ཞིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ་པས་སྤེལ་བའི་དཔྱད་བརྗོད།
“སྦྲུལ་ལོར་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་སྦྲུལ་ལེ་དབར་སྟོང་ལ་བསྐྱོད་ཐུབ་པའི་ངར་ཤུགས་ལ་བརྟེན་ནས། ཡིད་ཆེས་བརྟན་པོ་དང་རེ་བས་ཁེངས་ནས་གསར་གཏོད་ཡར་བརྩོན་དང་བློ་བརྟན་འགྱུར་མེད་ཀྱིས་འབད་འཐབ་བྱས་ཏེ། མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་འབྲི་རྒྱུའི་རེ་བ་ཡོད།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2025ལོའི་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་ནས། འདས་ཟིན་པའི་ལོ་གཅིག་གི་ནང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་ཐོབ་པའི་གྲུབ་འབྲས་ལ་ཕྱོགས་བསྡོམས་ནན་མོ་གནང་བ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ལ་རྒྱང་ལྟ་བྱས་ཏེ། མི་དམངས་དུང་ཕྱུར་མང་བོས་དམིགས་འབེན་རླབས་ཆེན་ཕྱོགས་སུ་མུ་མཐུད་དུ་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་ཡོད།
“དངོས་པོའི་བཟང་ངན་བརྟག་ན་ཤེས། ལམ་གྱི་བཟང་ངན་སོང་ན་ཤེས།” འདས་ཟིན་པའི་ཤིང་ཕོ་འབྲུག་ལོ་ནི་འབད་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་གྲུབ་འབྲས་ཆེན་པོ་བླངས་པའི་ལོ་ཞིག་རེད། ལོ་གཅིག་རིང་། རྙོག་འཛིང་ཆེ་ཞིང་ཛ་དྲག་གི་གནས་བབ་མདུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བབ་བསྟུན་དང་ཕྱོགས་བསྡུས་ཀྱིས་ཐབས་ཇུས་ལག་བསྟར་བྱས་ཏེ་མཁྲེགས་གཏོར་དཀའ་སེལ་དང་། འབད་བརྩོན་ལྷོད་མེད་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད།“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། དཔལ་འབྱོར་སླར་གསོ་དང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། ལས་དོན་སྣ་ཚོགས་མཐུན་སྦྱོར་ངང་མཉམ་དུ་སྤེལ་རྒྱུར་མཐོང་ཆེན་བྱས་པས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་དང་། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བཅས་ཚང་མར་ཡར་རྒྱས་གསར་པ་བྱུང་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། འཛམ་གླིང་གི་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོབ་དང་མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་དྲང་ཕྱོགས་ཀྱི་ནུས་ཤུགས་སྔར་ལས་མང་པོ་བསྣན་ཡོད་ལ། ཏང་གི་རང་ངོས་གསར་བརྗེའི་ཐོག་ནས་སྤྱི་ཚོགས་གསར་བརྗེའི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། ལོ་གཅིག་རིང་གི་འཕེལ་རྒྱས་བརྒྱུད་རིམ་ཧ་ཅང་སྤྱིར་བཏང་མིན་པ་དང་གྲུབ་འབྲས་ཀྱིས་མི་རྣམས་ལ་སྐུལ་མ་ཐེབས་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ཡོད་པ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ། དཀའ་ངལ་དང་འགལ་རྐྱེན་ཅི་འདྲ་ཞིག་ཡིན་རུང་དེས་ཀྲུང་གོ་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་རེ་སྙེག་བྱེད་པའི་མདུན་སྐྱོད་ཀྱི་གོམ་སྟབས་འགོག་མི་ཐུབ་ལ། ང་ཚོས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་འཕེལ་རིམ་ཡང་འགོག་མི་ཐུབ་པ་ཡང་བསྐྱར་ར་སྤྲོད་བྱས་ཡོད། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་། ང་ཚོས་ཡིད་ཆེས་བརྟན་པོར་གཡོ་འགུལ་མི་བྱེད་པ་དང་། འགལ་བ་དང་གནད་དོན་ལ་ཐད་ཀར་ཁ་གཏད་འཇལ་ནས་གཡོལ་ཐབས་མི་བྱེད་པ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་ནས་ཕྱིར་བཤོལ་མི་བྱེད་པ་བཅས་བྱས་ཚེ། བཅོས་སྒྱུར་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་ཐུབ་ངེས་རེད།
དཀའ་ངལ་མཐའ་དག་བརྒྱུད་དེ་མཛེས་སྡུག་གི་གྲུབ་འབྲས་འདི་ཐོབ་པ་རེད། 2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་བསྒྲིལ་བའི་ལོ་ཡིན། ལོ་གསར་པའི་བྱ་བ་བཟང་པོ་སྒྲུབ་པར། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་གཞི་ཚུགས་ས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་འཛུགས་པ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ཀྱི་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་ཕྱི་ཕྱོགས་ཀྱི་བརྡབ་གསིག་འགོག་སེལ་བྱེད་པ། དཔལ་འབྱོར་རྒྱུན་མཐུད་སྒོས་ཡར་རྒྱས་དང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་དང་ལས་འགན་ལེགས་འགྲུབ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཡག་པོར་ཚུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད།
ཁྱིམ་དོན་རྒྱལ་དོན་གནམ་འོག་གི་དོན་དག་གང་ཡིན་ཡང་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་ནི་དོན་ཆེན་ཨང་དང་པོ་ཡིན། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་དགོས་མཁོ་དང་དོ་ཁུར་ལ་དུས་ཐོག་དང་ནུས་ལྡན་གྱིས་ལན་བཏབ་ནས། ཧུར་ཐག་གིས་དམངས་ཚིས་ཞན་ཆ་ཁ་གསབ་བྱེད་པ་དང་། དམངས་ཚིས་དཀའ་གནད་སེལ་བ། དམངས་ཚིས་ཚད་མཐའ་བརྟན་པོ་ཡོང་བ་བཅས་བྱས་ནས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་སྔར་ལས་མང་བ་དང་སྔར་ལས་དྲང་བདེན་གྱི་ཕན་པ་ཐོབ་ཏུ་འཇུག་དགོས། རྒྱལ་ཁབ་སྐྱོང་པར་ཐབས་ཇུས་དགོས་ལ། དམངས་ཕན་ནི་ཀུན་གྱི་གཞི་རྩ་ཡིན། ལས་ཞུགས་དང་སློབ་གསོ། སྤྱི་ཚོགས། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་དམངས་ཚིས་དོན་དག་ཡག་པོ་བསྒྲུབ་པ་དང་། དོན་དག་རེ་རེ་བཞིན་དོན་འཁྱོལ་དམ་འཛིན་བྱེད་པ། དོན་དག་གཅིག་རྗེས་གཉིས་མཐུད་དུ་བསྒྲུབས་ཏེ། ཏང་ཡོན་ལས་བྱེད་པའི“དཀའ་སྡུག་སྟོན་གྲངས”ལ་བརྟེན་ནས་མང་ཚོགས་ཀྱི“བདེ་སྐྱིད་སྟོན་གྲངས”བརྗེ་རེས་བྱས་ན། ད་གཟོད་མི་དམངས་མང་ཚོགས་ལ་ཐོབ་པའི་ཚོར་བ་སྔར་ལས་ལེགས་པོ་དང་། བདེ་སྐྱིད་ཀྱི་ཚོར་བ་སྔར་ལས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཀྱི་ཚོར་བ་སྔར་ལས་འགན་སྲུང་ཐུབ་པ་བཅས་བྱེད་ཐུབ།
ཤིང་མོ་སྦྲུལ་ལོའི་གནམ་ལོ་གསར་ཚེས་ལ། འབད་བརྩོན་ཆེན་པོས་ཀྲུང་ཧྭའི་ལེའུ་རྩོམ། ཀྲུང་ཧྭའི་རིག་གནས་ནང་སྦྲུལ་ནི་སྤྱང་གྲུང་དང་བློ་གྲོས། གསོན་ཤུགས་བཅས་ཀྱི་མཚོན་རྟགས་ཡིན་ཞིང་། ལོ་ལེགས་འབྱུང་བ་དང་། བཀྲ་ཤིས་པ། བསོད་ནམས་འཕེལ་བ་བཅས་མཚོན་གྱིན་ཡོད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། སྦྲུལ་ལེ་དབར་སྟོང་ལ་བསྐྱོད་ཐུབ་པའི་ངར་ཤུགས་དང་ཡུས་ཀོང་གི་རི་བོར་སྤོར་བའི་སྙིང་སྟོབས། ཆུ་ཐིགས་རྡོ་བརྟོལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས། དཀའ་ངལ་ཁྱད་བསད་བྱས་ཏེ་དུས་ནམ་ཡང་འབད་བརྩོན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བློ་བརྟན་འགྱུར་མེད་ཀྱིས་འབད་འཐབ་བྱས་ཡོད།
ཤ་བོ་རིན་མཚོས་བསྒྱུར།