——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེ་ཞིང་རེ་ལྟོས་ཆེན་པོ་ཡོད། ཉེ་སྔོན་བསྡུས་པའི་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས། མིག་སྔར་གྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་གོ་སྐབས་དང་འགྲན་རྩོད་ལ་དབྱེ་ཞིབ་ཟབ་མོ་བྱས་པ་དང་། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་དཀའ་ཁག་དང་འགྲན་རྩོད་ཁྲོད་མདུན་ལྗོངས་མཐོང་བ་དང་མ་འོངས་མཐོང་བ་དང་། འཕེལ་རྒྱས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་པ་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། འབད་བརྩོན་བྱས་ནས་རྒྱལ་ཁ་ཐོབ་ངེས་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་རྒྱུའི་སྐུལ་མ་བཏང་།
དམངས་གཉེར་དཔལ་འབྱོར་ནི་རྒྱལ་དམངས་དཔལ་འབྱོར་གྱི་གྲུབ་ཆ་གཙོ་བོ་ཡིན་པ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་གི་ཐོག་མཐའ་བར་གསུམ་གྱི་བྱེད་ཕྱོགས་ཡིན་ལ། དམངས་གཉེར་དཔལ་འབྱོར་དར་རྒྱས་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཡུན་རིང་གི་བྱེད་ཐབས་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་ཐད་ནས་ཡུན་རིང་གི་ཡར་ཐོན་མངོན་འགྱུར་བྱེད་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་གཉིས་ནམ་ཡང་རྒྱུན་འཁྱོངས་བྱས་པ་དེ་ཡིན་ལ། དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་ཚོགས་ཀྱིས་ཁྲིམས་ལྟར་འདྲ་མཉམ་སྒོས་ཐོན་སྐྱེད་རྒྱུ་རྐྱེན་བཀོལ་སྤྱོད་བྱེད་པ་དང་འདྲ་མཉམ་སྒོས་ཚོང་རའི་འགྲན་རྩོད་ཁྲོད་ཞུགས་པ། འདྲ་མཉམ་སྒོས་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་དང་ལེན་བྱེད་པར་འགན་སྲུང་བྱས་ནས། དམངས་གཉེར་དཔལ་འབྱོར་དར་རྒྱས་གོང་འཕེལ་གཏོང་བའི་ཐད་ཆ་རྐྱེན་བཟང་བོ་བསྐྲུན་པ་དང་རྒྱ་ཆེ་བའི་བར་སྟོང་གསར་འབྱེད་བྱས། མིག་སྔར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་ནས་འོད་སྟོང་འབར་བའི་མདུན་ལྗོངས་ཡོད་པ་དང་། རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་གོང་འཕེལ་འགྲོ་བ་ལས་ཞན་འགྱུར་བྱེད་མི་རུང་ལ། ང་ཚོར་དཔལ་འབྱོར་རྒྱུན་མཐུད་ངང་བདེ་ཐང་འཕེལ་རྒྱས་སུ་གཏོང་བའི་ཡིད་ཆེས་དང་ནུས་པ་ཡོད་པ་དང་། དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་།
འཕེལ་རྒྱས་ཀྱི་རྨང་གཞི་ལ་བལྟས་ན། ད་ལྟ་རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་ཐད་ནས་འོས་འཚམ་གྱི་གཞི་ཁྱོན་གྲུབ་པ་དང་གོ་གནས་གལ་ཆེན་ཟིན་ལ། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་བརྟན་པོ་ཡོད། གཞི་ཁྱོན་དང་གྲངས་ཀའི་ཕྱོགས་ནས་བལྟས་ན། རྒྱལ་ཡོངས་ཀྱི་ཐོ་འགོད་བྱས་པའི་དམངས་གཉེར་ཁེ་ལས་ཀྱི་གྲངས་ཀ་བྱེ་བ་ལྔ་དང་ས་ཡ་ལྔ་ལས་བརྒལ་བ་དང་། དམངས་གཉེར་ཁེ་ལས་ཀྱིས་ཁེ་ལས་ཀྱི་སྤྱིའི་གྲངས་ཀའི་ཁྲོད་ཀྱི་ཟིན་ཚད་བརྒྱ་ཆའི་གོ་གཉིས་ཡན་དུ་སླེབས། གསར་གཏོད་ནུས་པའི་ཕྱོགས་ནས་བལྟས་ན། དམངས་གཉེར་དཔལ་འབྱོར་གྱིས་བརྒྱ་ཆའི་བདུན་ཅུའི་ཡན་གྱི་ལག་རྩལ་གསར་གཏོད་ཀྱི་གྲུབ་འབྲས་བླངས་ནས། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ཀྱི་གཙོ་གཞི་གལ་ཆེན་དུ་གྱུར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གསར་བ་ཡིན་པའི་ཆ་ནས། དམངས་གཉེར་ཁེ་ལས་ཀྱིས་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་འཇོན་ནུས་འདོན་སྤེལ་དང་ཤུགས་བསྡུ་འགུལ་སྐྱོད་བྱེད་རྒྱུ་རེད།
འཕེལ་རྒྱས་ཀྱི་སྟེགས་བུ་ལ་བལྟས་ན། རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཐད་ནས་གོ་སྐབས་གསར་བར་ཐུག་པ་དང་འཕེལ་རྒྱས་ཀྱི་བར་སྟོང་སྔར་ལས་ཆེན་པོ་ཡོད། མི་གྲངས་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ཡི་གཞི་ཁྱོན་ཆེ་བའི་ཚོང་རར་མཚོན་ནས་བཤད་ན། གསར་གཉིས་སྲིད་ཇུས་ཤུགས་ལྡན་རྒྱ་སྐྱེད་སྒོས་ལག་བསྟར་བྱས་པ་དང་བསྟུན་ནས། སྦས་ཤུགས་ཡོད་པའི་འཛད་སྤྱོད་དང་ཕན་འབྲས་ལྡན་པའི་དངུལ་གཏོང་ལ་སྔར་ལས་སྐུལ་མ་བྱས་པ་དང་། འཕྲུལ་ཆས་སྒྲིག་ཆས་དང་ནུས་ཁུངས་གསར་བའི་རླངས་འཁོར། ཁྱིམ་སྤྱོད་གློག་ཆས། སིལ་འཚོང་སོགས་ལས་རིགས་མྱུར་དུ་ཇེ་མང་དུ་སོང་། དུས་རབས་གསར་བའི་བསྐྱོད་ལམ་གསར་བར། རང་རྒྱལ་གྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་རྒྱུན་མ་ཆད་པར་ཇེ་མཐོར་བཏང་། འཇོན་མིའི་དཔུང་སྡེ་དང་ངལ་རྩོལ་ནུས་ཤུགས་ཐོན་ཁུངས་ཀྱི་གྲངས་ཀ་མང་བ་དང་བྱང་ཚད་ལེགས་པ། ཐོན་ལས་མ་ལག་དང་རྨང་གཞི་སྒྲིག་ཆས་མ་ལག་གི་ཆ་སྡེབས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་དགེ་མཚན་བཀོལ་སྤྱོད་བཟང་བོ་བྱས་པ་དང་། ཐོན་ལས་རིམ་སྤོར་དང་འཛད་སྤྱོད་རིམ་སྤོར་གྱི་གོ་སྐབས་དམ་འཛིན་བྱས་ན། དམངས་གཉེར་དཔལ་འབྱོར་སྔར་ལས་གོང་འཕེལ་གཏོང་ཐུབ།
འཕེལ་རྒྱས་ཀྱི་འགན་སྲུང་ལ་བལྟས་ན། 2023ལོར་ཕྱིར་བཏོན་པའི་ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་གྲོས་གཞིའི་ནང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་པ་དང་དམངས་གཉེར་དཔལ་འབྱོར་གྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་འགན་སྲུང་ཇེ་དྲག་ཏུ་གཏོང་བ་སོགས་འདུ། ན་ནིང་གི་ཚུན་དུ། དམངས་གཉེར་ཁེ་ལས་རྒྱལ་ཁབ་ཀྱི་ལས་གཞི་ཆེན་པོའི་འཛུགས་སྐྲུན་ཁྲོད་ཞུགས་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་ནས། དམངས་གཉེར་ཁེ་ལས་ཀྱི་དངུལ་བསྲེས་རྒྱབ་སྐྱོར་སྲིད་ཇུས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་ཚད་ལྡན་དུ་གཏོང་བ། དེ་ནས་དམངས་གཉེར་དཔལ་འབྱོར་གྱི་སྐུལ་སྤེལ་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་བརྒྱུད་རིམ་ཇེ་མགྱོགས་སུ་གཏོང་བ་བཅས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གི་བཅོས་བསྒྱུར་བྱེད་ཐབས་སྣ་ཚོགས་ལག་ཏུ་བསྟར་བཞིན་སྒང་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་ཕྱོགས་མང་པོའི་ཐད་ཀྱི་དགེ་མཚན་མངོན་གསལ་ལྡན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་གཞི་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་རྒྱུ་རེད།
མིག་སྔར་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཐད་ནས་དཀའ་ཁག་དང་འགྲན་རྩོད་ཁ་ཤས་ལ་འཕྲད་པ་དང་། སྤྱི་ཁོག་ནས་བཅོས་བསྒྱུར་འཕེལ་རྒྱས་དང་ཐོན་ལས་ཚུལ་སྒྱུར་རིམ་སྤོར་གྱི་བརྒྱུད་རིམ་ཁྲོད་བྱུང་ལ། ཆ་ཤས་ཡིན་པ་ལས་སྤྱི་ཁོག་མིན་པ་དང་། གནས་སྐབས་ཙམ་ལས་ཡུན་རིང་མིན་ལ། ཁྱད་སེལ་བྱེད་ཐུབ་པ་ལས་ཐབས་མེད་པ་ཞིག་མིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོད་གཏམ་གལ་ཆེན་གྱིས་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་རྒྱུས་ལོན་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་ཡིད་ཆེས་དང་སྟོབས་ཤུགས་བསྣན། གོ་སྐབས་དང་འགྲན་རྩོད་གཉིས་མཉམ་སྐྱེས་མཉམ་གནས་བྱེད་པ་དང་། མ་འོངས་པའི་མདུན་ལྗོངས་གཏན་ཁེལ་བྱེད་པའི་གནད་འགག་ནི་དཀའ་ཁག་ལ་ལྟ་སྟངས་འཛིན་པའི་མཐོང་རྒྱ་དང་དཀའ་ཁག་ཐག་གཅོད་པའི་ཆོད་སེམས། དཀའ་ཁག་ལ་ཁ་གཏད་འཇལ་བའི་བྱེད་ཐབས་ཡིན། དཀའ་སྡུག་ཁྲོད་གོང་འཕེལ་གཏོང་ན། ཆེས་དགོས་གལ་ཆེ་བ་ནི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་གཅིག་སེམས་བྱེད་རྒྱུ་དེ་ཡིན། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཐད་ཀྱི་བརྡར་གཅོད་སྟེང་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། ངར་སྐྱེད་གསར་གཏོད་དང་སྟོབས་ཤུགས་ཆེར་སྐྱེད་པ། ཕྱོགས་སོ་སོའི་རྒྱུ་རྐྱེན་གཙོ་བོ་འཕེལ་རྒྱས་ཀྱི་དངོས་འབྲས་སུ་བསྒྱུར་བ་བཅས་བྱས་ན། མཉམ་དུ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་ཐུབ་པ་ཁོ་ཐག་ཡིན།
སྔར་བྱུང་མ་མྱོང་བའི་གསར་གཏོད་རང་བཞིན་གྱི་ལས་དོན་ནི་མི་དམངས་ཡོངས་ཀྱི་ཐུན་མོང་གི་ལས་དོན་ཡིན་ལ། ལས་སྒྲུབ་ལས་གཉེར་གྱི་དུས་རབས་ཀྱི་སྟེགས་བུ་དེ་ལས་ཀྱང་ཡིན། ད་ལྟའི་ཆབ་སྲིད་ཀྱི་ཁོར་ཡུག་དང་དཔལ་འབྱོར་གྱི་ཁོར་ཡུག སྤྱི་ཚོགས་ཀྱི་ཁོར་ཡུག་དེ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་མཚོན་ན་ཕན་པ་ལྡན་པ་དང་། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པའི་འཇོན་ནུས་མངོན་པའི་དུས་ལ་སླེབས་ཡོད།
རིན་ཆེན་མཚོས་བསྒྱུར།