དང་། ལས་རྣམ་གསར་པ་དང་ཁྱབ་ཁོངས་གསར་པའི་ཁྲོམ་རའི་འཇུག་འཐུས་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱའང་རེད།  བཅོས་སྒྱུར་དང་འཕེལ་རྒྱས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བར་ངེས་པར་དུ་ཡོད་ཚད་དོན་དངོས་ནས་འགོ་རྩོམ་པ་རྒྱུན་འཁྱོངས་བྱས་ཏེ་བདེན་འཚོལ་དོན་གཉེར་བྱེད་དགོས། གྲོས་ཚོགས་ལས་བྱེད་ཐབས་མི་ཉུང་བ་ཞིག་བཏོན་པ་སྟེ།  དཔེར་ན། འཛད་སྤྱོད་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་ཟོང་འགྲེམས་མ་རྩ་ཇེ་ཆུང་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱེད་པ། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ་སོགས་ཚང་མ་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པ་དང་འབྲེལ་བ་དམ་ཟབ་ཡོད། ཆེ་ཕྱོགས་ནས་བལྟས་ན།  གྲོས་ཚོགས་ལས་བཏོན་པའི“ནང་སྒྲིལ་རྣམ་པའི”ཕྱོགས་བསྡུས་བཅོས་སྒྲིག་དང་། མ་རྩའི་ཁྲོམ་རའི་མ་དངུལ་བསྡུ་སྒྲིལ་གྱི་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། སྟོབས་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་ནང་གི་གྲོང་ཚོ་དང་ཉེན་ཁ་ཡོད་པའི་ཁང་རྙིང་སྒྱུར་བཀོད་ལག་བསྟར་བྱེད་པ་སོགས་ཚང་མ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགག་རྩའི་བརྒྱུད་རིམ་དང་གནད་དོན་ལ་གཅིག་སྡུད་བྱས་ཡོད།

དོན་འཁྱོལ་དམ་འཛིན་བྱེད་པར་ད་དུང་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཡོངས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པ་རེད།  རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ནི་བརྒྱུད་རིམ་རང་བཞིན་གྱི་བཅོས་སྒྱུར་ཤིག་ཡིན་པ་དང་། དེ་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད། རྒྱལ་ཡོངས་གཞི་གཅིག་ཅན་གྱི་ལག་རྩལ་དང་གཞི་གྲངས་ཁྲོམ་ར་སྐྱེད་སྲིང་བྱེད་པ་ནས་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འཛུགས་སྐྲུན་ས་ཆའི་ཁྲོམ་ར་གཏོད་པའི་བར་དང་། དེ་ནས་འདྲ་མཉམ་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གཉེར་སྐྱོང་བྱེད་པོ་ཁྲོམ་རའི་འདྲ་མཉམ་འགྲན་རྩོད་ནང་ཞུགས་པའི་ཚད་གཞི་རྒྱུན་མཐུད་ངང་མེད་པར་བཟོ་བ་སོགས་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་དང་། སྡེ་ཁག་གི་རོགས་ལས་ལ་ཤུགས་བསྣན་ནས་ས་གནས་ཀྱི་སྲུང་སྐྱོང་དང་ཁྲོམ་ར་ཁག་བགོས་ཀྱི་སྣང་ཚུལ་མེད་པར་བཟོས་ཏེ། གཏོར་འཛུགས་གལ་ཆེ་མཉམ་འཛིན་ཁྲོད་སྔར་ལས་འདྲ་མཉམ་དྲང་བདེན་གྱི་ཁྲོམ་རའི་ཁོར་ཡུག་ཅིག་བཏོད་ཡོད།

སྤྱི་ཡོངས་ལ་གཞིགས་ནས་བསམ་བློ་གཏོང་བ་དང་། སྤྱི་ཡོངས་ལ་གཞིགས་ནས་ཇུས་འགོད་བྱེད་པ། སྤྱི་ཡོངས་ལ་གཞིགས་ནས་བྱ་སྤྱོད་སྤེལ་བ་བཅས་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། དེ་མིན་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས“རྒྱལ་དོན་གྱི་ཆེ་ཕྱོགས”སེམས་སུ་བཅངས་ནས་གནད་དོན་ལ་བསམ་གཞིག་བྱས་ནས་ཇུས་ཐག་གཅོད་པ་དང་། རྩིས་ཆེན་པོ་དང་ཕུགས་ཀྱི་རྩིས་མང་ཙམ་རྒྱག་པ་དང་ཁོག་རྩིས་ཆུང་ཆུང་དང་འཕྲལ་རྩིས་ཉུང་ཙམ་རྒྱག་དགོས། རང་གནས་རིང་ལུགས་ལ་ངོ་རྒོལ་བྱས་ཏེ་སྲིད་ཇུས་བཟོ་བ་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཕན་འབྲས་ཀྱི་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་དང་ཞིབ་བསྡུར་དང་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཆེ་རུ་བཏང་ནས། ས་ཁུལ་མི་འདྲ་བ་དང་ལས་རིགས་མི་འདྲ་བར་རིགས་དབྱེ་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྡེ་ཁག་གི་མཐུན་སྦྱོར་དང་གོང་འོག་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས། བར་གྱི་འགོག་རྐྱེན་སེལ་ནས་སྲིད་ཇུས་ཀྱི་སྤྱི་ཡོངས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་དགོས།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་གནས་པར་བརྟེན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེས་ང་ཚོར་བླང་བྱ་སྔར་ལས་མཐོན་པོ་བཏོན་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར་གྱི་གནས་ལུགས་བློ་ལ་བརྟན་པོར་ངེས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་པ་དང་དངོས་སྒྲུབ་མཁན་ཡག་པོ་བྱེད་པ་དང་། གནད་ལ་འཁེལ་ན་དམ་འཛིན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།