མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་དགོས།
2025.02.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11


————མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

དེང་རབས་ཅན་གྱི་ཐོན་ལས་མ་ལག་ནི་དཔལ་འབྱོར་དེང་རབས་ཅན་མངོན་འགྱུར་བྱེད་པའི་གནད་འགག་གི་མཚོན་རྟགས་ཡིན། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་དོན་གལ་ཆེན་ཡིན་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་རྒྱུ་སྤུས་མཐོར་འདེགས་གཏོང་བ་དང་ཐོན་ལས་གྲུབ་ཚུལ་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་ཏུ་བསྡུ་བ་དང་། ཁྱད་ལྡན་དགེ་མཚན་གྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུ་ཕྱིར་བཏོན། ང་ཚོས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱེད་པ། ཐོན་ལས་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། ས་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་དགེ་མཚན་གསར་བ་སྔར་ལས་མང་པོ་བཟོ་སྐྲུན་བྱས་ནས། ཁྱད་ལྡན་དགེ་མཚན་གྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་དགོས།

འདས་ཟིན་པའི་ལོ་གཅིག་ལ་ཕྱིར་བལྟ་བྱས་ན། མཚོ་སྔོན་གྱིས་དུས་ནམ་ཡང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་སེམས་ལ་བརྟན་པོར་བཟུང་བ་དང་། རང་ས་ཆའི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱས་ལ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱས་པ་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བཅས་གསར་སྐྲུན་བྱས་ལ། ཐོན་ལས་ལྗང་མདོག་འཕེལ་རྒྱས་དང་གསར་གཏོད་འཕེལ་རྒྱས། མཉམ་བསྲེས་འཕེལ་རྒྱས་སུ་བཏང་པས། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་དེ་མགྱོགས་མྱུར་འཕེལ་རྒྱས་ཀྱི་ལམ་དུ་ཞུགས། གོ་རིམ་རྗེས་མར་རྐང་བཙུགས་ནས། མཚོ་སྔོན་འཕེལ་རྒྱས་ཐད་ནས་གོ་སྐབས་མང་པོར་འཕྲད་པ་དང་། ཐོན་ལས་གནས་བཞི་གོང་འཕེལ་ཆེན་པོ་བྱུང་ལ། ལྗང་མདོག་རྩིས་གློག་གི་རྗེས་ཐོན་དགེ་མཚན་ཉིན་རེ་བཞིན་མངོན་གསལ་ཡིན་པས། ང་ཚོས་བབ་བསྟུན་མདུན་སྐྱོད་དང་གནས་བབ་དང་མཐུན་པར་བྱེད་པ་དང་། ཐོན་ལས་གནས་བཞི་སྣེ་ཁྲིད་དུ་བྱས་ནས་མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱས་ཏེ། འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་འཛིན་དགོས།

སློབ་གསོ་དང་ཚན་རྩལ་འཇོན་མི་གཞི་གཅིག་ཅན་དུ་འཕེལ་རྒྱས་སུ་གཏོང་བར་གཅིག་འདོམས་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ། ཚན་རྩལ་གསར་གཏོད་ཀྱི་ཐོན་ཁུངས་བཀོད་སྒྲིག་སོགས་ཀྱི་ལམ་ལུགས་བཅོས་བསྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ། ཚན་རྩལ་ཞིབ་སྤེལ་ཐད་ཀྱི་དངུལ་གཏོང་ཚད་ཇེ་ཆེར་གཏོང་བ། གནད་འགག་སྲོག་ཤིང་ལག་རྩལ་སྐོར་ཞིག་གཏོར་སྒྲོལ་བྱེད་པ། ལག་རྩལ་གསར་བ་དང་ཐོན་རྫས་གསར་བ། ཡུལ་གནས་གསར་བའི་གཞི་ཁྱོན་བཀོལ་སྤྱོད་དཔེ་སྟོན་སྤེལ་ནས། ཤེས་བྱའི་ཐོན་དབང་གི་ཕྲེང་འབྲེལ་ཧྲིལ་བོའི་སྲུང་སྐྱོབ་ལ་ཤུགས་སྣོན་དགོས། ཚད་གཞི་མཐོ་བའི་སྒོ་ནས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་འཆར་འགོད་ཀྱི་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་འཛམ་གླིང་གི་ཤན་ཤུགས་ལྡན་པའི་ཚྭ་མཚོའི་ཐོན་ལས་ཁྱུ་ཚོགས་གསར་སྐྲུན་བྱེད་དགོས། དག་གཙང་ནུས་ཁུངས་གོང་འཕེལ་ཤུགས་ཆེན་གཏོང་བ་དང་། ཕན་ནུས་ལྡན་པའི་སྒོ་ནས་ཚྭ་འདམ་གཞོང་གི་བྱེ་ཐང་རྟེན་གཞིའི་ན་གོར་མོའི་ཡན་ལག་རྟེན་གཞི་འཛུགས་སྐྲུན་བྱས་ནས། ཁུངས་དྲ་ཁུར་གསོག་གཞི་གཅིག་ཅན་གྱི་རིགས་གསར་བའི་ནུས་ཁུངས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་དགོས། ཆུ་ཚད་མཐོ་བའི་སྒོ་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་གསར་སྐྲུན་བྱེད་པའི་སྤྱིའི་འཆར་འགོད་གཏན་འབེབས་དང་ལག་བསྟར་བྱེད་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ལྟེ་གཅིག་སྐོར་གཅིག་དང་ས་ཁུལ་མང་པོའི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་པར་བྱེད་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་གསར་སྐྲུན་བྱེད་པའི་དམིགས་འབེན་གཙིགས་སུ་འཛིན་པ་དང་། རིགས་བགར་ནས་ཁྱད་ལྡན་ཐོན་ལས་ཆེན་པོ་བཅུའི་ལོ་གསུམ་འགུལ་སྐྱོད་སྤེལ་ནས། རྒྱལ་ཁབ་རིམ་པའི་དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་ར་བ་དང་ཞིང་ལས་ཐོན་ལས་གྲོང་རྡལ་འཛུགས་སྐྲུན་བྱེད་དགོས།

སྟོབས་ཤུགས་ཡོད་རྒུས་ལྗང་མདོག་རྩིས་གློག་མཉམ་ལས་གཞི་གཅིག་ཅན་གྱི་དཔེ་སྟོན་ལ་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་གཞི་གཅིག་ཅན་ལྗང་མདོག་རྩིས་ནུས་ཐོན་ཁུངས་ཀྱི་སྤྱི་ཐུན་ཞབས་ཞུའི་སྟེགས་བུ་འཛུགས་པ། ལྗང་མདོག་རྩིས་ནུས་ཐོན་ཁུངས་བེད་སྤྱོད་བྱེད་ཚད་ཇེ་མཐོར་གཏོང་བ། ཐོན་ལས་ཕྲེང་འབྲེལ་ཡོངས་ཀྱི་སྐྱེ་ཁམས་མུ་ཁྱུད་སྐྱེད་སྲིང་བྱེད་པ། ལྗང་མདོག་རྩིས་གློག་གི་ཕྱོགས་གཉིས་འགྲོ་བསྐྱོད་དང་དངོས་ཕུང་དཔལ་འབྱོར་དང་གཞི་གྲངས་དཔལ་འབྱོར་བཅས་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་དགོས། སྲོལ་རྒྱུན་ཐོན་ལས་ལེགས་བསྒྱུར་གྱི་རིམ་སྤོར་འགུལ་སྐྱོད་སྤེལ་བ་དང་། ཚད་གཞི་མཐོར་འདེགས་དང་གྲངས་རིག་ལག་རྩལ། ལྗང་མདོག་ལག་རྩལ་བསྒྱུར་བཀོད་ལ་བརྟེན་ནས་སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་མཐོར་འདེགས་གཏོང་དགོས། ནུས་ཁུངས་གསར་བའི་རླངས་འཁོར་གྱི་ལྷུ་ལག་གཙོ་བོ་བཟོ་སྤྱད་རྣོ་ལྕགས་སོགས་ཐོན་རྫས་འཕེལ་རྒྱས་སུ་གཏོང་བ་དང་། ཁུལ་ཁོངས་རང་བཞིན་གྱི་དམིགས་བསལ་རྣོ་ལྕགས་ཐོན་ལས་རྟེན་གཞི་གསར་སྐྲུན་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ཐད་གསོན་ཤུགས་སྣོན་དགོས། གསར་དར་ཐོན་ལས་ཀྱི་སྐྱེད་སྲིང་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། ཉི་འོད་ནུས་པའི་ཐོན་ལས་ཁྱུ་ཚོགས་གོང་འཕེལ་གཏོང་དགོས། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱས་ནས། ཕན་མེད་ཕན་ཡོད་དུ་བསྒྱུར་དགོས། མ་འོངས་པའི་ཐོན་ལས་བཀོད་སྒྲིག་བཟང་བོ་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་བདེ་ཐང་ཆེན་པོའི་ཐོན་ལས་འཛུགས་སྐྲུན་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་བར་སྣང་དམའ་བོའི་དཔལ་འབྱོར་ཉེར་སྤྱོད་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

དེང་རབས་ཞབས་ཞུ་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། ཞིབ་སྤེལ་དང་ཇུས་འགོད་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུ་ལས་རིགས་འཕེལ་རྒྱས་སུ་གཏོང་བ། ཚད་གཞི་མཐོན་པོས་རྒྱལ་ཁབ་ཀྱི་རྒྱུ་སྤུས་རྨང་གཞི་སྒྲིག་ཆས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱས་ནས། ཐོན་རྫས་བཟོ་སྐྲུན་དེ་ཐོན་རྫས་དང་ཞབས་ཞུ་མཉམ་འབྲེལ་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ནུས་པ་ལྡན་པའི་སྒོ་ནས་སྤྱི་ཚོགས་ཡོངས་ཀྱི་ཟོང་སྐྱེལ་མ་རྩ་ཇེ་དམའ་རུ་གཏོང་བའི་འགུལ་སྐྱོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཐཱན་མེད་ཞབས་ཞུ་ཁུལ་དང་གློག་གསོག་སྒྲིག་ཆས། ཁྱབ་ཚུལ་ལུགས་ཀྱི་ཉི་འོད་ནུས་པ་འཛུགས་སྐྲུན་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། མྱུར་བགྲོད་གཞུང་ལམ་ནུས་གསབ་མ་ལག་གསར་སྐྲུན་བྱས་ཏེ། འགྲིམ་འགྲུལ་དང་ནུས་ཁུངས་གསར་བ་མཉམ་འབྲེལ་བྱས་པའི་ཐོན་ལས་ཕྲེང་འབྲེལ་རྒྱ་སྐྱེད་དགོས། ཟོང་སྐྱེལ་དང་གློག་ཚོང་། ཞིང་ཕྱུགས་ཐོན་རྫས་གཞི་གཅིག་ཅན་གྱི་འཕེལ་རྒྱས་མ་དཔེ་འཛུགས་པ་དང་། དེང་རབས་ཞབས་ཞུའི་ལས་རིགས་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས། དེང་རབས་ཞིང་ཕྱུགས་ལས་བཅས་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་དགོས། འཚོ་བ་རང་བཞིན་གྱི་ཞབས་ཞུ་ལས་རིགས་སྣ་མང་ཅན་གྱི་འཕེལ་རྒྱས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རང་ས་ཆའི་འཚོ་བའི་ཞབས་ཞུ་སྟེགས་བུ་གསར་སྐྲུན་བྱེད་པ། ལས་རྣམ་གསར་བ་གསར་གཏོད་འཕེལ་རྒྱས་སུ་བཏང་ནས། ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་རྒྱུ་སྤུས་ཅན་གྱི་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།

འགྲན་རྩོད་དྲག་པོའི་ཁྲོད་མདུན་སྐྱོད་མ་བྱས་ན་ཕྱིར་བཤོལ་བྱེད་ངེས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཚུགས་ས་གསར་བའི་སྟེང་འགྲེང་ནས། ང་ཚོས་བསྒྲུབ་མི་རུང་བ་མི་བསྒྲུབ་པ་དང་བསྒྲུབ་འོས་པར་འབད་འཐབ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་ཀ་བཞི་གདུང་བརྒྱད་འཛུགས་སྐྲུན་བྱས་ཏེ། འཕེལ་རྒྱས་ཀྱི་ལྗང་འདུས་ཚད་དང་གསར་འདུས་ཚད། གསེར་འདུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།