ཁྱབ་ཁོངས་གཙོ་བོའི་ཉེན་ཁ་དོགས་ཟོན་ཐག་གཅོད་བྱེད་པའི་ཐད་ནས་ཕན་འབྲས་གསར་བ་ལེན་དགོས།
2025.02.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

——ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།  

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ལས་མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་མཚམས་ཐིག་དམ་པོར་སྲུང་བ་དང་། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་དོགས་ཟོན་དང་ཐག་གཅོད་བྱེད་པའི་ཐད་ནས་ཕན་འབྲས་གསར་བ་ལེན་དགོས་པར་བསྟན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་སྒྲིལ་བའི་ལོ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་ཡག་པོ་རྩོམ་པའི་ལོའང་ཡིན་པས། གནས་བབ་གསར་བ་དང་ལས་འགན་གསར་བར་འཕྲད་སྐབས། སྤྱི་ཚོགས་བདེ་འཇགས་བརྟན་བརླིང་གི་བྱ་བ་ལེགས་པོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ང་ཚོས་བསམ་བློ་དང་འགུལ་སྐྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་གནས་བབ་བརྡར་གཅོད་དང་བཀོད་སྒྲིག་དང་གཅིག་གྱུར་བྱེད་པ་དང་།  སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་འགུལ་ལེགས་ཤོས་མངོན་འགྱུར་བྱུང་སྟེ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་འགན་སྲུང་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་བསྐྱོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པ་དང་།  མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་གོ་གནས་དང་། རྒྱལ་ཁོངས་བདེ་འཇགས་ཀྱི་གོ་གནས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་ཀྱི་གོ་གནས་བཅས་སྔར་ལས་གལ་ཆེན་དུ་མངོན་ཡོད། བདེ་འཇགས་དང་འཕེལ་རྒྱས་ནི་བྱ་གཅིག་གི་གཤོག་པ་གཉིས་དང་ཤིང་རྟའི་འཁོར་ལོ་གཉིས་ཀ་ལྟ་བུ་རེད། འཕེལ་རྒྱས་དང་བདེ་འཇགས་ནི་ཕན་ཚུན་གྱི་ཆ་རྐྱེན་ཡིན་ཏེ། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་དང་འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་སྲུང་ཡིན། བདེ་འཇགས་ཡིན་ན་ད་གཟོད་བརྟན་བརླིང་ཡིན་ལ། བརྟན་བརླིང་ཡིན་ན་ད་གཟོད་བདེ་སྡོད་ཐུབ་པ་དང་། བདེ་སྡོད་བྱེད་ན་ད་གཟོད་ལས་ལ་བརྩོན་ཐུབ། མིག་སྔར། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་ལ་འཕྲད་པའི་དུས་རིམ་གལ་ཆེན་དུ་གནས་མོད། ཡིན་ཡང་རྙོག་འཛིང་དང་ཛ་དྲག་ཆེ་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་དང་ཉེན་ཁའི་འགྲན་སློང་མང་པོར་འཕྲད་ཡོད། ང་ཚོས་འཐབ་ཇུས་རང་བཞིན་དང་མ་ལག་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་ལ་ཞིབ་འཇུག་དང་འཆར་འགོད་བྱེད་པར་ཤུགས་སྣོན་པ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱེད་ལ། གནད་དོན་མཐོང་ཐུབ་པ་དང་ཉེན་ཁ་སྣ་ཚོགས་སྔོན་ལ་བརྡར་གཅོད་བྱས་ནས། འཕེལ་རྒྱས་ཀྱི་བདེ་འཇགས་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས། ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་ལ་རྐང་འཛུགས་པ་དང་། སྲོལ་རྒྱུན་བདེ་འཇགས་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས། ཕྱིའི་བདེ་འཇགས་དང་ནང་གི་བདེ་འཇགས། རང་ངོས་བདེ་འཇགས་དང་ཐུན་མོང་བདེ་འཇགས་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་གཅིག་འདོམས་བྱས་ཏེ། ཉེན་ཁའི་མི་མངོན་པའི་རྐྱེན་ངན་ལ་དོགས་ཟོན་བྱེད་པ་དང་བདེ་འཇགས་འཕེལ་རྒྱས་མངོན་འགྱུར་བྱེད་པ་དེ་ལས་རིགས་ཀྱི་རིམ་པ་སོ་སོའི་ལས་བྱེད་མི་སྣ་དང་། བྱ་བ་སྣ་ཚོགས། ཕྱོགས་སོ་སོ་བཅས་སུ་དངོས་འབེབས་བྱེད་དགོས་ཞེས་བསྟན། 

ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། འགན་འཁྲིའི་འདུ་ཤེས་དང་མ་ལག་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། འཚོ་བ་སྐྱིད་པོ་རོལ་བའི་བླང་བྱ་མཐའ་གཅིག་ཏུ་དངོས་འབེབས་བྱེད་ལ། ཆབ་སྲིད་ཀྱི་ལྟ་བས་དཔལ་འབྱོར་སྤྱི་ཚོགས་ཀྱི་གནད་དོན་ལ་ལྟ་ཞིབ་དང་དབྱེ་ཞིབ་བྱེད་པར་མཁས་པ་དང་། ནོར་ཁྲལ་དངུལ་རྩ་དང་། དངུལ་གཏོང་བརྟན་པོས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ཕྱི་དངུལ་དང་ཕྱིར་འཚོང་བརྟན་བརླིང་ཡོང་བར་བྱེད་པ། འབྲུ་རིགས་ནུས་ཁུངས་བདེ་འཇགས་ལ་ཁག་ཐེག་བྱེད་པ།  ཐོན་ལས་ཕྲེང་སྦྲེལ་དང་འདོན་སྤྲོད་ཕྲེང་སྦྲེལ་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་པ། གཞི་རྩའི་དམངས་འཚོ་ལ་ཁག་ཐེག་བྱེད་པ་སོགས་ཀྱི་བྱ་བ་ལེགས་པར་བསྒྲུབ་སྟེ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་གྱི་སྤྱིའི་གནས་ཚུལ་བརྟན་འཇགས་ཡོང་བར་བྱེད་དགོས། སྤྱི་ཡོངས་དང་བྱེ་བྲག མིག་མདུན་དང་རྒྱང་རིང་། འཕེལ་རྒྱས་དང་བདེ་འཇགས་བཅས་གཅིག་འདོམས་ལེགས་པོ་བྱེད་པ་དང་། བུ་ལོན་གསོག་འབོར་གྱི་ཉེན་ཁ་ཐག་གཅོད་ནན་མོ་བྱེད་པ། གསར་སྣོན་བུ་ལོན་གྱི་ཉེན་ཁ་སྔོན་འགོག་ནན་མོ་བྱེད་པ། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་དོགས་ཟོན་དང་ཐག་གཅོད་པར་རམ་འདེགས་བྱེད་པ། གོ་རིམ་ལྡན་པའི་ངང་བུ་ལོན་ཐག་གཅོད་པར་སྐུལ་འདེད་ནན་མོ་གཏོང་བ། དངུལ་རྩའི་ལས་ཁུངས་ཆུང་འབྲིང་གི་ཉེན་ཁ་མགྱོགས་མྱུར་ངང་ཐག་གཅོད་པ་དང་། གོ་རིམ་ལྡན་པའི་ངང་ས་གནས་དངུལ་རྩའི་རྩ་འཛུགས་ཀྱི་གྲངས་འཕྲི་སྤུས་འདེགས་ལ་སྐུལ་འདེད་བཏང་སྟེ། ས་ཁང་བདག་ཁོངས་ཁྲོམ་རའི་འཁོར་སྐྱོད་ལེགས་ཤོས་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་དགོས། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་མཚམས་ཐིག་དམ་པོར་སྲུང་ལ། གྲངས་འབོར་ལུགས་མཐུན་ངང་འཕར་སྣོན་ཡོང་བ་རྒྱུན་སྲུང་བྱེད་པ་དང་། སྤུས་ཀ་བརྟན་བརླིང་ངང་མཐོར་འདེགས་ཡོང་བར་སྐུལ་འདེད་བཏང་ནས། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་ཁྱབ་ཁོངས་སུ་རྒྱུན་སྲུང་བྱེད་དགོས།

མཐའ་གཅིག་ཏུ་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕྱོགས་གཅིག་གི་བདེ་འཇགས་ཁག་ཐེག་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གནས་བབ་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་དེའི་ཁྲོད་ཀྱི་ཉེན་ཁའི་འགྲན་སློང་སྔོན་དཔག་བྱས་ཏེ་མ་འོངས་སྔོན་འགོག་བྱེད་པ། བདེ་འཇགས་ཐོན་སྐྱེད་ཉེན་ཁའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ལེགས་བཅོས་དང་དོགས་ཟོན་ཐག་གཅོད་ལ་སྔར་ལས་ཤུགས་སྣོན་པ། ཁྱབ་ཁོངས་གཙོ་བོ་དང་གནས་ཡུལ་གཙོ་བོའི་བདེ་འཇགས་དྲ་རྒྱ་ཚགས་དམ་པོ་བཟོས་ནས། མགྱོགས་མྱུར་ངང་མི་འདང་སར་ཁ་གསབ་བྱེད་པ་དང་། དོན་རྐྱེན་ཚབས་ཆེན་མི་འབྱུང་བའི་མཚམས་ཐིག་དམ་པོར་སྲུང་དགོས། ཁྱབ་ཁོངས་གཙོ་བོའི་ཉེན་ཁའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ཟབ་མོ་བྱེད་པ་དང་། ཉེན་ཁའི་གསོག་འབོར་ཐག་གཅོད་བྱེད་པ། ནུས་ཤུགས་ཡོད་རྒུས་ཉེན་ཁ་ཇེ་ཆེར་འགྲོ་བར་སྔོན་འགོག་བྱེད་པ། ཉེན་ཁའི་འགྱུར་ཚད་ལ་དོ་དམ་དང་ཚོད་འཛིན་ནན་མོ་བྱས་ཏེ། ཚད་ཆེས་ཆེ་བའི་སྒོ་ནས་ཉེན་ཁའི་མི་མངོན་པའི་རྐྱེན་ངན་གཞི་རིམ་ནས་ཐག་གཅོད་པ་དང་ཉེན་ཁ་ཆུང་དུས་ནས་སེལ་ཐབས་བྱེད་དགོས། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་རྒྱུན་མཐུད་དང་ནུས་ལྡན་སྒོས་དོགས་ཟོན་དང་ཐག་གཅོད་བྱས་ནས། ཉེན་ཁ་ཇེ་ཆེར་འགྲོ་བར་ཚོད་འཛིན་ནན་མོ་བྱེད་པ་དང་། བྱེད་ཐབས་སྣ་མང་སྤྱད་དེ་སྲིད་ཇུས་ཀྱི་ནུས་པ་འདོན་དགོས། ས་ཁོངས་སྲུང་སྐྱོབ་ཀྱི་འགན་འཁྲི་ཡོད་ལ། ས་ཁོངས་སྲུང་སྐྱོབ་ཀྱི་འགན་ཁུར་བ། ས་ཁོངས་སྲུང་སྐྱོབ་ཀྱི་བྱ་བ་ལེགས་པོར་བསྒྲུབ་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། བྱ་བའི་འགན་འཁྲིའི་འདུ་ཤེས་དང་དགོས་གཏུགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁོངས་གཏོགས་ས་ཆ་དོ་དམ་དང་། ལས་རིགས་གཙོ་གཉེར། སྡེ་ཁག་ལྟ་སྐུལ་དོ་དམ་བཅས་ཀྱི་འགན་འཁྲི་དངོས་འབེབས་བྱེད་པ་དང་། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ཡིད་ཆེས་ཇེ་བརྟན་ཏུ་བཏང་ནས། མགྱོགས་མྱུར་ངང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་གདིང་ཤུགས་ཇེ་དྲག་ཏུ་གཏོང་དགོས། 

ལོ་གཅིག་གི་མགོ་མ་དཔྱིད་ཀ་ཡིན་ལ། ང་ཚོས་འབད་འཐབ་བྱེད་པའི་དུས་སྐབས་གལ་ཆེན་དེ་རེད། ང་ཚོས་དུས་ཚོད་དང་གནས་བབ། ཉེན་ཁ་དང་གོ་སྐབས། བརྟན་བརླིང་དང་ཡར་ཐོན་བཅས་དམ་འཛིན་ལེགས་པོ་བྱེད་པ་དང་། བྱ་བའི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་བྱ་བ་སྣ་ཚོགས་ཀྱི་གཏན་འཁེལ་མིན་པའི་རང་བཞིན་དོགས་ཟོན་བྱེད་པ། མཐའ་གཅིག་ཏུ་བྱ་བའི་མཚམས་ཐིག་དམ་པོར་སྲུང་བ་དང་། ཉེན་ཁ་དོགས་ཟོན་དང་ཐག་གཅོད་བྱེད་པ། འགྲན་སློང་ལ་ནུས་ལྡན་སྒོས་ཁ་གཏད་འཇལ་ཏེ། ཉམས་ཉེན་ཁྲོད་གོ་སྐབས་གསར་བ་སྐྱེད་སྲིང་བྱེད་པ་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་བ་བཏོད་དགོས།


ལྷ་མོ་འཚོས་བསྒྱུར།