—ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་སྐོར་གླེང་བ།
ད་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་དུ། སྤུས་ཚད་མཐོ་བའི་འཚོ་བ་ཡི་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས། ས་མཐོའི་དམངས་ཚིས་ལ་འགན་སྲུང་བྱེད་པའི་མཚོ་སྔོན་གྱི་དཔེ་མཚོན་སྐྲུན་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་དམངས་ཚིས་བདེ་སྐྱིད་ རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དང་། ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ནན་མོ་གཏོང་དགོས་ཞེས་བསྟན། ང་ཚོས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་རྒྱུ་དང་མི་དམངས་ཀྱི་རྩ་བ་བརྟན་པོ་ཚུགས་པར་བྱེད་པའི་ནང་དོན་ཟབ་སྤེལ་དང་ལག་ལེན་གྱི་བླང་བྱ་དམ་འཛིན་ནན་མོ་བྱེད་པ། མི་དམངས་ཀྱི་རང་བདག་གོ་གནས་ལ་བརྩི་འཇོག་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སུ་སྐུལ་སློང་གང་ལེགས་བྱས་ནས།“ནོར་སྲིད་ཆུང་ངུར”བརྟེན་ནས“དམངས་ཚིས་ཆེན་པོ” སྒྲུབ་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་དམངས་ཚིས་ལས་དོན་ལག་བསྟར་བྱས་ཏེ། དམངས་ཚིས་ལ་ཕན་པའི་དོན་དངོས་སྒྲུབ་པ་དང་དམངས་སེམས་སྐྱིད་ལ་བསྐུར་བའི་ལས་དོན་ཞིབ་ཕྲའི་ངང་སྒྲུབ་པ། དམངས་ཀྱི་འདོད་བློ་དང་མཐུན་པའི་བྱ་བ་ལེགས་པར་སྒྲུབ་པ་བཅས་བྱེད་དགོས།
ལས་ཞུགས་ནི་དམངས་ཚིས་ཆེས་ཆེ་ཤོས་ཡིན་པར་བརྟེན། ང་ཚོས་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་སྙོམས་སྒྲིག་དང་ལས་ཞུགས་སྔོན་ལ་འཇོག་པའི་གནས་བབ་སྔར་ལས་འབུར་ཐོན་ཡོང་བར་བྱས་ནས། ལས་གཞི་གལ་ཆེན་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་ལས་ཞུགས་བསྡུ་ལེན་བསྡོམས་འབོར་ཆེ་རུ་གཏོང་རྒྱུ་དང་། ལས་ཞུགས་མཛའ་མཐུན་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འབད་པས་བསྐྲུན་ཏེ། རྣམ་པ་སྣ་མང་ཅན་གྱི་སྡེ་ཁུལ་གྱི་ཉིན་གླ་རྒྱུག་པའི་ཁྲོམ་ར་འཕེལ་རྒྱས་སུ་བཏང་ནས། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས། སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་ནི་ཁྱིམ་ཚང་ཁྲི་སྟོང་གི་བདེ་སྡུག་དང་འབྲེལ་བ་ངེས་ཅན་ཡོད་ལ།མི་དམངས་མང་ཚོགས་ཀྱིས་དུས་རྒྱུན་དོ་ཁུར་བྱེད་ཀྱིན་པའི་དམངས་ཚིས་གནད་དོན་གལ་ཆེན་ཞིག་ཡིན་པས། ང་ཚོས་སློབ་གསོར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་དང་། ཀུན་སྤྱོད་འཛུགས་སྐྲུན་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། མི་འབོར་འགྱུར་ལྡོག་དང་མཐུན་སྦྱོར་ཡིན་པའི་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུའི་མཁོ་སྤྲོད་ལམ་སྲོལ་འཛུགས་པ། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། མཐོ་རིམ་སློབ་གསོའི་སྤུས་ལེགས་དངོས་གཞིའི་ཚན་ཁག་རྒྱ་སྐྱེད་གཏོང་བའི་འཆར་འགོད་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ། སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་མི་དམངས་ཀྱི་བདེ་སྐྱིད་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། བདེ་ཐང་ནི་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་རྨང་གཞིའི་ཆ་རྐྱེན་ཞིག་ཀྱང་ཡིན། ང་ཚོས་ཆུ་ཚད་མཐོ་ཞིང་བདེ་ཐང་ཡིན་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་རྒྱུ་དང་། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་འཆར་འགོད་ལག་བསྟར་བྱེད་པ། སྨན་བཅོས་དང་སྨན་བཅོས་འགན་སྲུང་། སྨན་རྫས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། ནད་འགོག་ལས་ཁུངས་ཚད་ལྡན་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་པ། རེས་སྐོར་གསར་པའི་ས་གནས་ཀྱི་ནད་འགོག་བཅོས་བྱེད་པའི་ལས་དོན་སྔར་ལས་སྲ་བརྟན་དང་མཐོར་འདེགས་གཏོང་བ། སྤྱི་ཕན་རང་བཞིན་ཕྱོགས་སྟོན་དུ་འཛིན་པའི་གཞུང་བཙུགས་སྨན་ཁང་གི་བཅོས་སྒྱུར་ཟབ་སྤེལ་གཏོང་བཅས་བྱས་ནས། ས་མཐོའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་སྲུང་སྐྱོབ་སྔར་ལས་གང་ལེགས་བྱེད་དགོས།
སྤྱི་ཚོགས་འགན་སྲུང་ནི་དམངས་ཚིས་འགན་སྲུང་དང་ཇེ་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ཀྱི་གཞི་རྩའི་ལམ་ལུགས་ཀྱི་འགན་སྲུང་གལ་ཆེན་ཞིག་ཡིན། ང་ཚོས་སྤྱི་ཚོགས་འགན་སྲུང་དྲ་བ་དམ་ཟབ་འཛུགས་རྒྱུ་དང་སྤྱི་ཚོགས་འགན་སྲུང་གི་གནད་ལ་འཁེལ་བའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བའི་བྱ་སྤྱོད་ལག་བསྟར་ནན་མོ་བྱས་ཏེ། བཟོ་པ་དང་གཞོན་ནུ་དང་བུད་མེད་སོགས་མང་ཚོགས་དང་ཚོགས་པའི་རྩ་འཛུགས་ཀྱིས་རང་སྟེང་གི་ནུས་པ་སྔར་ལས་གང་ལེགས་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ནས། ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་ཕྱིར་འགྱངས་བྱེད་པའི་བཅོས་སྒྱུར་ལས་དོན་གོ་རིམ་ལྡན་པའི་ངང་བརྟན་གཏོང་ལ་སྐུལ་འདེད་གཏོང་བ་དང་། བུ་སྐྱེས་ཀྱི་རྒྱབ་སྐྱོར་སྲིད་ཇུས་མ་ལག་དང་སྐུལ་སློང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ།རྒན་གསོའི་ཞབས་ཞུའི་བཅོས་སྒྱུར་དང་འཕེལ་རྒྱས་ཟབ་སྤེལ་གཏོང་བ། དངོས་སུ་མྱོང་ཐུབ་པའི་རྒན་གསོའི་ཞབས་ཞུ་ལོ་ལོན་ཚོའི་ཉེ་འགྲམ་ནས་སྤེལ་དགོས། རིག་གནས་ནི་མི་སེམས་གཅིག་སྒྲིལ་བྱེད་པའི་བསམ་པའི་འབྲེལ་ཐག་ཡིན་ལ། དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བའི་འགག་རྩའི་རྒྱུ་རྐྱེན་ཞིག་ཀྱང་ཡིན། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་དང་ལོ་རྒྱུས། དམར་པོའི་གཞི་རྒྱུ། མི་རིགས། མཐོ་སྒང་བཅས་ཀྱི “རིག་གནས་ལྔ”གསོ་སྐྱོང་དང་དར་སྤེལ་ཤུགས་ཆེན་བྱས་ཏེ། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་མ་ལག་འཛུགས་པ། “མདེལ་གཉིས་དང་སྐར་གཅིག”གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་གང་ལེགས་འཛུགས་པ་དང་དེ་བེད་སྤྱོད་ལེགས་པོ་བྱས་ཏེ། རྒྱལ་ཡོངས་སུ་ཤུགས་རྐྱེན་འཇོག་ཐུབ་པའི་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་མཚོན་རྟགས་སྔར་ལས་གང་མང་བསྐྲུན་ནས། མི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་སྔར་ལས་སྣ་མང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། “ཏང་གི་གསུང་ལ་ཉན་པ་དང་ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པའི”དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་ཟབ་སྤེལ་བཏང་ནས། མི་རིགས་སོ་སོའི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།
རྒྱལ་ཁབ་ཀྱིས་དམངས་གཞི་རྩར་བཟུང་ཡོད་ཅིང་རྒྱལ་ཁབ་ཀྱང་དམངས་ཀྱི་ཆེད་དུ་བཙུགས་པ་ཞིག་ཡིན། རྒྱལ་ཁམས་རྒྱ་སྐྱེད་པ་དང་རྒྱལ་ཁམས་སྲུང་བྱེད་པའི་ཆེས་གཞི་རྩ་ནི་མི་དམངས་ཀྱི་སེམས་བརྟན་སྲུང་བྱ་རྒྱུ་དེ་ཡིན། དམངས་ཚིས་ཇེ་ལེགས་སུ་གཏོང་བའི་ལས་དོན་ལ་རྫོགས་མཐའ་མེད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཕྱོགས་སུ་གོམ་ཁ་སྒྱུར་སྐབས། ང་ཚོས་ངེས་པར་དུ་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པར་བྱེད་རྒྱུ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དམངས་ཚིས་ཀྱི་ཞན་ཆ་ཁ་གསབ་དང་དམངས་ཚིས་ཀྱི་དཀའ་གནད་སེལ་བ། དམངས་ཚིས་ཀྱི་ཚད་མཐའ་བརྟན་པོ་ཡོང་བ་བཅས་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་འཇགས་ཀྱི་ཚོར་བ་བཅས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།