སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
“དུས་རབས་གསར་པའི་སྐྱོད་ལམ་གསར་པར་བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས”། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་སྐྱོད་ལམ་གསར་པའི་ཏང་གི་ལས་འགན་མངོན་འགྱུར་བྱེད་པར་དམིགས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྩ་བའི་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་བ་རེད།
ང་ཚོའི་ཏང་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཡིན་པས། སྒྲུབ་བཞིན་པ་ནི་སྔར་བྱུང་མ་མྱོང་བའི་རླབས་ཆེན་གྱི་བྱ་གཞག་ཡིན་ལ། ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག་ལ་མཐུན་སྒྲིལ་དང་སྣེ་ཁྲིད་མཛད་དེ་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལྗིད་མོ་འཁུར་ཡོད་པས། རང་ངོས་འཛུགས་སྐྲུན་ཡག་པོ་བྱས་ཚེ། གཞི་ནས་རང་ངོས་གསར་བརྗེ་བྱེད་པར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱེད་ཐུབ། དུས་རབས་གསར་པའི་ཚུན་དུ། “ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས”ཞེས་པ་ནས“ལྕགས་རྡུང་བར་ངེས་པར་ཐོ་བ་མཁྲེགས་དགོས”ཞེས་པའི་བར་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པར་ལོ་རྒྱུས་ཀྱི་རང་རྟོན་ཚད་མཐོན་པོ་སྲུང་འཛིན་བྱས་ཏེ། ངོས་འཛིན་དང་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཟབ་སྤེལ་བྱེད་བཞིན་ཡོད། “རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་ནས། ཏང་གཤིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་མཉམ་དུ་དམ་འཛིན་བྱེད་པ་དང་། དེ་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བའི་བར་སོགས་ནི། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་ཏེ། ཏང་འདི་ཉིད་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་སྔར་ལས་འགྱུར་མེད་སྟོབས་ལྡན་དུ་གྱུར་ནས། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་ཁྲིད་སྟོན་དང་འགན་ལེན་བྱས་པ་ཞིག་རེད།
མིག་སྔར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། ང་ཚོའི་མདུན་དུ་ལྷགས་པའི་ལས་འགན་ནི་སྔར་ལས་དཀའ་ཚེགས་ཆེ་བ་དང་རྫོབ་ཆེ་བ་ཞིག་ཡིན་པ་དང་། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་གཡོལ་ཐབས་མེད་པ་དེ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཉམས་ཆེ་བའི་འཆར་གཞི་དེ་ཇི་ལྟར་བྱས་ནས་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་པ་དང་། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་ཞིག་ཏུ་འགྱུར་བར་ཇི་ལྟར་འགན་ལེན་ བྱེད་དགོས། ཞིབ་འཇུག་བྱ་གཞི་གལ་ཆེན་དེ་དག་ལ་ལན་ཡག་པོ་ཞིག་འདེབས་པའི་འགག་རྩ་ནི། བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་གི་རླབས་ཆེན་གྱི་རང་ངོས་གསར་བརྗེ་མཐར་ཕྱིན་པ་བྱེད་དགོས་པ་དེ་རེད།
ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ནི་ཏང་གི་ཚེ་སྲོག་ཡིན་པ་དང་། ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་ནི་ང་ཚོས་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བའི་རྩ་བའི་འགན་ལེན་ཡིན་པ་ལོ་རྒྱུས་དང་ལག་ལེན་ལས་ཡང་ཡང་ར་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་ན་ངེས་པར་དུ་ཁ་དན་ཚིག་གནས་ཡོང་བ་བྱེད་དགོས” ཞེས་ནན་གྱིས་བསྟན་ཡོད། འདི་ནི་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་འགན་ལེན་བྱེད་པའི་ནང་གནས་བླང་བྱ་ཡིན་ལ། ང་ཚོས་འགྲན་སློང་ལས་རྣམ་པར་རྒྱལ་བ་དང་། རང་འགུལ་ཐོབ་པར་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཞིག་ཀྱང་རེད། དུས་རབས་གསར་པའི་སྐྱོད་ལམ་གསར་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བླ་སྲོག་བསྐྲུན་པ་རྒྱུན་འཁྱོངས་ལྷོད་མེད་དང་། ཆབ་སྲིད་ཀྱི་ལྟ་སྐུལ་དེ་ཞིབ་ཕྲའི་གཅིག་སྡུད་དང་། ཕན་འབྲས་འགན་ལེན། རྒྱུན་རྣམ་དོན་འཁྱོལ་བཅས་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་སྟེ། ཏང་ཡོངས་ཀྱིས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་འགན་ལེན་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་ཚད་མཐོའི་གཅིག་གྱུར་ཡོང་བར་འགན་ལེན་བྱས་ནས། བཅོས་སྒྱུར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
སྒྲིག་ཁྲིམས་གཟབ་ནན་ནི་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་ཐུན་མོང་མ་ཡིན་པའི་དགེ་མཚན་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་སྐྱོད་པའི་འགན་སྲུང་གལ་ཆེན་ཡང་ཡིན། འདས་པའི་ལོ་གཅིག་གི་རིང་ལ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་ཏེ། ཏང་ཡོངས་ཀྱིས་སྒྲིག་ཁྲིམས་སློབ་པ་དང་སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་བཏང་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་རྟོགས་ཀྱིས་ལྷག་བསམ་རྣམ་དག་དང་སྤྱོད་གཙང་། ཁག་ཁུར་ཕོད་པ་བཅས་ལ་སྐུལ་འདེད་བཏང་ནས། གྲུབ་འབྲས་མངོན་གསལ་བླངས་ཡོད། དུས་མཚུངས་སུ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་ཡིན་པ་དང་། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བའི་སྒྲིག་ཁྲིམས་སློབ་གསོའི་ལམ་སྲོལ་བཙུགས་ཏེ། ཏང་གི་སྒྲིག་ཁྲིམས་ལག་བསྟར་ནན་མོ་དང་། “རྣམ་པ་བཞི” གནད་སྨིན་བེད་སྤྱོད་བྱས་ཚེ། གཞི་ནས་ཏང་ཡོན་དང་ལས་བྱེད་པས་གཞན་གཅུན་དེ་རང་གཅུན་དུ་འགྱུར་བ་དང་རྒྱུན་ལྡན་གྱི་བྱ་སྤྱོད་དུ་འགྱུར་བར་ཁྲིད་སྟོན་བྱེད་ཐུབ། ཏང་གི་སྒྲིག་ཁྲིམས་དང་ལས་སྒྲུབ་ལས་སྐྲུན་ནི་ནང་གནས་གཅིག་གྱུར་ཡིན་ཞིང་། ཏང་གི་སྒྲིག་ཁྲིམས་ལ་སློབ་གསོའི་གཅུན་འདོམས་ཀྱི་ནུས་པ་ཡོད་ལ། འགན་སྲུང་སྐུལ་ལྕག་གི་ནུས་པའང་ཡོད། དོ་དམ་དང་ལྟ་སྐུལ། སྐུལ་ལྕག་ནན་མོ་བཅས་གཅིག་གྱུར་བྱས་ཏེ། ལས་བྱེད་པས་སྒྲིག་ལམ་བརྩི་སྲུང་ཁྲོད་བཅོས་སྒྱུར་གསར་བསྐྲུན་དང་ལས་སྒྲུབ་ལས་སྐྲུན་བྱེད་དགོས།
ས་གནས་ཤིག་དང་སྡེ་ཁག་ཅིག་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རྣམ་པ་ཇི་འདྲ་ཡིན་མིན་གྱི་འགག་རྩ་ནི་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པ། ལྷག་པར་དུ་འགོ་ཁྲིད་པ་གཙོ་བོས་འགན་འཁྲི་བསྒྲུབས་ཡོད་མེད་ལ་ཐུག་ཡོད། དེ་ལྟར་ཡིན་པའི་དབང་གིས་ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པའི་དམ་བཅའ་ལྟར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་གྱི་འགན་འཁྲི་ཆེ་རུ་གཏོང་དགོས། ཏང་ཨུས་རང་འགུལ་ངང་དམ་འཛིན་དང་རང་འགུལ་ངང་དོ་དམ་བྱེད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་ལྟ་སྐུལ་ལག་བསྟར་ཡག་པོ་བྱེད་པ། འགན་འཁྲི་གཙོ་བོར་དམིགས་པ་དང་ལས་དོན་གཙོ་བོ་ཡག་པོར་སྒྲུབ་པ། འགན་འཁྲི་ལག་བསྟར་བཅས་བྱས་ཏེ། འགན་འཁྲི་གཙོ་བོ་གནད་ལ་འཁེལ་བ་དང་། འགན་འཁྲིའི་བླང་བྱ་གནད་ལ་འཁེལ་བ། དཔྱད་ཞིབ་དང་འགན་འཁྲི་གནད་ལ་འཁེལ་བ་བཅས་ཀྱི་ཐོག་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་ཕྲག་ཏུ་འཁུར་བ་དང་། ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། ཚད་གཞི་ཅན་བཅས་ཀྱི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ། ཚད་གཞི་སྔར་ལས་མཐོ་བ་དང་བླང་བྱ་སྔར་ལས་མཐོ་བའི་ཐོག་ནས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་འཛུགས་སྐྲུན་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ། འཐབ་རྩོད་བྱེད་མཁས་པོ་བཅས་བྱེད་དགོས།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་བའི་ལོ་འདིའི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ལས་འགན་ཧ་ཅང་ལྕི་བ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་དུས་ཀྱིས་མི་སྒུག་པས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ལས་དོན་བསྒྲུབ་རྒྱུ་གཙོ་བོར་འཛིན་པ་དང་འབད་འབུངས་ཡར་བརྩོན་བྱེད་དགོས། ལྕགས་རྡུང་བར་ངེས་པར་ཐོ་བ་མཁྲེགས་དགོས་པ་བློ་ལ་བརྟན་པོར་ངེས་ཏེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། རྩ་བའི་དགོངས་གཞི་ནན་མོ་དང་། བྱེད་ཐབས་ནན་མོ། ཁོར་ཡུག་ནན་མོ་བཅས་ཐོག་མཐའ་བར་གསུམ་དུ་ལག་ལེན་མཐར་ཕྱིན་བཅས་བྱས་ཚེ། ང་ཚོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཕན་འབྲས་གསར་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་ཐུབ།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།