དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི2025ལོའི་ལོ་གསར་ཤིས་ཚིག་གིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་ཁག་ཁུར་འགན་ལེན་དང་ཡར་བརྩོན་མདུན་སྐྱོད་བྱེད་པར་སྐུལ་མ་ཐེབས།
ལོ་ཟླའི་འཕོ་འགྱུར་ཁྲོད་སྐྱེལ་བསུའི་ལས་དོན་ཡག་པོར་བསྒྲུབས།
ལོ་གསར་བ་ཞིག་གི་འགོ་རྩོམ་སྐབས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་དང་མཉམ་འབྲེལ་དྲ་བ་བརྒྱུད་དེ2025ལོའི་ལོ་གསར་བའི་ཤིས་ཚིག་ཕུལ། ལྷག་བསམ་ལྡན་པའི་སྨོན་འདུན་དང་བརྩེ་བས་ཕྱུག་པའི་ཐུགས་ཁུར། བརྟན་བརླིང་གི་སྐད་ཆ་དང་མངག་བཅོལ་རེ་རེ་ནི། དཔྱིད་ཀྱི་དཔལ་མོ་ཇི་བཞིན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་དྲོད་འཁོལ་སྦྱིན་ཞིང་། བསིལ་རླུང་འཇམ་པོ་ཇི་བཞིན་དབྱིག་འཛིན་སྒེག་མོར་བྱིལ་བྱིལ་མཛད་ཅིང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་།
ཚང་མས་ལང་ལོང་སྒོས་བསྟན་དོན། ལོ་གསར་བའི་ཤིས་ཚིག་ཁྲོད་ནས་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ལས་སྒྲུབ་ཀྱི་སྙིང་སྟོབས་བསྐྱེད་པ་དང་དངོས་སྒྲུབ་ཁག་ཁུར་གྱི་བྱེད་ཕྱོགས་རྣམ་པས། ལོ་གསར་བའི་ནང་འབད་འབུངས་ཡར་བརྩོན་བྱེད་པར་སྒུལ་ནུས་གསར་བ་སྣོན་ཐུབ་ཅིང་། ཁག་ཁུར་འགན་ལེན་དང་ཡར་བརྩོན་མདུན་སྐྱོད་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པར་སྐུལ་འདེད་ཏག་ཏིག་གཏོང་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་དགོས་ཟེར།
མངག་བཅོལ་ཡིད་ལ་བཟུང་སྟེ་ཡར་བརྩོན་གྱི་སྟོབས་ཤུགས་བསྐྱེད་དགོས།
2024ལོར། ང་ཚོས་དབྱར་དགུན་སྟོན་དཔྱིད་མཉམ་རོལ་དང་། ཆར་རླུང་ཁྲོད་ཀྱི་འཇའ་ཚོན་ལྟ་བུའི་སྐད་ཅིག་མ་རེ་རེ་སྤྱིར་བཏང་མ་ཡིན་པའི་ལོ་གཅིག་གི་རེའུ་མིག་ནང་གཏན་དུ་བཀོད་ཡོད་པས་སེམས་འགུལ་ཐེབས་ཤིང་བརྗེད་ཐབས་མེད་པ་ཞིག་རེད།
ལོ་རེའི་ལོ་གསར་བ་ཞིག་གི་འགོ་རྩོམ་པའི་དགོང་མོར། ཚང་མས་བརྙན་འཕྲིན་གྱི་མཐའ་སྐོར་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་བའི་ཤིས་ཚིག་གསུངས་བར་བལྟ་བ་ནི། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཞིས་ཁྲོན་ལྷོ་ལམ་ཞིན་ཉིང་གཞིས་ཁུལ་གྱི་སྡོད་དམངས་ཞུའུ་ཀྲི་ཐའོ་ཚང་གི་ལོ་དུ་མའི་གོམས་སྲོལ་ཞིག་ཏུ་གྱུར་ཡོད།
ཞུའུ་ཀྲི་ཐའོ་ཡིས་ལོ་རེའི་ལོ་གསར་རྙིང་བརྗེ་བའི་དུས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་བའི་སྨོན་འདུན་གོ་ཐུབ་པས། དེར་ཉན་པ་ལས་ང་ཚོ་མ་འོངས་པའི་ཕྱོགས་ལ་ཡིད་ཆེས་ཀྱིས་ཁེངས་པར་བྱེད། ལོ་གསར་བ་བསུ་བའི་སྐབས་འདིར། མེས་རྒྱལ་དར་རྒྱས་གོང་འཕེལ་དང་རྒྱལ་ཁམས་བདེ་ལ་མི་དམངས་དགའ་ཞིང་སྐྱིད་པར་སྨོན་ཞེས་ངག་འཇམ་པོའི་སྒོ་ནས་བཤད་བྱུང་།
ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་ལིས་ཆང་གིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྩེ་སེམས་ཟབ་མོའི་སྒོ་ནས་ང་ཚོར་མེས་རྒྱལ་དར་རྒྱས་གོང་འཕེལ་དང་འབྱོར་ཕྱུག་དཔལ་ཡོན་རྒྱས་པའི2024ལོ་ཕྱིར་དྲན་བྱེད་དུ་བཅུག་ནས། སྐྱོད་ལམ་གསར་བའི་སྟེང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་མངོན་པར་བྱས་ཏེ། སེམས་སུ་དྲོད་འཁོལ་དང་ཡིད་ཆེས། སྟོབས་ཤུགས་བཅས་བསྩལ་བྱུང་ལ། བླངས་པའི་གྲུབ་འབྲས་ཀྱིས་ཡར་བརྩོན་གྱི་སེམས་ཤུགས་བསྐྱེད་ཅིང་། རྣམ་པ་དེ་ལས་འབད་འབུངས་ཀྱི་བློ་སྤོབས་རྒྱས་སུ་བཅུག་ལ། ཁོད་ཡངས་པའི་མཐོང་རྒྱ་ལས་རེ་ལྟོས་ཆེ་རུ་བཏང་བས། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་བྱ་བའི་སྤུས་འདེགས་ནུས་སྤེལ་ལ་སྔར་ལས་སྐུལ་འདེད་ཐུབ་ཅིང་། ཏང་གི་གསར་དར་ཁྱབ་ཁོངས་ཀྱི་ཤུགས་རྐྱེན་ནུས་པ་དང་སྐུལ་སློང་ནུས་པ། གཅིག་སྡུད་ནུས་པ་བཅས་ཤུགས་དྲག་ཏུ་གཏོང་ཐུབ་ཟེར།
ཁྱིམ་དོན་དང་རྒྱལ་དོན། གནམ་འོག་གི་དོན་དག་གང་ཡིན་རུང་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཏུ་འཇུག་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་བའི་ཤིས་ཚིག་ཁྲོད་དམངས་དོན་སེམས་སུ་ཉར་བའི་བརྩེ་བ་ཟབ་མོ་ཚོར་ཐུབ་པས། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཆིན་ཧྲོས་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་མཱ་ཞའོ་ཧྥིན་ལ་སེམས་འགུལ་ཆེན་པོ་ཐེབས།
མཱ་ཞའོ་ཧྥིན་གྱིས་བཤད་རྒྱུར། ངས་དུས་ནམ་ཡང་མངག་བཅོལ་ཡིད་ལ་དམ་པོར་བཟུང་སྟེ། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དམངས་ཚིས་དོན་དངོས་ནན་ཏན་སྒོས་ལེགས་པོར་སྒྲུབ་པ་དང་། སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པའི་འགན་འཁྲི་དང་ཁག་ཁུག་མངོན་པར་བྱེད་རྒྱུ་ཡིན་ཟེར།
ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གསར་འགྱུར་དྲིལ་སྒྲོག་ཁྲུའུ་ཡི་ལས་བྱེད་པ་ཀྲང་ཞའོ་ཀྲིན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི་ལོ་གསར་བའི་ཤིས་ཚིག་གི་ཚིག་འབྲུ་རེ་རེ་ནི་བརྟན་ཞིང་བརླིང་པ་དང་བརྩེ་དུང་གིས་ཡོངས་སུ་ཕྱུག་པ་ཞིག་ཡིན་པས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ངས་མུ་མཐུད་དུ་རིམ་པ་སོ་སོའི་དམངས་ཆེན་དང་དམངས་ཆེན་འཐུས་མིའི་འགན་སྒྲུབ་གཏམ་རྒྱུད་སྔོག་འདོན་ཟབ་མོ་དང་བརྒྱུད་བསྒྲགས་བྱས་ཏེ། དམངས་ཆེན་གྱི་གཏམ་བཟང་འཆད་པ་དང་དམངས་ཆེན་གྱི་གཙོ་དོན་བསྐྱངས་ནས་དམངས་ཆེན་དྲིལ་སྒྲོག་བྱ་བའི་རྣམ་པ་གསར་པ་ཞིག་རྒྱུན་ཆད་མེད་པར་བསྐྲུན་འདོད་ཡོད་ཟེར།
ཕུགས་འདུན་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་ལ་བརྟེན་ནས་བྱས་རྗེས་འཇོག་དགོས།
ཕུགས་བསམ་རྒྱང་རིང་ཡང་འཚོལ་སྙེག་བྱས་པས་འགྲུབ་པར་ངེས། རེ་འདོད་ཇི་ལྟར་དཀའ་ཁག་ཆེ་ཡང་རྒྱུན་འཁྱོངས་བྱས་ན་འགྲུབ་པར་ངེས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ལས་ཀྲུང་གོའི་མི་དམངས་དུང་ཕྱུར་མང་པོའི་གཟི་བརྗིད་དང་ཕུགས་བསམ་དེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་བཞག་བསྐྲུན་པའི་སྐྱོད་ལམ་གསར་པའི་སྟེང་མངོན་འགྱུར་འབྱུང་བར་སྐུལ་མ་གཏོང་ཐུབ།
ལོ་གསར་བ་བསུ་བའི་སྐབས་སུ། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་བརྒྱད་གཅིག་ལམ་སྲང་ལམ་གྱི་ཁཱང་ཉིང་གཞིས་ཁུལ་གྱི་ཏང་ཡོན་མང་ཚོགས་ཀྱིས་རེ་བ་དང་ཡིད་ཆེས་ཀྱི་སྒོ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་བའི་ཤིས་ཚིག་ལ་ཉན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཡར་སྐུལ་གྱི་གསུང་བཤད་ལས་གཞིས་ཁུལ་དུ་བྱ་བ་སྒྲུབ་མཁན་ཧྥུའུ་ཁྲུན་ཀི་ལ་སེམས་འགུལ་ཚད་མེད་ཐེབས།
ཧྥུའུ་ཁྲུན་ཀི་ཡིས་བཤད་རྒྱུར། ངས་སེམས་ཤུགས་མཉམ་འདོན་གྱིས་སྡོད་དམངས་ཀྱི་དོན་དག་ཆེ་ཆུང་ཐག་གཅོད་བཟང་པོ་བྱས་ཏེ། གཞིས་ཁུལ་དེ་དྲོད་འཁོལ་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་བསྐྲུན་ནས་ཚང་མའི་གདོང་གི་འཛུམ་མདངས་དང་སེམས་ཀྱི་དྲོད་ཐིགས་ཇེ་མང་དུ་གཏོང་རྒྱུ་ཡིན་ཟེར།
ཀྲུའུ་ཞི་ཅིན་ཕིང་གི་ལོ་གསར་བའི་ཤིས་ཚིག་ཁྲོད་ཀྱི་རེ་བའི་མྱུ་གུ་རེ་རེ། མཚོ་སྔོན་གྱི་རིག་གནས་གསར་སྤེལ་ཁྱབ་ཁོངས་སུ་ཐོག་མར་ཞུགས་པའི་ན་གཞོན་ལས་གཏོད་པ་ཝང་ཧྲན་ཧྲན་གྱི་སེམས་སུ་འབུས་མགོ་བརྩམས།
ཝང་ཧྲན་ཧྲན་གྱིས་བཤད་རྒྱུར། ལོ་གསར་བའི་ནང་ང་རང་ཡིད་ཆེས་བརྟན་པའི་རེ་སྙེག་མཁན་ཞིག་བྱས་ཏེ། ལས་གཏོད་ཀྱི་དམིགས་འབེན་ལ་ཁ་གཏད་ནས་རིག་གནས་ཀྱི་གདིང་ཤུགས་བསྐྱེད་པ་དང་། རྒྱུན་ཆད་མེད་པར་སྲོལ་རྒྱུན་རིག་གནས་དང་ཡུལ་ལུང་གི་ཁྱད་ཆོས་མཉམ་འདྲེས་ཡོང་བར་བྱས་ནས། དེང་སྐབས་ཀྱི་མཛེས་དཔྱོད་ལྟ་བ་དང་མཐུན་པའི་རིག་གནས་གསར་སྤེལ་གྱི་ཐོན་རྫས་གང་མང་ཇུས་འགོད་བྱས་ཏེ། མི་སྒེར་གྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་གོམ་པ་ཆེན་པོ་སྤོ་རྒྱུ་ཡིན་ཟེར།
མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་དམངས་དོན་འདྲི་གཅོད་ཐིན་གཉིས་པའི་ཐིན་ཀྲང་ལིའུ་ཅང་ཅིན་གྱིས་བཤད་རྒྱུར། ལོ་གསར་བའི་ཤིས་ཚིག་ཁྲོད་ནས་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ཕུགས་འདུན་ཡིད་ཆེས་བརྟན་པོ་དང་ཁག་ཁུར་འོས་འགན་དྲག་པོ། དམངས་དོན་བསམ་པའི་ལྷག་བསམ་བཅས་ལ་བརྟེན་ནས། ཁྲིམས་འཛིན་དམངས་ཀྱི་ཆེད་ཡིན་པ་དང་དྲང་གཞག་ཁྲིམས་འཛིན་རྒྱུན་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་དོན་རེ་རེའི་ཁྲོད་འདྲ་མཉམ་དང་དྲང་བདེན་ཚོར་ཐུབ་པར་འབད་པ་བྱེད་རྒྱུ་ཡིན་ཟེར།
ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་གྱི་སྲིད་གྲོས་ཨུ་ཡོན། ཆེད་དོན་ཨུ་ཡོན་ལྷན་ཁང་བྱ་བའི་གཞུང་སྒྲུབ་ཁང་གི་ལས་བྱེད་པ་ལིའུ་ཐའོ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི་ལོ་གསར་བའི་ཤིས་ཚིག་ནང་དུ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་ཡོད་ལ། ཀྲུང་གོའི་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོ་གསལ་བོར་མངོན་ཡོད། ལོ་སར་ཤིས་ཚིག་ཁྲོད་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུལ་ལྕག་དང་ཐུགས་ཁུར་གཟབ་རྒྱས་གནང་བ་དེ་ལས་སྒྲུབ་ལས་སྤེལ་གྱི་སྒུལ་ཤུགས་དྲག་པོ་རུ་འགྱུར་བར་བྱས་ཏེ། འོས་འགན་ཕྲག་ཏུ་ལེན་པ་དང་བབ་བསྟུན་མདུན་སྐྱོད་བྱེད་དགོས་ཤིང་། མཚོ་སྔོན་ལ་རྒྱུས་ལོན་དང་མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་གཏོང་བའི་བརྩེ་སེམས་འགན་འཁྲི་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་མི་སྒེར་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
འབད་འཐབ་ཀྱི་དུང་བརྡ་སྒྲོག་བཞིན།
མདུན་ལྗོངས་ཡངས་པོ་བསྐྲུན།
“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐྱོད་ལམ་གསར་བའི་སྟེང་། མི་རེ་རེ་ནི་མི་སྣ་གཙོ་བོ་ཡིན་པ་དང་འབད་བརྩོན་རེ་རེ་ནི་རྩ་ཆེ་བ་ཞིག་ཡིན་ལ། འོད་ཟེར་རེ་རེ་ལམ་ལམ་འཚེར་བཞིན་ཡོད།”
སྡོད་གནས་ཀྱི་མཚོ་འཕང་སྨི4774ཡོད་པའི་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་མཚོ་ནུབ་ཡན་ལག་རུ་ཁག་གི་ལས་འགན་རུ་ཁག་བདུན་པས་མཚོ་བོད་ལྕགས་ལམ་ཁུ་ནི་རི་བོའི་ཕུག་ལམ་སྲུང་སྐྱོབ་བྱེད་པའི་ལས་འགན་འཁུར་ཡོད། ལོ་གསར་སླེབས་པའི་སྐབས་སུ་མཚོ་བོད་ལམ་ཐིག་ཏུ་ལོ10ཡི་རིང་ལ་དམག་ཞབས་བྱས་པའི་ཧྲང་ཧྲི་རིམ་པ་གཉིས་པའི་སུང་ཙི་ཧྲའེ་ཡིས་ཁོའི་འཐབ་གྲོགས་ཚོ་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི2025ལོའི་ལོ་གསར་གྱི་རྟེན་འབྲེལ་ཤིས་ཚིག་ལ་ནན་ཏན་གྱིས་ཉན་བཞིན་འདུག
སྤྱིར་བཏང་གི་ཕུག་ལམ་སྲུང་དམག་ཞིག་ཡིན་པའི་ངོས་ནས་འཁྱགས་རླུང་གི་གྲང་ངར་དང་དབྱང་རླུང་མི་འདང་བར་མི་སྐྲག་པར། ངས་དུས་དང་རྣམ་པ་ཀུན་ཏུ་ལས་གནས་བརྟན་སྲུང་བྱས་ཏེ། མི་ཚེ་ཡི་འོད་སྣང་བསྐྲུན་པར་འབད་བརྩོན་བྱས་ཏེ། མེ་འཁོར་རེ་རེ་གངས་ཁུལ་གྱི་མཁའ་ལམ་ནས་བདེ་འཇགས་ངང་བརྒལ་བར་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་སུང་ཙི་ཧྲའེ་ཡིས་བཤད།
“ལོ་གསར་གྱི་རྟེན་འབྲེལ་ཞུ་ཚིག་ནང་། ཀྲུའུ་ཞི་ལི་ཅིན་ཕིང་གི་ལྷག་བསམ་ཟོལ་མེད་དང་གཞུང་དྲང་གི་སྐད་ཆ་དེ་ནི་ཆུ་རྒྱུན་རིང་མོ་ཞིག་དང་འདྲ་བར་ང་ཚོའི་སེམས་པའི་ཞིང་སར་སིམ་ཡོད། ”ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་ལིའུ་ཡན་ཧུང་གིས་བསྟན་དོན། དུས་རབས་གསར་པའི་རྩ་འཛུགས་བྱ་བའི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། མི་སྒེར་གྱི་འབད་འཐབ་དེ་འགྲུལ་བཞུད་གསར་པའི་ནང་དུ་འདྲེས་པར་བྱས་ཏེ། དུས་ཚོད་ཀྱིས་མི་ལ་མི་སྒུག་པའི་འདུ་ཤེས་ལ་བརྟེན་ནས་ཉིན་མཚན་ཀུན་ཏུ་བརྩོན་པ་བསྐྱེད་པའི་བསམ་པའི་རྣམ་འགྱུར་གྱིས“བགྲོད་ལམ་ཇི་ལྟར་དཀའ་ཚེགས་ཆེ་ནའང་མི་ལྡོག་བརྟན་པོའི་བརྩོན་འགྲུས་བསྐྱེད”པའི་ངར་ཤུགས་ཀྱིས་ཁག་འཁུར་འབད་འཐབ་གྱིས་ཏང་གི་རྩ་འཛུགས་བྱ་གཞག་ལ་འབད་བརྩོན་ལྷོད་མེད་བྱ་དགོས་ཟེར།
“ལོ་གསར་གྱི་ཤིས་ཚིག་ལ་ཉན་རྗེས། ང་ལ་མུ་མཐུད་དུ་སྤོབས་སེམས་ཆེན་པོས་མདུན་སྐྱོད་བྱེད་པའི་སྙིང་སྟོབས་བསྩལ་བྱུང་། ”ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྭ་ལིན་ཡུལ་ཚོ་ཨ་ཅ་ཀི་སྡེ་བར་སྡོད་པའི་ཧྲུའུ་ཅི་དང་པོ་ཅན་ཁྲིན་ཀོས་ཀྱིས་བསྟན་དོན། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བའི་དམིགས་འབེན་གཏན་འཁེལ་བྱས་ཏེ་སྔར་ལས་སྙིང་སྟོབས་ཆེན་པོ་དང་། བྱ་བའི་སྤྱོད་ཚུལ་སྔར་ལས་གཟབ་ནན་དང་བྱ་བའི་བྱེད་ཐབས་སྔར་ལས་ནུས་ལྡན་ཡིན་པ་བཅས་ཀྱི་སྟེང་ནས། མི་དམངས་ལ་ཞབས་འདེགས་ཞུ་བའི་བྱ་བ་དངོས་སྒྲུབ་ནས་ཡུལ་མི་ཚོའི་འཚོ་བ་སྔར་ལས་དར་རྒྱས་ཡོང་བར་འབད་བརྩོན་བྱ་རྒྱུ་ཡིན་ཟེར།
“ཏང་ཡོན་ལས་བྱེད་པའི་ངོས་ནས་བརྗོད་ན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་རྟེན་འབྲེལ་ཤིས་ཚིག་ནི་སྐད་ཆ་དུམ་བུ་ཙམ་ཁོ་ན་མ་ཡིན་པར་དེ་ལས་ཀྱང་མངགས་བཅོལ་ཞིག་དང་རེ་བ་ཞིག་ཀྱང་རེད།”མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མ་ཀྲུང་ལུའུ་ཡིས་བསྟན་དོན། མུ་མཐུད་དུ་ལྟ་སྐུལ་གྱི“ཆེར་ཤེལ”དེས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པ་དང་། སྤྱི་ཚོགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས། མང་ཚོགས་ཀྱི་ཉེ་འགྲམ་གྱི་རུལ་སུངས་གནད་དོན་དང་དྲང་བདེན་མིན་པའི་སྤྱོད་ཚུལ་སྣ་ཚོགས་མུ་མཐུད་དུ་བཅོས་སྒྲིག་གཏིང་ཟབ་བྱས་ཏེ། སྒྲིག་ཁྲིམས་ནན་མོ་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་སྲུང་སྐྱོང་བྱ་རྒྱུ་ཡིན་ཟེར།
གཡང་འབུམ་རྒྱལ་དང་རིག་འཛིན་སྒྲོལ་མས་བསྒྱུར།