ཧེ་ཡན་རྫོང་གིས་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འཚོ་བར་འགན་སྲུང་བྱས།
2025.01.08 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 7

 ཉེ་བའི་ལོ་འགའི་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་གནད་དོན་ཐག་གཅོད་ལེགས་པོ་བྱེད་ཆེད། དམངས་འཚོའི་འགན་སྲུང་ལས་དོན་ཏན་ཏིག་གིས་བསྒྲུབས་པ་དང་སྤྱི་ཚོགས་ཀྱི་རོགས་སྐྱོར་སྲིད་ཇུས་སྣ་ཚོགས་འཐུས་ཚང་དུ་གཏོང་བ། དམངས་འཚོའི་འགན་སྲུང་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་།

ཧེ་ཡན་རྫོང་གིས་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་གནད་ལ་འཁེལ་བའི་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་པ་དང་། གཞི་གྲངས་ཆེན་མོའི་བསྡུར་གྲངས་དང་མཐིལ་རྟོགས་གྲལ་བཤེར་བྱེད་ཐབས་སྤྱད་དེ། ཁྱིམ་ཚང་དུ་སོང་ནས་རྩད་ཞིབ་བྱས་པ་བརྒྱུད། དུས་ཐོག་ཏུ་ཡོང་འབབ་དམའ་བའི་མི་གྲངས་ཀྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་རིག་མཛོད་དང་རོགས་སྐྱོར་ནང་འཇོག་དགོས་པའི་མང་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་པར་འགན་ལེན་བྱས།

མིག་སྔའི་བར་རྫོང་ཡོངས་སུ་ཁྱོན་སྡོམ་ཁྱིམ་ཚང4188ལ་རྩད་ཞིབ་བྱས་པ་དང་། 2024ལོར་གྲོང་རྡལ་གྱི་ཁྱིམ་ཚང63ཡི་མི160གསར་དུ་མ་མཐའི་འཚོ་བའི་འགན་སྲུང་ཁྲོད་བཞག་སྟེ་མ་དངུལ་སྒོར་འབུམ་དགུ་དང་ཁྲི་གསུམ་ལྷག་སྤྲད། གྲོང་གསེབ་ཀྱི་ཁྱིམ་ཚང84ཡི་མི215གསར་དུ་མ་མཐའི་འཚོ་བའི་འགན་སྲུང་ཁྲོད་བཞག་སྟེ་མ་དངུལ་སྒོར་འབུམ་བདུན་དང་ཁྲི་དགུ་ལྷག་སྤྲད། མིག་སྔའི་བར་རྫོང་ཡོངས་སུ་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང379དང་མི་གྲངས803ཡོད་ཅིང་། རོགས་སྐྱོར་མ་དངུལ་སྒོར་ས་ཡ་བདུན་འབུམ་བཞི་ཁྲི་གཉིས་ལྷག་སྤྲད་ཡོད། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང534དང་མི་གྲངས1237ཡོད་པར་རོགས་སྐྱོར་མ་དངུལ་སྒོར་ས་ཡ་དྲུག་འབུམ་གཉིས་ཁྲི་བརྒྱད་སྤྲད་ཡོད། སྤྱི་ཚོགས་རོགས་སྐྱོར་གྱི་མ་མཐའི་ཚད་གཞི་དང་མྱུར་སྐྱོབ་དཀའ་སེལ་གྱི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཏེ། ཁྱིམ་ཚང604ཡི་མི་གྲངས1724ལ་གནས་སྐབས་རོགས་སྐྱོར་མ་དངུལ་སྒོར་ས་ཡ་གཉིས་འབུམ་དགུ་ཁྲི་གསུམ་ལྷག་བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོལ་བྱུང་རང་བཞིན་དང་གནས་སྐབས་རང་བཞིན།  ཛ་དྲག་རང་བཞིན་གྱི་དཀའ་ཁག་ལ་རོགས་སྐྱོར་བྱས།

ཧེ་ཡན་རྫོང་གིས་གཉོམ་ཆུང་ཉམས་ཞན་ཅན་ལ་དོ་ཁུར་བྱས་ཏེ། ཞབས་ཞུའི་སྤུས་ཚད་ཧུར་ཐག་གིས་མཐོ་རུ་བཏང་ཞིང་། དགོས་མཁོའི་ཕྱོགས་སྟོན་རྒྱུན་འཁྱོངས་དང་བྱེད་ཐབས་གསར་གཏོད་བྱས་ཏེ། ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ལ། འཚོ་བའི་འགན་སྲུང་ཆུ་ཚད་ནུས་ལྡན་ངང་ཇེ་མཐོར་བཏང་ཡོད།  ཧེ་ཡན་རྫོང་གི་རྒན་པའི་བཟའ་བཏུང་གི་དགོས་མཁོ་སྐོང་ཆེད་རྫོང་དམངས་སྲིད་ཅུའུ་ཡིས་སྡེ་ཁུལ་གྱི་སྟོང་བར་ལུས་པའི་ཁང་པ་དང་མཐའ་འཁོར་གྱི་བཟའ་བཏུང་དགོས་མཁོ་ཡོད་པའི་རྒན་པའི་གྲངས་ཀ་སོགས་ལ་ཕྱོགས་བསྡུས་རྩད་ཞིབ་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ། སྡེ་བ་སོ་སོར་སོང་ནས་བརྟག་དཔྱད་དང་རྒྱུས་ལོན་བྱས་ནས་ལས་གཞིའི་མ་དངུལ་སྒོར་འབུམ་དགུ་བརྩོན་ལེན་བྱས་ཤིང་། རྒན་པར་བཟའ་བཏུང་རོགས་སྐྱོར་བྱ་ཡུལ15གསར་སྐྲུན་ལེགས་འགྲུབ་བྱུང་སྟེ་ལས་གཉེར་བྱེད་མགོ་བརྩམས།

མིག་སྔར་ཧེ་ཡན་རྫོང་ལ་རྒན་པར་བཟའ་བཏུང་རོགས་སྐྱོར་བྱེད་ས30ཡོད་པ་དང་། སྡོམ་རྩིས་བྱས་ན་རྒན་པ་མི་ཐེངས་ཁྲི་གཉིས་སྟོང་དགུ་ལྷག་ལ་ཟ་མའི་རོགས་སྐྱོར་གྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། ལོ་ན་མཐོ་བའི་རྒན་པར་འགུལ་རྣམ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་ཁ་གསབ་རོགས་དངུལ་སྤྲོད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། རྫོང་ཡོངས་ཀྱི་ལོ་ན་མཐོ་བའི་རྒན་པ1877ལ་ཁ་གསབ་རོགས་དངུལ་སྒོར་ས་གཉིས་འབུམ་བཞི་ཁྲི་ལྔ་ལྷག་སྤྲད་ཟིན། བྱིས་པ་རིགས་བཅུར་རྩད་ཞིབ་ཚད་ལེན་དང་བསྡོམས་རྩིས་དབྱེ་ཞིབ་ལས་དོན་ཁྱོན་ཡོངས་ནས་སྤེལ་ཞིང་། མིག་སྔའི་བར་ཁྱོན་བསྡོམས་བྱིས་པ5909གྲལ་བཤེར་བྱས་པ་དང་བྱིས་པ་རིགས་བཅུའི་དཀའ་ངལ་ཡོད་པའི་བྱིས་པ529གྲལ་བཤེར་བྱས།  ལག་ཁྱེར་ཡོད་པའི་སེམས་ཁམས་བར་གེགས་ནད་པ54ལ་སྨན་འཐུང་བའི་སྦྱོང་བརྡར་དང་འཚོ་བའི་རྩལ་ནུས་སྦྱོང་བརྡར། ཁྱིམ་དུ་བསྐྱོད་ནས་འཚམས་འདྲི་བྱེད་པ། རོལ་རྩེད་དང་འབྲེལ་ནས་ལུས་གསོའི་སྨན་བཅོས་བྱེད་པ། དེ་བཞིན་ནད་པའི་ཁྱིམ་མིར་བསམ་ཚུལ་བརྗེ་རེས་བྱས་ནས་བདེ་ཐང་ཞབས་ཞུ་ཁྱོན་སྡོམ་ཐེངས762ལྷག་ཙམ་མཁོ་འདོན་བྱས་པ་དང་། དབང་པོ་སྐྱོན་ཅན1022ལ་ཁ་གསབ་རོགས་དངུལ་སྒོར་ས་ཡ་གཅིག་ལྷག་སྤྲད་ཟིན།

ཧེ་ཡན་རྫོང་གིས་ས་ཆ་གཞན་དུ་ལས་སྒྲུབ་བྱས་ཆོག་པའི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། སྤྱི་ཚོགས་རོགས་སྐྱོར་ས་ཆ་གཞན་དུ་རེ་ཞུ་བྱས་ཆོག་པའི་ཚོད་ལྟ་བྱས་པ་བརྒྱུད། སྟབས་བདེ་དང་ལས་ཆོད་ཆེ་བ། དྲང་གཞག་བཅས་ཀྱི་སྤྱི་ཚོགས་རོགས་སྐྱོར་ས་ཆ་གཞན་དུ་རེ་ཞུ་སྒྲུབ་ཆོག་པའི་ལམ་སྲོལ་བཙུགས་ཏེ། མ་མཐའི་འཚོ་རྟེན་འགན་སྲུང་རེ་ཞུ་དེ་ཁྱིམ་ཐོ་ཡོད་སར་མ་གཏོགས་སྒྲུབ་མི་ཆོག་པའི་ཚོད་འཛིན་ཆ་རྐྱེན་མེད་པར་བྱས་ནས། འཚོ་བར་དཀའ་ངལ་ཡོད་ཅིང་ཁྱིམ་ཐོ་ས་གནས་རང་དུ་མེད་པའི་མི་སྣར་དངོས་ཡོད་སྡོད་གནས་སུ་དུས་ཐོག་ཏུ་སྤྱི་ཚོགས་ཀྱི་རོགས་སྐྱོར་ཐོབ་ཐུབ་པ་དང་གཞི་རྩའི་འཚོ་བའི་ཁེ་དབང་ལ་འགན་སྲུང་བྱས།

དེ་དང་ཆབས་ཅིག་ཁོངས་གཏོགས་ཁུལ་གྱི་མི་སྣ་སྟེ། ལྷག་པར་དུ་འཁོར་རྒྱུག་མི་གྲངས་དང་ཕྱི་ནས་ལས་ཀར་ཡོང་བའི་མི་སྣའི་འདུས་སྡོད་ཁུལ་ལ་དོ་ཁུར་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ལྟར་རྩད་ཞིབ་བྱེད་པའི་ལམ་ལུགས་བཙུགས་ཏེ་ཡུལ་དངོས་སུ་འདྲི་རྟོག་བྱེད་པའི་བྱེད་ཐབས་བརྒྱུད། རང་རྟོགས་ངང་སྡོད་མིའི་འཚོ་བའི་གནས་ཚུལ་དང་དགོས་མཁོར་རྒྱུས་ལོན་བྱས་ལ། ཁྱིམ་ཐོ་རང་ས་གནས་ཀྱི་མིན་པའི་དཀའ་ངལ་ཡོད་པའི་མང་ཚོགས་ལའང་རྫོང་རང་གི་སྤྱི་ཚོགས་རོགས་སྐྱོར་ལོངས་སྤྱོད་བྱེད་ཐུབ་པར་འགན་ལེན་བྱས། མིག་སྔའི་བར<<ཧེ་ཡན་རྫོང་གི་ས་ཆ་གཞན་དུ་མ་མཐའི་འཚོ་བའི་འགན་སྲུང་རེ་ཞུ་བྱེད་པའི་སྤྱི་ཚོགས་རོགས་སྐྱོར་ཚོད་ལྟའི་ལས་དོན་ཇུས་གཞིའི>>ཡིག་ཆའི་བླང་བྱ་ལྟར། 2024ལོར་ས་ཆ་གཞན་དུ་ཡོད་པའི་ཁྱིམ་ཚང12ཡི་མི32ལ་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ལོངས་སུ་སྤྱོད་ཐུབ་པ་བྱུང་བ་དང་། ཁྱིམ་ཚང4ཡི་མི16ལ་གནས་སྐབས་རོགས་སྐྱོར་ལག་བསྟར་བྱས་ཏེ་མ་དངུལ་སྒོར་ཁྲི་དྲུག་ལྷག་སྤྲད་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།