-ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
བཅོས་སྒྱུར་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི“འགག་རྩའི་ཐབས་ཇུས”ཞིག་ཡིན་ལ། མཚོ་སྔོན་གྱིས་དུས་རབས་ཀྱི་གོམ་སྟབས་ལ་དམ་པོར་སྙེགས་པའི་ཐབས་ཤེས་གལ་ཆེན་ཞིག་ཀྱང་ཡིན། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ནས་མ་འོངས་པའི་ཕུགས་འདུན་བསྐྲུན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྟེང་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱས་ཏེ། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་ལེགས་ཆ་གསར་པ་གསོ་སྐྱོང་བྱེད་དགོས། བཅོས་སྒྱུར་གྱི་རང་འགུལ་དབང་ཆ་དང་འཐབ་ཇུས་ཀྱི་གོ་སྐབས་དུས་ཡུན་དམ་འཛིན་བྱས་ན། ང་ཚོས་ད་གཟོད་བབ་བསྟུན་མདུན་སྐྱོད་ཀྱིས་གསར་གཏོད་ལམ་ལུགས་ཀྱི་གསོན་ཤུགས་རྒྱུན་འཁྱོངས་བྱེད་ཐུབ་པ་དང་། གནས་བབ་ལ་བསྟུན་ནས་ཞན་ཆ་ཁ་གསབ་ཤུགས་ཇེ་མགྱོགས་སུ་བཏང་སྟེ། མགྱོགས་མྱུར་སྒོས་དུས་རབས་ཀྱི་རླབས་རྒྱུན་གྱི་རྗེས་སྙེག་ཆེད་དཀའ་ངལ་ཁྱད་བསད་དང་ཉེན་ཁ་ལ་ཁ་གཏད་འཇལ་བ་དང་ཉམས་ཉེན་སེལ་ཐུབ།
འདས་ཟིན་པའི་ལོ་གཅིག་ནི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་པ་དང་། མི་རྣམས་ལ་སྐུལ་ལྕག་ཐེབས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དེས་གལ་ཆེའི་སྒྱུ་རྩལ་གྱི་སྟོབས་ཤུགས་མངོན་དུ་བཅུག་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པའི་ལས་འགན་གལ་ཆེན་གྱི་མདུན་དུ། ང་ཚོས་འདོད་བློ་མི་འགྱུར་བ་དང་ལམ་མི་འགྱུར་བ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་གྱི་ཡང་དག་པའི་ཁ་ཕྱོགས་དམ་འཛིན་དང་ཡང་དག་པའི་བྱེད་ཐབས་ཁོང་དུ་ཆུད་པ་བྱེད་དགོས།
ལྗང་མདོག་འཕེལ་རྒྱས་དང་དམངས་ཚིས་འགན་སྲུང་། མི་རིགས་མཐུན་སྒྲིལ་སོགས་ཁྱབ་ཁོངས་ཀྱི་འགག་གནད་དང་དཀའ་གནད་ཀྱི་མདུན་དུ། ང་ཚོས་གནད་དོན་གྱི་ཁྲིད་སྟོན་དང་དམིགས་འབེན་གྱི་ཁྲིད་སྟོན་གཅིག་གྱུར་རྒྱུན་འཁྱོངས་བྱས་ནས། གཙོ་གནད་སྒོས་ཁྱོན་ཡོངས་ལ་སྐུལ་ཁྲིད་བྱེད་པ་དང་མ་ལག་འདུས་གྲུབ་ལ་སྔར་ལས་མཐོང་ཆེན་བྱས་ཏེ་འགལ་བ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་ནུས་ལྡན་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་འཚོལ་ཞིབ་བྱས་ནས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ། བཅོས་སྒྱུར་གྱི་དམིགས་འབེན་དང་ལས་འགན་མངོན་འགྱུར་ཡོང་བར་ཁག་ཐེག་བྱེད་དགོས།
དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་དགོས། རྨང་གཞིའི་རང་བཞིན་དང་གསར་གཏོད་རང་བཞིན། དཔེ་སྟོན་རང་བཞིན་བཅས་ཀྱི་བཅོས་སྒྱུར་བྱེད་ཐབས་ཁག་ཅིག་བཏོན་ནས་མཚོ་སྔོན་གྱི་དབྱེ་འབྱེད་ཚད་ལྡན་ཡིན་པའི་བཅོས་སྒྱུར་གྲུབ་འབྲས་ཁག་ཅིག་གཏོད་དགོས། ཁྱབ་ཁོངས་གལ་ཆེན་དང་ལས་འགན་གལ་ཆེན། ཚོད་ལྟ་གལ་ཆེན་བཅས་དམ་འཛིན་བྱེད་དགོས་པ་མ་ཟད། འགག་རྩའི་གཙོ་གཟུགས་དང་འགག་རྩའི་རིམ་པ་བཅས་དམ་འཛིན་བྱས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་གྱི་མཛུབ་ཁྲིད་དོན་འཁྱོལ་དང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་དབང་ཁེ་ལས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་ལེགས་འགྲུབ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཁྲོམ་རར་འཇུག་འཐུས་དང་རྒྱུ་རྐྱེན་གཙོ་བོ་ཐོབ་པ། ཁེ་དབང་སྲུང་སྐྱོབ་སོགས་ཀྱི་ཐད་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་ཁག་ཅིག་དོན་འཁྱོལ་བྱས་ཏེ། ནོར་ཁྲལ་སྒྲིག་སྲོལ་དང་གཞི་རྩའི་སྔོན་རྩིས། མ་རྩའི་ཁྲོམ་རའི་དངུལ་གཏོང་དང་མ་དངུལ་བསྡུ་སྒྲིལ་སོགས་རྨང་གཞིའི་རང་བཞིན་གྱི་བཅོས་སྒྱུར་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། ནུས་ཁུངས་དང་སློབ་གསོ། ཚན་རྩལ། ཞིང་ལས་ཞིང་སྡེ་སོགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། སྲིད་དོན་ཞབས་ཞུ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ། ཁྲིམས་སྐྱོང་འགན་སྲུང་། ཡིད་རྟོན་འཛུགས་སྐྲུན། གསར་གཏོད་ལས་སྐྲུན་བཅས་ཀྱི“ཁོར་ཡུག་ཆེན་པོ་ལྔ”ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།
སྒོ་འབྱེད་ཆེན་པོར་བརྟེན་ནས་གསར་སྤེལ་ཆེན་པོར་སྐུལ་འདེད་གཏོང་བ་དང་། སྒོ་འབྱེད་རྒྱུན་མཐུད་སྒོས་རྒྱ་ཆེར་གཏོང་དགོས། རྒྱལ་ཁབ་ཀྱི་ས་ཁོངས་གལ་ཆེན་འཕེལ་རྒྱས་འཐབ་ཇུས་ནང་ཕྱོགས་ཡོངས་ནས་མཉམ་འདྲེས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ནུབ་རྒྱུད་སྐམ་ས་དང་མཚོ་རྒྱུད་ཀྱི་བགྲོད་ལམ་གསར་པ་འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་སྟེ། ནུབ་རྒྱུད་དུ་གཏིང་ཟབ་སར་གནས་པའི་མཚོ་སྔོན་ལ་གོ་སྐབས་སྔར་ལས་མང་བ་དང་། མཐོང་རྒྱ་སྔར་ལས་ཡངས་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་བསྐྱེད་དགོས། འཐབ་ཇུས་ཀྱི་དབུས་ཁུལ་དང་གྲབས་གསོག་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་།“ལྷོ་ཕྱོགས་སུ་བསྐྱོད་ནས་ནུབ་ཕྱོགས་སུ་ཐོན་པའི”སྒོ་འབྱེད་བགྲོད་ལམ་ཆེན་པོ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ཏེ། ཟི་ལིང་ནས་ཁྲིན་ཏུའུ་ཡི་ལྕགས་ལམ་མགྱོགས་མྱུར་འཛུགས་སྐྲུན་བྱེད་དགོས་པ་དང་། ན་གོར་མོའི“རྒྱལ་སྤྱིའི་སྐམ་སའི་གྲུ་ཁ”བསྐྲུན་པ། འོད་ནུས་ལྷུ་ལག་དང་ཚྭ་མཚེའུ་རྫས་འགྱུར་བཟོ་ལས། བོད་ལུགས་ས་གདན། འཕང་འབྲས་སོགས་སྲོལ་རྒྱུན་ཐོན་རྫས་ཕྱིར་གཏོང་ཁྲོམ་རའི་ཐོབ་སྐལ་རྒྱ་ཆེར་གཏོང་བ། ལིས་གློག་སྨན་དང་བདར་མང་སྭེལ། བདར་རྐྱང་སྭེལ། ཆུ་གྲང་ཉ་སོགས་ཐོན་རྫས་ཕྱིར་གཏོང་གི་སྦས་ཤུགས་སྔོག་འདོན་བཅས་བྱ་དགོས།
རི་ལ་འགོས་ནས་འགག་རྐྱེན་ལས་བརྒལ་དགོས་ན། ལྷག་པར་དུ་བཅོས་སྒྱུར་གྱི་སྙིང་སྟོབས་སྐུལ་སྤེལ་དང་བཅོས་སྒྱུར་གྱི་འགག་སྒྲོལ་སྤོབས་པ་དགོས། དཔའ་བོའི་མཁྲིག་བཅད་པའི་བློ་སྟོབས་དང་ཆོད་སེམས་ལ་བརྟེན་ནས་གཟེར་རྡེབ་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། བཅོས་སྒྱུར་དང་དོན་སྒྲུབ་མཁན་ངོ་མ་བྱེད་དགོས།
བཅོས་སྒྱུར་སྒོ་འབྱེད་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས་ཡིན། ང་ཚོས་རང་རྟོགས་ངང་བཅོས་སྒྱུར་སྒོ་འབྱེད་སྔར་ལས་འབུར་དུ་ཐོན་པའི་གནས་བབ་ཏུ་བཞག་སྟེ། གཞན་གྱིས་སྔོན་ཐོན་བྱེད་ཕོད་པ་དང་། ལས་སྒྲུབ་བྱ་གཞག་གསར་གཏོད་བྱེད་པའི་སྙིང་སྟོབས་སྐུལ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་གསོན་ཤུགས་གསར་པ་བསྣན་ནས་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་ཆེན་པོ་གཏོད་དགོས།
ཤ་བོ་རིན་མཚོས་བསྒྱུར།