ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་ངེས་པར་དུ་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”བྱ་བ་ཡག་པོར་སྒྲུབ་པའི་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་གི“ཞིང་གསུམ”བྱ་བ་ཡག་པོར་སྒྲུབ་པར་བཀོད་སྒྲིག་གལ་ཆེན་དང་བླང་བྱ་གསལ་བོ་བཏོན་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་བསམ་བློ་དང་བྱ་སྤྱོད་ཀྱི་ཐོག་ནས་མཛུབ་སྟོན་གནང་ཡོད།
ཟླ12ཚེས17དང18ཉིན་བར་པེ་ཅིང་དུ་འཚོགས་པའི་ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི “ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མིག་སྔའི“ཞིང་གསུམ”བྱ་བར་འཕྲད་པའི་གནས་བབ་དང་འགྲན་སློང་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། 2025ལོའི“ཞིང་གསུམ” བྱ་བར་བཀོད་སྒྲིག་ཞིབ་མོ་བྱས།
ད་ལོའི་ཚུན་དུ། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཇེ་ཆེར་སོང་བ་དང་ནང་ཁུལ་གྱི་དཀའ་ངལ་ཇེ་མང་དུ་སོང་བས་གནས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་ཆེན་པོ་ལྡན། ཏང་ཀྲུང་དབྱང་གིས་མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བབ་བརླིང་སྐབས་བསྟུན་དང་དཀའ་སྤྱད་མདུན་སྐྱོད་ཀྱིས“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་རྒྱུན་འཁྱོངས་བྱས་པས། “ཞིང་གསུམ”བྱ་བར་ཐོབ་དཀའ་བ་དང་མི་རྣམས་ལ་ངར་སེམས་འཕེལ་བའི་གྲུབ་འབྲས་ཐོབ་སྟེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་རྨང་གཞིའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།
འབྲུ་རིགས་ཐོན་སྐྱེད་ཐད་ནས་ད་ལོར་རྒྱལ་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་ཚད་ཁྱོན་བསྡོམས་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་བཞི་ཐེར་ཆེན་གཅིག་ཐེར་འབུམ་གསུམ་ཟིན་པ་དེ་ལོ་སྔོན་མ་ལས་རྒྱ་མ་ཐེར་ཆེན་གཉིས་དང་ཐེར་འབུམ་གཉིས་དུང་ཕྱུར་་གཉིས་འཕར་ནས་ལོ་རྒྱུས་ཐོག་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་ལྷག་གི་སྐས་རིམ་ལ་ཐོག་མར་སླེབས་ཡོད། ཞིང་པའི་ཡོང་འབབ་ཐད་ནས་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་སྟོང་དྲུག་ལྷག་ཟིན་ནས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་ཀྱི་ཧེ་བག་བལྟོས་བཅས་ཀྱིས་རྒྱུན་མཐུད་ངང་ཇེ་ཆུང་དུ་ཕྱིན་ཏེ་རྒྱ་ཆེའི་ཞིང་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཆེ་རུ་ཕྱིན་ཡོད། གྲོང་གསེབ་འཛུགས་སྐྲུན་ཐད་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡག་པོ་བྱུང་བ་དང་། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བ། སྡོད་བདེ་ལས་འཚམ་དང་འཆམ་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་འཕེལ་རྒྱས་ཡག་པོ་བྱུང་སྟེ། གྲོང་གསེབ་འདི་ཉིད་བདེ་སྡོད་ལས་བརྩོན་གྱི་ཁྱིམ་གཞི་ཞིག་ཏུ་གྱུར་ཡོད།
ལོ་གཅིག་རིང་གི་འཕེལ་རྒྱས་བརྒྱུད་རིམ་ནི་སྤྱིར་བཏང་གཏན་ནས་མིན་ཞིང་།“ཞིང་གསུམ”བྱ་བས་དམངས་སེམས་བདེ་འགོད་དང་སྤྱི་ཡོངས་བརྟན་བརླིང་གི“རྨང་རྡོ”ལྟ་བུའི་ནུས་པ་བཏོན་ཡོད། གྲོང་གསེབ་ཀྱི་ལས་དོན་ཡག་པོར་སྒྲུབ་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་འགག་རྩ་དེ་ཏང་ལ་ཐུག་པ་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི“ཞིང་གསུམ”བྱ་བ་ཡག་པོར་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་ཞིང་། ཏང་ཀྲུང་དབྱང་གི “ཞིང་གསུམ”བྱ་བའི་སྐོར་གྱི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པས། དུས་རབས་གསར་པའི་སྐྱོད་ལམ་གསར་པར་ཞིང་ལས་ལ་མཐོང་ཆེན་དང་ཞིང་ལས་སྟོབས་ཆེར་གཏོང་བའི་རྩ་བར་ནམ་ཡང་ལྷོད་གཡེང་གཏོང་མི་རུང་བ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་སྔར་བཞིན་གྲོང་གསེབ་ཏུ་གནས་ཡོད། སང་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཡིན་ཞིང་། སང་ལོའི“ཞིང་གསུམ”བྱ་བ་ཡག་པོར་བསྒྲུབ་རྒྱུ་དེ“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་ལས་འགན་སྤུས་ཚད་མཐོན་པོས་ཡོངས་འགྲུབ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། དེང་སྐབས་ཕྱི་ཕྱོགས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་ལས་ཐོན་པའི་ཤུགས་རྐྱེན་ངན་པ་ཇེ་ཟབ་ཏུ་ཕྱིན་པས། རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད། དཔལ་འབྱོར་གྱི་གནས་བབ་ཇི་ཙམ་རྙོག་འཛིང་ཆེ་ན“ཞིང་གསུམ” དེ་ཙམ་གྱིས་བརྟན་པོ་ཡོང་བ་བྱེད་དགོས། ང་ཚོས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། གྲོང་གསེབ་བཅོས་སྒྱུར་སྔར་ལས་ཟབ་སྤེལ། ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་གཟིགས་སྐྱོང་། ཞིང་པ་ཕྱུག་པོར་འགྱུར་བར་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ། ཞིང་པའི་ཡོང་འབབ་ཇེ་མང་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
འབྲུ་རིགས་དང་ལོག་དཀར་གྱི་འདེབས་ཁྱོན་ཆེ་བའི་མུའུ་རེའི་ཐོན་འབབ་མཐོར་གཏོང་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་ནས། ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་པ་དང་། དེ་ནས་རྨོ་ཞིང་སྲུང་སྐྱོབ་དང་སྤུས་ཚད་མཐོར་གཏོང་ལ་ཤུགས་སྣོན་པ་དང་ཞིང་ལས་ཚན་རྩལ་སྟོབས་ཤུགས་ཀྱི་མཐུན་སྦྱོར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་བར་བཅས་ཚོགས་འདུའི་ཐོག་སང་ལོའི“ཞིང་གསུམ”བྱ་བར་བཀོད་སྒྲིག་བྱས་ཤིང་། ཨང་དང་པོར་སླེབས་པ་ནི་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་ལེན་གྱི་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་རྒྱུ་དེ་ཡིན་པ་དང་། དེ་ཐོག་ནས་འབྲུ་རིགས་བདེ་འཇགས་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱེད་པའི་འཐབ་ཇུས་ཀྱི་ངེས་གནས་དང་འགན་འཁྲི་འཁུར་སེམས་མཚོན་ཡོད། “རྒྱལ་དོན་གྱི་ཆེ་ཕྱོགས”ཡིད་ལ་བཅངས་ནས་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་ནན་མོ་བྱེད་པ་དང་། རྨོ་ཞིང་གི་ཚད་མཐའ་བརྟན་པོར་སྲུང་བ། “ཞིང་ལས་ལ་བརྟེན་ནས་འབྲུ་གསོག་དང་ཚན་རྩལ་ལ་བརྟེན་ནས་འབྲུ་གསོག”དོན་ཐོག་ཏུ་འཁྱོལ་བ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་བ། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་དམ་པོར་འཛིན་པ་བཅས་བྱས་ཏེ། ཀྲུང་གོའི་ཟས་ཕོར་སྔར་ལས་བརྟན་པོར་འཛིན་དགོས།
དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་ནི་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཚད་མཐའི་ལས་འགན་ཞིག་རེད། ཚོགས་འདུ་ལས་གྲོང་གསེབ་ཀྱི་དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་བ་སྔོན་འགོག་ལམ་སྲོལ་དང་། ཡོང་འབབ་དམའ་བའི་མི་གྲངས་དང་དར་རྒྱས་མིན་པའི་ས་ཁུལ་ལ་རིགས་དབྱེའི་རོགས་སྐྱོར་ལམ་ལུགས་འཛུགས་པ་སོགས་ཀྱི་ཐད་བླང་བྱ་གསལ་བོ་བཏོན་ཡོད། མིག་སྔར་གཞི་ཚུགས་ཏེ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་དགོས་ལ། ཕུགས་ལ་དམིགས་པ་དང་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་ཡང་གཏོང་དགོས། བསམ་བློའི་ངོས་འཛིན་ཏན་ཏིག་གིས་མཐོ་རུ་གཏོང་བ་དང་ལས་དོན་དོན་འཁྱོལ་དམ་འཛིན་ནན་མོ་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་བའི་ཚད་མཐའ་བརྟན་པོར་སྲུང་དགོས།
གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་གཏོང་བ་ནི་བརྒྱུད་རིམ་རང་བཞིན་གྱི་བཟོ་འགོད་ཅིག་ཡིན་ཞིང་། ཐོན་ལས་དར་སྤེལ་ནི་གྲོང་གསེབ་ཀྱི་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས་ཤིག་ཡིན་ལ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་རྨང་གཞི་དང་འགག་རྩ་ཞིག་དེ་བས་ཀྱང་རེད། ཚོགས་འདུ་ལས་གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་བར་བཀོད་སྒྲིག་བྱས་ནས། གྲོང་གསེབ་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པ། ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ལ་དམིགས་ཏེ་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད། བྱ་བའི་གཙོ་གནད་དམ་འཛིན་དང་བྱ་བའི་བྱེད་ཐབས་གསར་གཏོད་ཀྱིས་ཡུལ་བབ་དང་བསྟུན་ནས་ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་པོ་ཞིག་ཏུ་བསྐྲུན་ནས། ཞིང་པ་ཚོའི་ཡོང་འབབ་འཕར་ཐུབ་པ་བྱེད་དགོས། “སྡེ་བ་སྟོང་གིས་དཔེ་སྟོན་དང་སྡེ་བ་ཁྲིར་བཅོས་སྒྲིག”བཟོ་འགོད་ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གཏོང་བ་སོགས་ལ་ནུས་ཤུགས་ཡོད་རྒུ་འདོན་པ་དང་། བྱེད་ཐབས་ལེགས་པོ་འདོན་པ། ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་ཐབས་བཟོས་ནས་སྡོད་བདེ་ལས་འཚམ་དང་མཛེས་སྡུག་འཆམ་མཐུན་གྱི་གྲོང་གསེབ་ཀྱི་རྣམ་པ་གསར་པ་ཞིག་གཏོད་དགོས།
བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་ཡང་འབད་བསྐྱར་འབད་དང་། འབད་འབུངས་ཡར་བརྩོན། དངོས་འཛིན་དངོས་སྒྲུབ། སྙིང་རུས་གཏན་འཁྱོངས་བཅས་བྱས་ནས། ཞིང་ལས་ཀྱི་རྨང་གཞི་སྔར་ལས་བརྟན་གཏོང་དང་། གྲོང་གསེབ་སྔར་ལས་དར་རྒྱས། ཞིང་པའི་འཚོ་བ་སྔར་ལས་ཕུན་་སུམ་ཚོགས་པོ་ཡོང་བ་བཅས་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།