རྒྱལ་དབང་ཁེ་ལས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་མཐོར་འདེགས་སུ་གཏོང་བའི་བྱ་སྤྱོད་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་དང་། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲུང་སྐྱེལ་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་མཉམ་འདྲེས་དང་ཞབས་འདེགས་ཞུ་བ། ནོར་སྲིད་དཔྱ་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཕན་དངུལ་རྩ་དང་ལྗང་མདོག་དངུལ་རྩ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྤུས་ཚད་མཐོ་བའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་བཅས་བྱས་ཡོད། ད་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་མཚོན་རྟགས་རང་བཞིན་གྱི་བཅོས་སྒྱུར་དོན་འཁྱོལ་བྱེད་པར་སྐུལ་འདེད་དང་ཕན་འབྲས་ཐོན་པར་བཀོད་སྒྲིག་གསར་པ་བྱས་ཡོད་པ་དང་། འཐུས་མི་ཨུ་ཡོན་གྱིས་ཇི་ལྟར་བཀོད་སྒྲིག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བར་དམིགས་ནས་བསམ་ཚུལ་གྲོས་མོལ་དང་གྲོས་འགོ་བཏོན་ཡོད།
ཞིང་ཆེན་དམངས་ཆེན་གྱི་འཐུས་མི། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་དང་པོའི་ཡོན་ཀྲང་གཞོན་པ་རིན་པའོ་དབྱིན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་གྱིས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཏིང་ཟབ་ཏུ་གཏོང་རྒྱུ་ལག་བསྟར་བྱས་པ་བརྒྱུད། ཞིང་ཆེན་རིམ་པའི་སྨན་ཁང་གིས་ཆེད་མཁས་པ་ང་ཚོའི་གཞི་རིམ་སྨན་ཁང་དུ་མངགས་ནས་ལག་ལེན་དམར་ཁྲིད་བྱས་པས། གཞི་རིམ་ལ་འཁྱེར་མི་ཐུབ་པའི་སྨན་བཅོས་དཔུང་ཁག་ཅིག་བསྐྲུན་ཡོད། “དྲ་སྦྲེལ་དང་སྨན་བཅོས”ཀྱི་རྣམ་པ་བཏོན་ཏེ། མང་ཚོགས་ལ་བར་ཐག་མེད་པའི་སྤུས་ལེགས་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་དུ་འཇུག་ཐུབ་པ་དང་། ནད་པ་ཁྱིམ་ནས་མི་འབུད་པར་ཆེད་མཁས་པའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པས། མང་ཚོགས་ལ་སྟབས་བདེ་དང་ཕན་བདེ་མང་པོ་བསྐྲུན་ཡོད།
གཞི་རིམ་གྱི་དམངས་ཆེན་འཐུས་མི་ཞིག་ཡིན་པའི་ཆ་ནས། རིན་པའོ་དབྱིན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུར་ཉན་རྗེས་ཚོར་སྣང་ཟབ་མོ་བྱུང་བ་དང་། བརྗེད་དཀའ་བ་དང་སྤྱིར་བཏང་མིན་པའི་ལོ་གཅིག་གི་ཁྲོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་ངལ་ཁྱད་བསད་དང་འབད་འཐབ་མདུན་སྐྱོད་བྱས་ཏེ། དམངས་སེམས་དྲོ་བ་དང་དམངས་ལ་ཕན་པའི་དོན་དངོས་མང་པོ་བསྒྲུབ་ཡོད། མོས་བསྟན་དོན། སྙན་ཞུའི་བཀོད་སྒྲིག་གི་ལས་འགན་ལྟར། སྨན་ཁང་གི་ཆེད་ལས་ཚན་ཁག་འཛུགས་སྐྲུན་དམ་འཛིན་བཟང་པོ་བྱས་ནས། ཧུར་ཐག་གིས་སྣ་མང་ཅན་དང་སྤུས་ལེགས་དམངས་ཕན་ཞབས་ཞུ་ལ་སྐུལ་འདེད་བཏང་སྟེ། DRGགྲོན་དངུལ་སྤྲོད་པའི་བཅོས་སྒྱུར་ཞིབ་ཕྲ་དང་དོན་འཁྱོལ་བྱས་ནས། མང་ཚོགས་ལ་སྨན་བཅོས་ལག་རྩལ་བཟང་པོ་དང་སྨན་རྫས་ཀྱི་རིན་གོང་འོས་འཚམ་གྱི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་དགོས། དེ་དང་ཆབས་ཅིག མདོ་དབུས་མཐོ་སྒང་གི་དོན་དངོས་གཞིར་བཟུང་ནས་མཐོ་སྒང་གི་ནད་རིགས་ལ་དམིགས་པ་དང་བདེ་ཐང་ཚན་རིག་ཁྱབ་གདལ་གཏོང་བ། བདེ་ཐང་ཞིབ་བཤེར། གནད་ལ་འཁེལ་བའི་སྨན་བཅོས་ཡག་པོ་བྱས་ཏེ། མཐོ་སྒང་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ནས་བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རླབས་ཆེན་འཆར་འགོད་ལ་དམིགས་ཏེ། རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ནས། ཐོན་སྐྱེད་ནས་བཀོལ་སྤྱོད་ཀྱི་ཕྲེང་འབྲེལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱུང་། ཞིང་ཆེན་དམངས་ཆེན་གྱི་འཐུས་མི། མཚོ་སྔོན་ལིས་ཧའོ་གློག་འདྲེན་ཕྱེད་རྫས་རྒྱུ་ཆའི་ཚད་ཡོད་ཀུང་སིའི་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། འགན་འཛིན་པ་ཏོན་ཡུང་གིས་བཤད་རྒྱུར། མཚོ་སྔོན་གྱི་འོད་ཤུགས་ཐོན་ལས་ཕྲེང་འབྲེལ་གྱི་ཁེ་ལས་གཙོ་བོ་ཡིན་པའི་ཆ་ནས། མཚོ་སྔོན་ལིས་ཧའོ་ཡིས་ཐོག་མཐའ་བར་གསུམ་དུ་བདེ་འཇགས་དང་ལྗང་མདོག རིག་ནུས་བཅས་ཀྱི་ཚོང་གཉེར་འདུ་ཤེས་རྒྱུད་འཛིན་བྱས་ཏེ། བཅོས་སྒྱུར་གྱི་བསམ་གཞིགས་རྒྱུན་འཁྱོངས་བྱེད་པ་དང་། ཧུར་ཐག་གིས་ཞིབ་འཇུག་གསར་སྤེལ་དང་བཟོ་རྩལ་གསར་སྐྲུན་ཐད་མ་དངུལ་བཏང་ནས། མཐོ་རིམ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་ཡོད།
མཚོ་སྔོན་གྱི་དྭངས་གཙང་ནུས་ཁུངས་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། དངོས་གནས་ཐོན་ཁུངས་ནུས་ཁུངས་ཀྱི་ཁྱད་སྟོབས་དེ་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་བསྒྱུར་ཡོད། ཏོན་ཡུང་གིས་བཤད་རྒྱུར། ནུས་ཁུངས་ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས། ནུས་ཁུངས་གཙང་མའི་ནུས་ཁུངས་འཛད་སྤྱོད་ཁྲོད་ཀྱི་བསྡུར་ཚད་མཐོ་རུ་གཏོང་དགོས། དྭངས་གཙང་ནུས་ཁུངས་ཐོན་ལས་ཕྲེང་འབྲེལ་གོང་འོག་རྒྱུད་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་ཤུགས་སྣོན་པ་དང་། མཚོ་སྔོན་གྱིས་བཟོ་བ་དང་མཚོ་སྔོན་གྱི་བཀོལ་བ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། དྭངས་གཙང་ནུས་ཁུངས་ཀྱི་ཐོན་ལས་ཕྲེང་འབྲེལ་ཡོངས་སུ་ཆགས་པར་བྱ་དགོས། དྭངས་གཙང་ནུས་ཁུངས་ཀྱི་ཁྱད་སྟོབས་ལ་བརྟེན་ནས། ནུས་གསོག་ཐོན་ལས་དང་ཆིང་ནུས་ཐོན་ལས་སོགས་ནུས་ཁུངས་གཙང་མ་དང་འབྲེལ་བ་ཡོད་པའི་གསར་དར་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་དགོས། ནུས་ཁུངས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། གློག་དྲའི་སྐྱེལ་འདྲེན་ནུས་པ་དང་གློག་ཤུགས་མ་ལག་སྙོམས་སྒྲིག་ནུས་པ་ཆེ་རུ་གཏོང་བ། མཚོ་སྔོན་གྱི་ནུས་ཁུངས་དང་ཐོན་ལས་དུས་མཉམ་དུ་སྐྱོན་བྲལ་ངང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་རོགས་རམ་བྱས་ཏེ། རྒྱལ་ཁབ་ཀྱི“ཐཱན་གཉིས”དམིགས་འབེན་ལ་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།
དངོས་ཕུང་དཔལ་འབྱོར་དེ་དམངས་གཉེར་དཔལ་འབྱོར་གྱི་འགག་རྩའི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས། དེའི་འཕེལ་རྒྱས་གནས་ཚུལ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། འོན་ཀྱང་ཉེ་བའི་ལོ་འགའི་རིང་། གློག་རྡུལ་ཚོང་ལས་ཤུགས་ཆེན་ངང་དར་རྒྱས་བྱུང་བས། སྲོལ་རྒྱུན་གྱི་དངོས་ཕུང་དཔལ་འབྱོར་ལ་ཕོག་ཐུག་ཆེན་པོ་བཟོས་ཡོད། ཇི་ལྟར་གློག་རྡུལ་ཚོང་དོན་གྱི་ཕོག་ཐུག་ལ་ཧུར་ཐག་གིས་ཁ་གཏད་འཇལ་ནས། རང་ཞིང་གི་དངོས་ཕུང་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་མྱུར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་མཁའ་འགྲུལ་དང་གྲུ་ཁའི་ཚོང་དོན་ཚད་ཡོད་ཀུང་ཟིའི་འགན་འཛིན་པ་ཅཱ་ཧྲིན་པིན་གྱིས་མིག་རྒྱང་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་ཀྱི་ལུགས་མཐུན་རང་བཞིན་དང་། ཚན་རིག་རང་བཞིན། ཡུན་རིང་རང་བཞིན་བཅས་གཏད་དེ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པའི་གྲོས་འགོ་བཏོན། དངོས་ཕུང་དཔལ་འབྱོར་ལ་དམིགས་པའི་རོགས་སྐྱོར་སྲིད་ཇུས་དཔེར་ན། ཁྲལ་བསྡུ་མར་ཆག་པ་དང་མེད་པར་བཟོ་བ། མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་སོགས་གཏན་འབེབས་དང་འཐུས་ཚང་དུ་བཏང་ནས། དངོས་ཕུང་དཔལ་འབྱོར་གྱི་གཉེར་སྐྱོང་མ་རྩ་ཇེ་དམའ་རུ་གཏོང་དགོས། དངོས་ཕུང་ཁེ་ལས་ཀྱིས་དྲ་སྦྲེལ་ལག་རྩལ་སྤྱད་དེ་ཚུལ་སྒྱུར་རིམ་སྤོར་བྱེད་པ་དང་། དྲ་ཐོག་དང་དྲ་འོག་མཉམ་འདྲེས་གཉེར་སྐྱོང་བྱེད་པ། ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བར་སྐུལ་མ་གཏོང་དགོས། དངོས་སྐྱེལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ནས་དངོས་སྐྱེལ་གྱི་མྱུར་ཚད་དང་ཡང་དག་རང་བཞིན་ཆེ་རུ་གཏོང་དགོས། གློག་རྡུལ་ཚོང་དོན་ལས་སྟེགས་དང་དངོས་ཕུང་ཁེ་ལས་བར་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་གཞི་གྲངས་མཉམ་སྤྱོད་དང་། ཐབས་ལམ་སྡེབ་སྒྲིག ལེགས་ཆ་གསབ་རེས་བཅས་མངོན་འགྱུར་བྱ་དགོས། དེ་དང་ཆབས་ཅིག དངོས་ཕུང་དཔལ་འབྱོར་ཁྱབ་ཁོངས་ཀྱི་འཇོན་མིའི་གསོ་སྐྱོང་དང་ནང་འདྲེན་ཤུགས་ཚད་ཇེ་ཆེར་བཏང་ནས། འཇོན་མིའི་སྐུལ་སྤེལ་རྐྱེན་སྲོལ་འཐུས་ཚང་འཇུག་དགོས། ལས་རིགས་སློབ་གསོ་དང་རྩལ་ནུས་གསོ་སྦྱོང་ལ་ཤུགས་བསྣན་ནས། དངོས་ཕུང་དཔལ་འབྱོར་གྱིས་རྩལ་ནུས་མཐོ་བའི་འཇོན་མིའི་དགོས་མཁོ་སྐོང་དགོས།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་དགེ་ཐོན་སློབ་ཆེན་ཕྱི་སྐད་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཧན་ཆིན་ཡུས་ཀྱིས་བལྟས་ན། དེང་སྐབས་ཆ་འཕྲིན་ཅན་དང་གཞི་གྲངས་ཅན་འཕེལ་རྒྱས་མགྱོགས་པོའི་རྒྱབ་ལྗོངས་འོག མི་ཐབས་རིག་ནུས་དང་གཞི་གྲངས་ཆེན་མོའི་ལག་རྩལ་མཉམ་འདྲེས་བཀོལ་སྤྱོད་བྱེད་པ་དེས་རང་ཞིང་གི་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ལ་གོ་སྐབས་གསར་པ་དང་ཁ་ཕྱོགས་འདོན་སྤྲོད་བྱས་ཡོད། མི་ཐབས་རིག་ནུས་བཀོལ་སྤྱོད་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་བཙུགས་ནས། རང་ཞིང་གི་ཐོན་ལས་གནས་བཞིའི་འཕེལ་རྒྱས་ཀྱི་ལས་རྣམ་གསར་པ་བསྐྲུན་དགོས། ཐོན་ལས་དང་སློབ་སྦྱོང་། ཞིབ་འཇུག་ལ་ཤུགས་བསྣན་ནས། མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ཁང་གིས་རང་ཞིང་གི་ཐོན་ལས་ཀྱི་གནས་བཞིའི་དགོས་མཁོར་དམིགས་ཏེ། དམིགས་སའི་རང་བཞིན་ལྡན་པའི་ཞིབ་འཇུག་དང་ལག་རྩལ་སྤེལ་བར་སྐུལ་མ་གཏོང་བ་དང་ཆབས་ཅིག ཁེ་ལས་དང་མཐོ་རིམ་སློབ་གྲྭའི་མཉམ་ལས་བྱེད་པའི་སྣེ་ཁྲིད་དེ། ལག་རྩལ་དང་གྲུབ་འབྲས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་དགོས། ཆེད་ལས་ཀྱི་མི་ཐབས་རིག་ནུས་གསར་སྐྲུན་གྱི་སྟེགས་བུ་བཙུགས་ནས། ཕུལ་དུ་བྱུང་བའི་ལས་སྐྲུན་ཚོགས་པ་དང་ཚན་རྩལ་འཇོན་མི་ནང་འགུག་བྱས་ཏེ། མ་དངུལ་དང་སྲིད་ཇུས། ཁྲོམ་ར་སོགས་ཕྱོགས་མང་པོའི་ཐད་རྒྱབ་སྐྱོར་བྱས་ནས། གསར་དར་ཁེ་ལས་མགྱོགས་མྱུར་སྒོས་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་བ་དང་། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་ཇེ་ལེགས་སུ་གཏོང་བར་རོགས་སྐྱོར་བྱེད་དགོས། མི་ཐབས་རིག་ནུས་ལག་རྩལ་གྱི་བེད་སྤྱོད་དང་ཁྱབ་གདལ་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མ་དངུལ་གྱི་རོགས་སྐྱོར་འདོན་སྤྲོད་བྱས་ནས། འབྲེལ་ཡོད་འཇོན་མི་སྔར་ལས་མང་པོ་གསོ་སྐྱོང་བྱེད་པ་དང་། རང་ཞིང་གི་སྤྱིའི་ཚན་རྩལ་གསར་གཏོད་ནུས་པ་མཐོ་རུ་གཏོང་དགོས། སྒོ་འབྱེད་དང་མཉམ་སྤྱོད། མཉམ་ལས་བཅས་ཀྱི་གཞི་གྲངས་དཔལ་འབྱོར་གྱི་སྐྱེ་ཁམས་མ་ལག་བཙུགས་ནས། ཐོན་ལས་སོ་སོའི་བར་གྱི་མཐུན་སྦྱོར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན།
ཤ་བོ་རིན་མཚོས་བསྒྱུར།