དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་བསྐྱོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས།
2025.02.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 3

——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལེན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་ཡིད་ཆེས་ཇེ་བརྟན་དུ་བཏང་བ་དང་ངར་སེམས་ཆེ་རུ་བསྐྱེད།

གོ་སྐབས་དམ་འཛིན་དང་བབ་བསྟུན་མདུན་སྐྱོད་བྱེད་པ་དང་། གསར་གཏོད་བྱེད་ཕོད་པ་དང་དཀའ་སྤྱད་དངོས་སྒྲུབ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ཁྲོད་གྲུབ་འབྲས་སྔར་ལས་ཆེན་པོ་མངོན་པར་བྱེད་དགོས།

ཟླ2པའི་ཚེས8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལེན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གསན་སྐབས་གསུང་བཤད་གལ་ཆེན་གནང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་ས་རུ་བྱེད་པ་དང་། མཐུན་སྒྲིལ་གཅིག་སེམས་དང་བློ་རྩ་བརྟན་པོས་མདུན་སྐྱོད་བྱེད་པ། ཁག་ཁུར་འབད་འཐབ་དང་བདེན་འཛིན་དངོས་གཉེར་བྱས་ནས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་། འབད་བརྩོན་ལྷོད་མེད་ཀྱི་རྣམ་འགྱུར་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས་ཞེས་གསུངས། 

བྱང་ཤར་ས་ཁུལ་ནི་རང་རྒྱལ་གྱི་བཟོ་ལས་དང་ཞིང་ལས་རྟེན་གཞི་གལ་ཆེན་ཡིན་པ་དང་། རྒྱལ་ཁབ་ཀྱི་རྒྱལ་སྲུང་བདེ་འཇགས་དང་འབྲུ་རིགས་བདེ་འཇགས། སྐྱེ་ཁམས་བདེ་འཇགས། ནུས་ཁུངས་བདེ་འཇགས། ཐོན་ལས་བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་གོ་གནས་ཧ་ཅང་གལ་ཆེ་ལ། དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་དམ་ཟབ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་ཤར་བྱང་ས་ཁུལ་དུ་གཟིགས་ཞིབ་གནང་ནས། ཤར་བྱང་ཕྱོགས་ཡོངས་དར་སྤེལ་བྱེད་པའི་ཐད་བློ་འདོན་ཇུས་འབུལ་བྱས།

ཡུལ་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་རྗེས། ཅི་ལེན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཀྲི་ཞིན་ལ་སྐུལ་མ་ཆེན་པོ་ཐེབས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ཅི་ལེན་གྱི་འཕེལ་རྒྱས་ཐད་ཁ་ཕྱོགས་ཡང་དག་བསྟན་པ་དང་སྒུལ་ཤུགས་ཆེན་པོ་བསྣན་པས། དཔལ་འབྱོར་ཕྱོགས་བསྡུས་སྡེ་ཁག་གི་འགན་འཁྲི་འདོན་སྤེལ་བཟང་བོ་བྱས་ནས། དཔལ་འབྱོར་གྱི་རྒྱུ་སྤུས་ཀྱི་མཐོར་འདེགས་དང་གྲངས་ཚད་ཀྱི་ལུགས་མཐུན་འཕར་སྣོན་གཉིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་རིམ་ཧྲིལ་བོར་གཅིག་གྱུར་བྱེད་དགོས། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར། ཅི་ལེན་གྱི་ཁྱད་ཆོས་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་པའི་སྟེང་ཤུགས་བཏོན་ནས། ཅི་ལེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་གསལ་སྒོས་གནས་གོང་འགྲིལ་བྱེད་པའི་ཐད་བྱས་རྗེས་འཇོག་དགོས།

ལུགས་རྙིང་ལོ་སར་གྱི་གུང་གསེང་མཇུག་བསྒྲིལ་མ་ཐག ཧྲིན་ཡང་འཁོར་སྟེགས་ཀྲུང་ཅེ་མཛའ་བརྩེ་བཟོ་གྲྭ་ཐོན་སྐྱེད་འཁོར་ཁང་ནང་བྲེལ་མྱུར་གྱི་རྣམ་པ་མངོན་ཞིང་། བཟོ་བ་ཚོས་ཞིབ་ཚད་མཐོ་བའི་ལུང་མིན་ལས་སྣོན་ལྟེ་གནས་ལ་ཚོད་སྒྲིག་བྱེད་ཀྱིན་ཡོད། མཐོ་རིམ་འཁོར་སྟེགས་ཁྱབ་ཁོངས་ཀྱི་རྒྱུན་མཐུད་གསར་གཏོད་ལ་རྒྱབ་རྟེན་ནས། རྒྱལ་དབང་ཁེ་ལས་གྲགས་ཅན་འདིར་རྒྱལ་ཁབ་ཕྱི་ནང་གི་ཉོ་ཆད་ཐོ་ཡིག་རྒྱུན་ཆད་མེད་པར་འབྱོར་བ་དང་། གསོན་ཤུགས་གསར་བ་རྣམ་པར་རྒྱས།

ཉེར་སྤྱོད་ལག་རྩལ་སྡེ་ཚོགས་ཧྲིན་ཡང་འཁོར་སྟེགས་ཚད་ཡོད་འགན་ལེན་ཀུང་ཟིའི་སྤྱི་གཉེར་བ་ཀའོ་ཧྲིན་གྱིས་བཤད་རྒྱུར། ལུགས་རྙིང་ལོ་སར་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལིའོ་ཉིང་ལ་གཟིགས་ཞིབ་མཛད་པ་ད་ང། སྲོལ་རྒྱུན་ཐོན་ལས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཐེངས་འདིར་དངོས་ཕུང་དཔལ་འབྱོར་གྱི་གཞི་རྩ་འདི་བརྟན་སྲུང་བྱེད་དགོས་པ་ཡང་བསྐྱར་ནན་སྟོན་བྱས་པ་དང་། ང་ཚོའི་ངར་སེམས་སྔར་ལས་ཆེར་སྐྱེད་བྱས། ཁེ་ལས་ཀྱིས་ད་ལོར་ཞིབ་ཚད་མཐོ་བའི་བཟོ་ལས་མ་འཁོར་གྱི་མཐོ་རིམ་སྒྲིག་ཆས་ཐད་ཀྱི་འགག་སྒྲོལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཐོན་རྫས་ཀྱི་ཡིད་རྟོན་རང་བཞིན་དང་བརྟན་འཇགས་རང་བཞིན་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་ནས། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པའི་གོ་སྐབས་དམ་འཛིན་བྱེད་རྒྱུ་ཡིན།

སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་གསར་གཏོད་ཀྱི་སྣེ་ཁྲིད་དང་ཐོན་ལས་ཀྱི་འདེགས་སྐྱོར་དང་འབྲལ་ཐབས་མེད། སྤུས་གསར་ཐོན་སྐྱེད་ནུས་པ་འཕེལ་རྒྱས་སུ་གཏོང་ན། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་བྱེད་དགོས་པ་མ་ཟད། ཐོན་ལས་གསར་བ་མྱུར་དུ་སྐྱེད་སྲིང་བྱེད་པ་དང་དགེ་མཚན་གསར་བ་གསར་སྐྲུན་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཉིས་མཉམ་བསྲེས་ཟབ་མོ་བྱེད་དགོས་ཞེས་ཡང་བསྐྱར་ནན་སྟོན་མཛད་པ་དང་། དེར་ཀྲུང་གོའི་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་གླིང་གི་སྲིད་ཇུས་དང་དཔལ་འབྱོར་ཞིབ་འཇུག་ཁང་གི་མགོ་གཙོ་ཞིན་ཡུང་ཧྥེ་ལ་མྱོང་ཚོར་ཟབ་མོ་སྐྱེས། ང་ཚོས་ཚན་རྩལ་གྲུབ་འབྲས་དེ་མངོན་སུམ་གྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་བའི་གནད་འགག་གནས་འདི་དམ་འཛིན་བྱེད་པ་དང་། འགག་སྒྲོལ་རྩ་འཛུགས་མ་དཔེ་གསར་གཏོད་བྱེད་པ། ཁྱབ་ཁོངས་བགོས་ནས་བྱང་བསྒྲགས་མགོ་འདྲེན་བྱེད་དགོས། ལྷག་པར་དུ་གཞི་གྲངས་འཕྲིན་གཏོང་ལག་རྩལ་ཁྱབ་ཁོངས་སུ། དཔེ་དབྱིབས་ཆེན་པོ་སྐབས་བརྗེ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། གསར་གཏོད་ཕྲེང་འབྲེལ་གྱི་ལག་རྩལ་བཟང་བོ་ཐོན་ལས་ཕྲེང་འབྲེལ་གྱི་ཉེར་སྤྱོད་བཟང་བོར་བསྒྱུར་དགོས།

ཧེ་ལུང་ཅང་ཞིང་ཆེན་གྱི་ཧྲིན་ཀྲིན་ཧཱ་ཨེར་པིན་ཐོན་ལས་གླིང་དུ། ཚོང་འགུག་དངུལ་འདྲེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་ཡོད། དེ་ཁ་གཏད་མཉམ་ལས་ཀྱི་ཕན་འབྲས་ཡིན་པ་དང་། ཧྲིན་ཀྲིན་གྱི་དོ་དམ་མ་དཔེ་དང་སྔོན་ཐོན་ཉམས་མྱོང་ཇི་མ་ཇི་བཞིན་དུ་དཔེ་ལྟ་ལག་བསྟར་བྱས་ནས། ཐོན་ལས་གླིང་ལ་འཕེལ་རྒྱས་ཀྱི་གོ་སྐབས་འདོན་སྤྲོད་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་རྗེས། ཧྲིན་ཀྲིན་ཐོན་ལས་གླིང་དངུལ་གཏོང་གསར་སྤེལ་ཚད་ཡོད་ཀུང་ཟིའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཕན་ཧྲའོ་སུང་ལ་བཅོས་བསྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་རྒྱུ་དེ་ཤར་བྱང་ཕྱོགས་ཡོངས་དར་སྤེལ་གཏོང་བར་མཚོན་ན་ཧ་ཅང་གལ་ཆེ་བའི་ཚོར་སྣང་ཆེན་པོ་སྐྱེས། ཁོས་སྤྱི་ཁྱབ་ཧྲུའུ་ཅིས་གཏིང་ཟབ་འགལ་རྩོད་ཐག་གཅོད་པ་དང་སྒྲིག་གཞི་རྐྱེན་སྲོལ་གྱི་གེགས་རྐྱེན་མེད་པར་བྱེད་རྒྱུའི་བླང་བྱ་བཏོན་པ་དང་། ང་ཚོས་ཁུལ་ཁོངས་མཉམ་ལས་ཀྱི་མ་དཔེ་གསར་གཏོད་བྱེད་པ་དང་། ནུས་པ་ལྡན་པའི་བཅོས་བསྒྱུར་གྱི་བྱེད་ཐབས་སྐོར་ཞིག་ལག་བསྟར་བྱེད་པ། གྲོང་ཁྱེར་གཉིས་ཀྱི་ཐོན་ལས་འཕེལ་རྒྱས་སྦྲེལ་མཐུད་དང་སྟེགས་བུ་འདྲེན་བྱེད་མཉམ་སྐྲུན། ཐོན་ཁུངས་རྒྱུ་རྐྱེན་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ། ཁ་གཏད་མཉམ་ལས་ཀྱི་པར་གཞི་ཧུར་ཐག་གིས་གསར་སྐྲུན་བྱས་ཏེ། ཁུལ་ཁོངས་འཕེལ་རྒྱས་ཐད་སྒུལ་ཤུགས་སྣོན་པ་དང་གསོན་ཤུགས་སྣོན་དགོས་ཟེར།

ཁོད་ཡངས་པའི་ས་ནག་ཐང་དུ། དུས་སྐབས་གསར་བའི་སྐྱེ་སྟོབས་ཆེས་ཆེར་རྒྱས། ཅི་ལིན་ཞིང་ཆེན་པའེ་ཁྲིན་གྲོང་ཁྱེར་ཀྲིན་ལའེ་རྫོང་དུ། ནན་ཀང་ཙི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡུས་ཁྲིན་ཁའེ་དང་སྡེ་དམངས་ཚོས་འཁྱགས་གྲོའི་ཐོན་ཚད་ཇེ་མཐོར་གཏོང་བའི་ཐད་ནས་གྲོས་སྡུར་བྱེད་ཀྱིན་འདུག

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱས་ཞུས་ཁྲིན་ཁའེ་ཡི་ཞིང་གསུམ་བྱ་བ་བཟང་བོར་བསྒྲུབ་པའི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་། ཞུས་ཁྲིན་ཁའེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་འབྲུ་མགོ་ཟས་མཇུག་དང་ཞིང་མགོ་བཟོ་མཇུག་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་གསུངས་བ་དང་། ང་ཚོར་མཚོན་ནས་བཤད་ན་འཁྱགས་གྲོའི་ལེགས་ཞིབ་ལས་སྣོན་མྱུར་དུ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན་ལ། འཁྱགས་གྲོའི་ལྗང་མདོག་ཐོན་མཐོ་ཕན་ལྡན་འདེབས་གསོ་དཔེ་སྟོན་ཁུལ་གསར་སྐྲུན་བྱས་ནས། ཀྲུང་གོའི་ཅི་ལིན་གྱི་འབྲུ་རིགས་ཐོན་ཚད་ཇེ་མང་དུ་གཏོང་བ་མ་ཟད། ཐོན་ལས་ཕྲེང་འབྲེལ་རྒྱུན་བསྲིང་བྱེད་པ་དང་ཁྱད་ལྡན་ཐོན་རྫས་འཕེལ་རྒྱས་བཏང་སྟེ། ཐོན་འབབ་བཟང་བོ་ཡོང་འབབ་བཟང་བོར་བསྒྱུར་བ་དང་། གྲོང་མི་ཚོའི་སྣེ་ཁྲིད་དེ་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་གྱི་བགྲོད་ལམ་དུ་བསྐྱོད་དགོས་ཟེར།

མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པ་དང་། མཐུན་སྒྲིལ་བྱས་ན་ད་གཟོད་རྒྱལ་ཁ་ལེན་ཐུབ།

ཉིན་ཞ་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥིན་ཆུའུ་ཁྲང་ཁྲིན་ཧྭ་ཡོན་སྡེ་ཁུལ་དུ། བརྩེ་ལྡན་རོགས་རེས་ཚོགས་པ་དང་དཔེ་ཀློག་མཉམ་སྤྱོད་བྱ་འགུལ་སོགས་དྲོད་ལྡན་རྩ་འཛུགས་རེ་རེ་དང་ཕུན་སུམ་ཚོགས་པའི་བྱ་འགུལ་རེ་རེ་ཡིས་རྒྱ་རིགས་དང་ཧོས་རིགས། མན་ཇུའི་རིགས།  བོད་རིགས་སོགས་མི་རིགས་སོ་སོའི་སྡོད་དམངས་ཁྱིམ་ཚང་གཅིག་བཞིན་དུ་གཅིག་ཏུ་བསྡུས་ཡོད།

མི་རིགས་མཐུན་སྒྲིལ་དམ་འཛིན་བྱེད་ན། གཞི་རིམ་གྱི་སྡེ་ཁུལ་ནི་གཡུལ་ས་གཙོ་བོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས་པ་དང་། དེས་ཁྲང་ཁྲིན་ཧྭ་ཡོན་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲའོ་ནའེ་ཞང་ལ་འགན་འཁྲི་ཧ་ཅང་ལྕི་བའི་ཚོར་བ་སྐྱེས་སུ་བཅུག ཁོས་ང་ཚོས་བྱ་བ་སྔར་ལས་བཟང་བོ་བསྒྲུབ་པ་དང་། རྣམ་པ་མང་བའི་རིག་གནས་བྱ་འགུལ་སྣ་ཚོགས་སྤེལ་བ་དང་སྐར་མ་བཅོ་ལྔའི་དམངས་བདེ་འཚོ་བའི་ཁྱུ་ཚོགས་འཛུགས་པ་སོགས་བརྒྱུད་དེ། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར་ཇེ་མཐོར་བཏང་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་གསར་བ་བསྐྲུན་པའི་ཐད་ཤུགས་ཆེན་པོ་བསྣན་ཟེར། 

ཉེ་བའི་ལོ་འགའི་རིང་ལ། ཀོང་ཞི་པའེ་སིག་གྲོང་ཁྱེར་པའེ་ཏུང་ཁུལ་གསར་གྱིས་མདོག་ལྡན་ལྕགས་རིག་སོགས་ཐོན་ཁུངས་ཀྱི་དགེ་མཚན་ལ་དམིགས་ནས། ཕྲེང་བདག་ཁེ་ལས་ནང་འདྲེན་བྱས་པ་དང་། མཐོ་རིམ་ཧ་ཡང་རྒྱུ་ཆ་སོགས་རྒྱུ་ཆ་གསར་བ་འཕེལ་རྒྱས་སུ་བཏང་བས། ཐོན་ལས་འདུ་རུབ་ཕན་འབྲས་ཡུན་གྱིས་མངོན་ཡོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་རྗེས། པའེ་ཏུང་ཁུལ་གསར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧོང་རུའེ་ཕོ་ཡིས་བསྟན་དོན། དགེ་མཚན་ཐོན་ལས་དང་གསར་དར་ཐོན་ལས་ལ་དམིགས་ནས་ཚོང་འགུག་སྟོབས་འདྲེན་བྱེད་པ་དང་། གླིང་ཁུལ་གྱི་རྩོལ་ནུས་ཆ་སྡེབ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། འབྲི་ཆུའི་ཟུར་གསུམ་གླིང་དང་ཞང་ཀང་དང་ཨོ་མིན། ཀོང་ཏུང་གི་ཁུག་ཁུལ་ཆེན་པོའི་ཐོན་ལས་སྤོ་བསྒྱུར་བྱས་ཏེ། ཐོན་ལས་ཕྲེང་འབྲེལ་གྱི་མཉེན་ཤུགས་མཐོར་འདེགས་གཏོང་དགོས་ཟེར།

ནང་སོག་ཐུང་ལིའོ་རུ། གཞི་རིམ་གྱི་ཏང་རྩ་འཛུགས་རེ་རེ་ཡིས་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། ཤར་བྱང་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་མཉམ་ཤུགས་གྲུབ་པར་བྱས།

ནང་སོག་ཐུང་ལིའོ་གྲོང་ཁྱེར་གྱི་ཏང་ཨུའི་རྩ་འཛུགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲང་ཆི་ཁྲའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྤུས་ཚད་མཐོ་བའི་ཏང་འཛུགས་ཀྱི་སྣེ་ཁྲིད་མཁོ་ཞེས་ནན་གྱིས་གསུངས་པ་དང་། ང་ཚོས་བཙན་རྫོང་བརྟན་པོའི་དཔེ་སྟོན་ཀྲི་པུའུ་འཛུགས་པ་དང་། ཏང་ཀྲུང་དབྱང་གི་བླང་བྱ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་རྩོལ་ནུས་དང་རྩ་འཛུགས་རྩོལ་ནུས་ཇེ་ཆེར་གཏོང་བའི་སྟེང་མངོན་པར་བྱེད་པ། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་ངང་བཅོས་སྐྱོང་བྱེད་པ། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་གསར་བསྐྲུན་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་རབས་གསར་བའི་ཤར་བྱང་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་སྟེང་ཁག་ཁུར་དང་གྲུབ་འབྲས་སྔར་ལས་ཆེན་པོ་མངོན་པར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་གོའི་ས་གཞིར་ཉམས་འགྱུར་གསར་བ་མངོན་པ་དང་། འབད་འཐབ་ལྷོད་མེད་བྱེད་པའི་དུས་ལ་སླེབས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་གསུང་བའི་གོ་སྐབས་དམ་འཛིན་དང་སྐབས་བསྟུན་མདུན་སྐྱོད་བྱེད་པ་དང་། གསར་གཏོད་བྱེད་ཕོད་པ་དང་དཀའ་སྤྱད་དངོས་སྒྲུབ་བྱེད་དགོས་ཞེས་པ་དེས། ཁྲང་ཁྲུན་ཁྲང་ཀོང་ཏཱ་ཆི་ཚན་རྩལ་ཚད་ཡོད་ཀུང་ཟི་སྤྱི་གཉེར་བ་ཝང་ཞུས་ཀྱི་ད་ལོའི་འཕེལ་རྒྱས་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་། ཁོས་བཤད་རྒྱུར། ང་ཚོས་ཐོན་སྐྱེད་ཐད་དམ་འཛིན་བྱེད་ཀྱིན་ཡོད་པ་དང་། ལས་མགོ་བཟང་བོ་འཁྱོངས་པ་བརྩོན་ལེན་བྱེད་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།