ནུས་ཤུགས་ཡོད་རྒུས་སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ནས་དངོས་སྒྲུབ་དངོས་འབྲས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཞབས་འདེགས་ཞུ་དགོས།
2025.02.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

——ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

                           མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས།

བྱ་བ་ཅི་ཞིག་ཡིན་རུང་དངོས་གཉེར་གཙོ་བོ་ཡིན་ལ། དམིགས་འབེན་གཏན་འཁེལ་བྱས་ཀྱང་གཙོ་བོ་དངོས་འབེབས་བྱེད་དགོས། ད་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ལས་ནུས་ཤུགས་ཡོད་རྒུས་སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་བསྟན། ང་ཚོས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། ཆབ་སྲིད་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ་དང་དངོས་སྒྲུབ་གཙོ་བོ་བྱས་ནས། འགན་འཁྲིའི་འདུ་ཤེས་དྲག་པོས་ལས་འགན་ལག་བསྟར་བྱེད་པ་དང་། མགྱོགས་མྱུར་ངང་མི་དམངས་ཡིད་ཚིམ་པའི་ཁྲིམས་སྐྱོང་སྲིད་གཞུང་དང་གསར་དར་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུའི་རང་བཞིན་གྱི་སྲིད་གཞུང་བཅས་འཛུགས་སྐྲུན་བྱེད་ཅིང་། ཕན་ཡོད་ཆ་རྐྱེན་དམ་འཛིན་བྱེད་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་སྲུང་བྱེད་ལ། གནད་དོན་དང་འགྲན་སློང་ལ་རང་འགུལ་གྱིས་ཁ་གཏད་འཇལ་ནས། ད་ལོའི་དམིགས་འབེན་ལས་འགན་དང་བྱ་བ་གཙོ་བོ་ཧུར་ཐག་གིས་ལེགས་འགྲུབ་བྱེད་དགོས།

དུས་རབས་གསར་བའི་མཚོ་སྔོན་གྱི་བྱ་བ་ལེགས་པོར་བསྒྲུབ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རེ་བ་ནན་མོ་ཐེག་ཡོད་ལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རེ་འདུན་ནན་མོ་དང་མཛེས་པའི་རེ་སྨོན་བཅོལ་ཡོད་པས། ང་ཚོས་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་བརྒྱུད་དེ་ཞུམ་མེད་མདུན་སྐྱོད་བྱེད་པ་དང་། འཆར་འགོད་བྱས་ནས་འགུལ་སྐྱོད་ལག་བསྟར་བྱེད་ལ། རྩོད་སྒྲུབ་ཀྱིས་གནས་བབ་ལ་བལྟ་བ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པར་བྱེད་པ། སྐྱེ་ཁམས་ཀྱི་ཕན་ནུས་ཆེས་ཆེ་བ་མངོན་འགྱུར་བྱས་ཏེ། ཕྱོགས་ཡོངས་ནས་དཔལ་འབྱོར་རྒྱུན་མཐུད་སྒོས་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསོན་ཤུགས་རྒྱུན་མཐུད་སྒོས་སྐུལ་སྤེལ་བྱེད་ལ། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་པོར་སྲུང་བ། མཁར་གྲོང་མཉམ་འདྲེས་དང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་མཐོ་སྒང་གི་དམངས་ཚིས་འགན་སྲུང་གི་མཚོ་སྔོན་གྱི་མ་དཔེ་བསྐྲུན་དགོས། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྡུ་བའི་ལོ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་མགོ་ཡག་པོར་ཚུགས་པར་རྨང་གཞི་འདིང་བའི་འགག་རྩའི་ལོ་ཞིག་ཡིན་པས། བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གི་ལས་འགན་ཧ་ཅང་ལྕི་ཞིང་། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་པའི་བྱ་བ་དམ་འཛིན་བྱས་ནས། ང་ཚོས་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་དྲིན་བསམ་ཡར་བརྩོན་བྱེད་པ། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་བརྩོན་ལེན་བྱེད་པ། མཚོ་སྔོན་ལ་རྒྱུས་ལོན་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བའི་ལག་ལེན་གཙོ་བོའི་ཁྲོད་ཧུར་ཐག་གིས་ཞུགས་དགོས། སྤྱོད་ཚུལ་འཛུགས་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཕན་འབྲས་མཐོར་འདེགས་གཏོང་བ་དང་། དཀའ་གནད་དང་གནད་དོན་ལ་གདོང་གཏད་དེ་ཐབས་བརྒྱ་ཇུས་སྟོང་གིས་ཐག་གཅོད་བྱེད་པ་དང་ནུས་ཤུགས་ཡོད་རྒུས་བསྒྱུར་བཅོས་བྱེད་ཅིང་། ཕན་ནུས་ལྡན་པའི་ཁྲོམ་ར་དང་སྤྱོད་ཚུལ་ཅན་གྱི་སྲིད་གཞུང་གཉིས་སྔར་ལས་ཟུང་འབྲེལ་ལེགས་པོ་བྱེད་པར་སྐུལ་འདེད་བཏང་སྟེ། ཁྲོམ་ར་སྔར་ལས་ཕན་ནུས་ལྡན་པ་དང་སྲིད་གཞུང་སྔར་ལས་འཇོན་ནུས་ལྡན་པར་བྱེད་པ་དང་། དངོས་གཉེར་དངོས་འབྲས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་དྲིན་ལན་འཇལ་དགོས།

གནས་བབ་ཅི་འདྲའི་ཛ་དྲག་ཆེ་ན་ལས་འགན་དེ་འདྲ་ལྕི་བས། སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་ལ་སྔར་ལས་མཐོང་ཆེན་བྱེད་པ་དང་། རིམ་པ་སོ་སོའི་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་འདྲེས་པ་དང་ཞབས་འདེགས་ཞུ་བའི་འཆར་འགོད་དང་ཁྲིད་སྟོན། རྩ་འཛུགས་བྱེད་ནུས་བཅས་སྔར་ལས་འདོན་སྤེལ་ལེགས་པོ་བྱེད་དགོས། ལངས་གནས་སྔར་ལས་མཐོན་པོས་བློ་དཀར་བརྟན་སྲུང་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་ལེགས་པོ་བྱེད་པ། བློ་བརྟན་འགྱུར་མེད་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ་དང་།  ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་དེ་སྲིད་གཞུང་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ། གོ་རྟོགས་མཐོན་པོ་དང་ཁོག་རྒྱ་ཡངས་མོ། བརྩེ་བ་ཆེན་པོ་བཅས་ཀྱིས་མཚོ་སྔོན་ལ་དགའ་ཞེན་བཅངས་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་དགོས།  ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་ཁྲིམས་ལྟར་སྲིད་འཛིན་བྱེད་པ་དང་། ཕྱོགས་ཡོངས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཁྲིམས་ལྟར་སྲིད་འཛིན་ལམ་ལུགས་མ་ལག་འཐུས་ཚང་འཛུགས་པ། སྲིད་འཛིན་ཇུས་ཆོད་ཀྱི་གོ་རིམ་གཏན་འབེབས་དོན་འཁྱོལ་ནན་མོ་བྱེད་པ་དང་། དམངས་ཀྱི་འདོད་བློ་བསྡུ་ལེན་དང་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་གཏོང་བ།  ཁྱབ་ཁོངས་གཙོ་བོའི་སྲིད་གཞུང་གི་ཁྲིམས་འཛུགས་སྤུས་ནུས་མཐོར་འདེགས་གཏོང་བ། རང་རྟོགས་སྒོས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་དང་། ཚད་ལྡན་དང་དྲང་གཞག་སྒོས་དཔལ་ཡོན་ཁྲིམས་འཛིན་ནན་མོ་བྱས་ནས། སྲིད་གཞུང་བྱ་བ་དེ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་བགྲོད་ལམ་སྟེང་ལག་བསྟར་བྱེད་དགོས། ཁག་ཁུར་ཆེན་པོས་དམངས་ཀྱི་ཆེད་དུ་དངོས་དོན་གཉེར་བ་དང་། དུས་ནམ་ཀུན་ཏུ་དམངས་ཚིས་བདེ་སྐྱིད་གཙོ་གནད་དུ་འཛིན་པ། ཕྱི་ཚུལ་རིང་ལུགས་ལེགས་བཅོས་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་གཏན་འབེབས་འགའ་ལག་བསྟར་ནན་མོ་བྱེད་ཅིང་། གོང་རིམ་ལ་ངོ་དགའ་དང་འོག་རིམ་ལ་འགན་མི་འཁུར་བ། དངོས་འབྲས་ལ་བསམ་གཞིགས་མི་གཏོང་བ་བཅས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ། ཕྱོགས་ཡོངས་ནས་གཞི་རིམ་དུ་བསྐྱོད་པ་བཞིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། བརྩེ་སེམས་ཟབ་མོ་དང་གནད་ཁེལ་ནུས་ལྡན་སྒོས་མི་དམངས་མང་ཚོགས་ཀྱི་དཀའ་གནད་སེལ་དགོས། བླང་བྱ་ནན་མོས་སྤྱོད་གཙང་སྒྲིག་སྲུང་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་སྒྲིག་ལམ་ནན་མོར་བརྩིས་ཏེ། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་སྒྲིག་ཁྲིམས་སློབ་གསོའི་རྐྱེན་སྲོལ་འཛུགས་པ་དང་། སྤྱི་དབང་གསུམ་གྱི་འགྲོ་གྲོན་དང་སྤྱིར་བཏང་རང་བཞིན་གྱི་འགྲོ་སོང་ཚོད་འཛིན་ནན་མོ་བྱེད་པ། ཁྱབ་ཁོངས་གཙོ་བོའི་རུལ་སུངས་ལ་དོགས་ཟོན་དང་ཆད་པ་ནན་མོ་གཅོད་པ། མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་མི་ལེགས་པ་དང་རུལ་སུངས་གནད་དོན་རྒྱུན་མཐུད་སྒོས་ལེགས་བཅོས་བྱེད་པ་དང་། སྲིད་གཞུང་གི་ཏང་སྲོལ་སྤྱོད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ། བློ་དཀར་སྤྱོད་གཙང་ཁག་ཁུར་གྱི་ཆབ་སྲིད་སྤྱོད་ཚུལ་དམ་འཛིན་བྱེད་པ་དང་།  བློ་དཀར་སེམས་དཀར་དང་དྲིན་དྲན་བསམ་པ། ཁག་ཁུར་བྱ་སྤྱོད་བཅས་ལ་བརྟེན་ནས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས།


ལྷ་མོ་འཚོས་བསྒྱུར།