ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་གསེབ་བཅོས་སྒྱུར་སྔར་ལས་ཟབ་སྤེལ་གཏོང་བ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ནན་མོ་གཏོང་དགོས་པའི་སྐོར་གྱི་བསམ་འཆར།
(2025ལོའི་ཟླ1ཚེས1ཉིན།)
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་ཅིས་ཀྱང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གང་མགྱོགས་གཏོང་དགོས། མིག་སྔར། ཞིང་ལས་ལ་ཡང་བསྐྱར་ལོ་ལེགས་བྱུང་བ་དང་གྲོང་གསེབ་འཆམ་མཐུན་བརྟན་བརླིང་ཡིན་ལ། དུས་མཚུངས་སུ། རྒྱལ་སྤྱིའི་ཁོར་ཡུག་རྙོག་འཛིང་ཆེ་ལ་ཛ་དྲག་ལྡན་པའི་དབང་གིས། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་ངེས་གཏན་མིན་ཞིང་སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ཇི་ལྟར་འཇལ་ཤུགས་ཆེ་བ་དེ་ཙམ་གྱིས“ཞིང་གསུམ”ལས་དོན་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། 2025ལོ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི“ཞིང་གསུམ”ལས་དོན་ལེགས་པར་བསྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་ནན་མོ་བྱས་ནས། ཏང་གིས“ཞིང་གསུམ”ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་ཀ་ཡི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་པ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བ། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བཅས་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བ་དང་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་ འཛུགས་སྐྲུན་བྱེད་པའི་དམིགས་འབེན་གཏན་འཁེལ་བྱས་ནས། བཅོས་སྒོ་འབྱེད་དང་ཚན་རྩལ་གསར་གཏོད་སྒུལ་ཤུགས་སུ་བྱས་ཏེ། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་དགོས། “བཟོ་སྐྲུན་ཁྲི་སྟོང་”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ནན་མོ་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་དང་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་དང་དབུལ་ཕོངས་ཡང་བསྐྱར་མི་འབྱུང་བར་འགན་ལེན་བྱས་ནས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་བཅས་མཐོ་རུ་གཏོང་དགོས་ལ། ཐབས་བརྒྱ་ཇུས་སྟོང་འཐེན་ནས་ཞིང་ལས་ཀྱི་ཕན་འབྲས་ཆེ་མཐོར་གཏོང་བ་དང་གྲོང་གསེབ་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བ་བཅས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྨང་གཞིའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།
གཅིག འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་མཁོ་སྤྲོད་འགན་སྲུང་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས།
(གཅིག)འབྲུ་རིགས་དང་བཟའ་སྣུམ་སོགས་ཞིང་ལས་ལོ་ཏོག་གི་གཞི་ཁྱོན་ཆེ་བའི་ཐོན་ཚད་མཐོར་འདེགས་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་ཟབ་སྤེལ་གཏོང་དགོས། འབྲུ་རིགས་འདེབས་འཛུགས་ཀྱི་རྒྱ་ཁྱོན་བརྟན་པོ་ཡོང་བར་བྱེད་པ་དང་། རང་ངོས་ཀྱི་ཐོན་ཚད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། འབྲུ་རིགས་ཀྱི་ཐོན་འབབ་བརྟན་ཞིང་ཐོན་ཚད་འཛོམས་པོ་ཡོང་བར་འགན་ལེན་བྱེད་དགོས། འབྲུ་རིགས་ཀྱི་ཐོན་ཚད་མཐོ་རུ་གཏོང་བའི་བཟོ་སྐྲུན་ལག་བསྟར་གྱི་གཞི་ཁྱོན་སྔར་ལས་ཆེ་རུ་གཏོང་བ་དང་། ཐོན་ཚད་མང་ཞིང་ཕན་འབྲས་ཆེ་བའི་འདུས་གྲུབ་རྣམ་པ་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་ལུད་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱ་ཁྱོན་ཆེ་བའི་ཐོན་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས། རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་གི་ཐོན་ནུས་ཆེ་རུ་གཏོང་བའི་ལས་འགན་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་སྲན་ཆེན་འདེབས་འཛུགས་རྒྱ་སྐྱེད་གཏོང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ལོག་དཀར་དང་བ་དམ་འདེབས་འཛུགས་རྒྱ་སྐྱེད་གཏོང་བའི་སྦས་ཤུགས་སྔོག་འདོན་བྱས་ཏེ། ཇ་ཤིང་གི་སྣུམ་སོགས་ཤིང་རིགས་སྣུམ་རྒྱུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། སྲིང་བལ་དང་མངར་ཆ། རང་བྱུང་འགྱིག་སོགས་ཀྱི་ཐོན་ཚད་བརྟན་པོ་དང་སྤུས་ཚད་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
(གཉིས།)ཕྱུགས་ལས་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་རོགས་སྐྱོར་བྱེད་དགོས། ཕག་གི་ཐོན་ནུས་ལ་ལྟ་ཞིབ་ཚད་ལེན་དང་སྙོམས་སྒྲིག་ཡག་པོ་བྱས་ཏེ། བབ་བརྟན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ནོར་ཤ་དང་བཞོན་མའི་ཐོན་ལས་ཀྱི་དཀའ་ངལ་སེལ་བར་སྐུལ་འདེད་བཏང་ནས་རྨང་གཞིའི་ཐོན་སྐྱེད་ནུས་ཤུགས་བརྟན་པོ་ཡོང་བར་བྱེད་དགོས། འབུ་ཕྲ་གསོད་པའི་འོ་མའི་རྒྱལ་ཁབ་ཀྱི་ཚད་གཞི་དོན་འཁྱོལ་བྱས་ཏེ། ཁྱིམ་ཚང་རྣམ་པའི་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་གཙོ་བོ་ཡིན་པའི་འོ་མའི་ལས་རིགས་གསོ་སྤེལ་ལས་སྣོན་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། ཕག་བཤས་རིམས་ནད་ཞིབ་བཤེར་གྱི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དམ་དུ་བཏང་ནས། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་དང་གཙོ་གནད་མི་ཕྱུགས་ཀྱི་ཐུན་མོང་ནད་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། གཟན་རྩྭ་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་བ་དང་རྩྭ་ཐང་གི་ཕྱུགས་ལས་ཚུལ་སྒྱུར་རིམ་སྤོར་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས།
(གསུམ།)རྨོ་ཞིང་སྲུང་སྐྱོབ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་དགོས། རྨོ་ཞིང་སྤྱིའི་དོ་དམ་ཚོད་འཛིན་དང“ཁ་གསབ་ལ་བརྟེན་ནས་བཟུང་བ་གཏན་འཁེལ”ནན་མོ་བྱས་ཏེ། རིགས་སོ་སོའི་རྨོ་ཞིང་གི་བཟུང་སྤྱོད་དེ་བཟུང་གསབ་དོ་མཉམ་དང་གཅིག་གྱུར་དོ་དམ་གྱི་ཁྱབ་ཁོངས་སུ་བཅུག་ནས། ཞིང་ཆེན་མངའ་ཁོངས་ཀྱི་ལོ་ཧྲིལ་བོའི་རྨོ་ཞིང་སྤྱིའི་འགུལ་རྣམ་དོ་མཉམ་ཡོང་བར་ཁག་ཐེག་བྱེད་དགོས། རྨོ་ཞིང་གི་སྤུས་ཚད་ལ་གདེང་འཇོག་དང་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་འཐུས་ཚང་དུ་གཏོང་དགོས། “དྲོད་ཁང་ཆེན་མོ”དང་། རྨོ་ཞིང་བཙན་བཟུང་བྱས་ནས“དེའི་སྟེང་དུ་མཚེའུ་དང་མཛེས་ལྗོངས་བསྐྲུན་པ།” རྨོ་ཞིང་གང་བྱུང་དུ་བདག་བཟུང་བྱས་ནས་ཁང་པ་བསྐྲུན་པ་སོགས་ཀྱི་གནད་དོན་ལ་མུ་མཐུད་བཅོས་སྐྱོང་བྱས་ཏེ། རྨོ་ཞིང་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་སྤྱོད་ཚུལ་ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། གཞི་རྩའི་ཞིང་ལས་ལོ་ཏོག་གི་དཀར་ཆག་བཟོ་བ་དང་རྨོ་ཞིང་འདེབས་འཛུགས་ཀྱི་སྤྱོད་སྒོའི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་དགོས། རིགས་དབྱེ་དང་གོ་རིམ་ལྡན་པའི་སྒོ་ནས་རྨོ་ཞིང“འབྲུ་རིགས་མིན་པ་ཅན་དུ་འགྱུར་བར”ལེགས་བཅོས་གཏོང་བའི་བྱ་བ་བཟང་བོར་སྒྲུབ་སྟེ། ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་ལོ་ཏོག་སྐྱེ་འཕེལ་གྱི་དུས་འཁོར་སོགས་དང་ཟུང་འབྲེལ་བྱས་ནས་དགོས་ངེས་ཀྱི་བར་བརྒལ་དུས་ཡུན་འཛུགས་དགོས། སྤུས་ཚད་མཐོ་བའི་སྒོ་ནས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་འཛུགས་སྐྲུན་གྱི་ནང་དོན་ཇེ་ལེགས་སུ་གཏོང་བ། ཞིང་པ་ལས་གཞི་ལག་བསྟར་གྱི་གོ་རིམ་ཧྲིལ་པོའི་ཁྲོད་ཞུགས་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏ། བཟོ་སྐྲུན་སྤུས་ཚད་ཀྱི་གོ་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚྭ་སྐྱུར་ས་ཆའི་ཕྱོགས་བསྡུས་བེད་སྤྱོད་ཚོད་ལྟའི་ས་ཁུལ་ལ་སྐུལ་འདེད་བརྟན་པོ་བཏང་ནས། བྱང་ཤར་ས་ནག་ཁུལ་གྱི་བསླད་སྐྱོན་ཐེབས་པའི་གྲོག་ཤུར་དང་ལྷོ་ཕྱོགས་ཀྱི་སྐྱུར་འགྱུར་ཞན་འགྱུར་རྨོ་ཞིང་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་དགོས། ས་རྒོད་དུ་བསྐྱུར་བའི་ས་ཞིང་སླར་གསོ་བེད་སྤྱོད་བྱ་རྒྱུར་རིགས་དབྱེ་ནས་སྐུལ་འདེད་གཏོང་དགོས། ཞིང་ཆེན་མངའ་ཁོངས་ཀྱི་རྨོ་ཞིང་སྲུང་སྐྱོབ་ལས་འགན་ཇེ་ཡང་དུ་མི་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ཆུའི་བཞུར་ལམ་གྱི་ཆུ་ལོག་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་གཏན་འཇགས་མིན་པའི་རྨོ་ཞིང་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་འཐེན་བྱེད་དགོས། སྲོལ་རྒྱུན་གྱི་སྐས་ཞིང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།
(བཞི།)ཞིང་ལས་ཚན་རྩལ་སྟོབས་ཤུགས་ཀྱིས་མཉམ་དུ་མཁྲེགས་གཏོར་བྱེད་པར་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྔོན་ཐོན་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་བྱེད་པར་སྣེ་ཁྲིད་བྱས་ཏེ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་དགོས། འགག་རྩ་དང་ལྟེ་བར་གྱུར་བའི་ལག་རྩལ་ཐོད་བརྒལ་གང་མགྱོགས་ཡོང་བར་དམིགས་རྒྱུ་དང་། ཞིང་ལས་ཚན་རིག་ཞིབ་འཇུག་ཐོན་ཁུངས་ཀྱི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་ཚན་རྩལ་གྱི་སྣེ་ཁྲིད་ཁེ་ལས་གསོ་སྐྱོང་བཅས་བྱེད་དགོས། ས་བོན་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་ནན་མོ་བྱས་ཏེ། “ནན་ཧྥན་ཀུའེ་ཀུའུ”སོགས་ཞིང་ལས་ཚན་རིག་ཞིབ་འཇུག་སྟེགས་བུ་གལ་ཆེན་གྱི་ནུས་པ་འདོན་སྤེལ་བྱས་ནས། ཐོད་བརྒལ་རང་བཞིན་གྱི་ས་བོན་རིགས་ཁག་གཅིག་མགྱོགས་མྱུར་ངང་སེལ་དགོས། སྐྱེ་དངོས་ཀྱི་ས་བོན་གསོ་བ་ཐོན་ལས་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་གཏོང་དགོས། ཞིང་ལས་འཕྲུལ་འཁོར་དང་སྒྲིག་ཆས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རང་རྒྱལ་ནས་ཐོན་པའི་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཞིང་ལས་འཕྲུལ་འཁོར་སྒྲིག་ཆས་སོགས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་ཇེ་མགྱོགས་སུ་གཏོང་བ། ཞིང་ལས་འཕྲུལ་འཁོར་རྙིང་པ་བེད་མེད་དུ་བཏང་ནས་གསར་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཤེས་རབ་ཞིང་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས། མིས་བཟོས་རིག་ནུས་དང་གཞི་གྲངས། ས་ངོས་ལས་ཅུང་དམའ་བའི་བར་སྟོང་སོགས་ལག་རྩལ་བཀོལ་སྤྱོད་ཀྱི་རྣམ་པ་རྒྱ་སྐྱེད་གཏོང་དགོས།
(ལྔ།)ཞིང་ལས་ཀྱི་གནོད་འགོག་གནོད་འཕྲིའི་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་པ་དང་། གནོད་འཚེ་དང་ཉེན་ཁ་ཡི་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་པ། ས་ཁོངས་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ལྟེ་གནས་སོགས་ཀྱི་སྟོབས་ཤུགས་བེད་སྤྱོད་ཡག་པོ་བྱས་ནས། གནོད་འཚེ་དང་གྱོད་གུད་ཀྱི་ཚད་ཇེ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། དེང་རབས་ཅན་གྱི་ཆུ་ལོག་འགོག་པའི་གནོད་སེལ་མ་ལག་འཛུགས་སྐྲུན་དང་། ཉེན་ཁ་ཆེ་བའི་ཆུ་མཛོད་ཀྱི་ཉེན་ཁ་སེལ་བ་དང་སྲ་བརྟན་དུ་གཏོང་བའི་ལས་སྒོ་ཁྱོན་ཡོངས་ནས་སྤེལ་བ། ཆུ་བོ་ཆུང་འབྲིང་བཅོས་སྐྱོང་དང་ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་འཛུགས་སྐྲུན་བསྒྱུར་བཀོད་ལ་ཤུགས་སྣོན་པ། ཆུ་ལོག་ཁེགས་གསོག་ཁུལ་གྱི་འགག་རྩའི་སྒྲིག་ཆས་འཛུགས་སྐྲུན་དང་དོ་དམ་ལམ་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས། ཐང་ངོས་སྙོམས་ཆུ་ལོག་ཁུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་ཞིང་གི་ཆུ་བེད་སྒྲིག་ཆས་འཛུགས་སྐྲུན་དང་ཆུ་ཡུར་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། གནོད་འཚེ་ཕོག་པའི་ས་ཞིང་དང་དེ་བཞིན་ཆུ་འདྲེན་དང་ཆུ་ཕྱིར་གཏོང་གི་སྒྲིག་ཆས་གང་མགྱོགས་སླར་གསོ་བྱེད་དགོས། ས་ཞིང་གི་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ལོ་ཏོག་གི་ནད་འབུའི་གནོད་འཚེ་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་སྔོན་བརྡ་ཉེན་བརྡ་གཏོང་བ། མཉམ་འགོག་མཉམ་བཅོས་བྱེད་པ་བཅས་ཀྱི་ལས་དོན་བཟང་བོར་སྒྲུབ་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ནུས་པ་མངོན་སུམ་ཆེ་རུ་གཏོང་དགོས།
(དྲུག)འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། འབྲས་དང་གྲོ་ཡི་ཉོ་སྒྲུབ་རིན་གོང་ཆེས་དམའ་ཤོས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་དང་། མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་གྱི་ཁ་གསབ་དང་འབྲས་རིགས་ཀྱི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་གཏོང་བ། རྨོ་ཞིང་གི་ས་བཅུད་སྲུང་སྐྱོབ་ཀྱི་ཁ་གསབ་སྲིད་ཇུས་བརྟན་པོ་ཡོང་བ་བཅས་བྱེད་དགོས། འབྲུ་རིགས་ཐོན་ཁུལ་གྱི་རྫོང་ཆེན་པོ་དང་ཞིང་ལས་འགན་སྲུང་གི་རྫོང་རིམ་པའི་འགན་སྲུང་ཁ་གསབ་ཁག་ཐེག་བསྡུར་ཚད་ཇེ་དམའ་རུ་བཏང་སྟེ། འབྲས་དང་གྲོ། མ་རྨོས་ལོ་ཏོག སྲན་ཆེན་བཅས་ཀྱི་མ་རྩ་འགན་སྲུང་དང་འདེབས་འཛུགས་ཡོང་འབབ་འགན་སྲུང་གི་ འགན་བཅོལ་རྒྱ་ཁྱོན་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ས་གནས་ཀྱིས་འབྲུ་རིགས་དང་བཟའ་སྣུམ་འདེབས་འཛུགས་ཆེད་དོན་དངུལ་བུན་གྱི་སྐྱེད་ཀ་ཁ་གསབ་ཚོད་ལྟ་བྱ་རྒྱུར་སྐུལ་མ་གཏོང་དགོས། འབྲུ་རིགས་ཐོན་ཁུལ་གཙོ་བོར་བྱ་དགའ་དང་ཁ་གསབ་སྟེར་བའི་སྐུལ་ལྕག་ལམ་ལུགས་འཐུས་ཚང་དུ་བཏང་ནས། འབྲུ་རིགས་ཐོན་ཁུལ་གྱི་རྫོང་ཆེ་གྲས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་དབྱང་གི་གཅིག་གྱུར་འཆར་འགོད་འོག་གི་འབྲུ་རིགས་ཐོན་སྐྱེད་ཚོང་ཁུལ་དང་ཞིང་ཆེན་བར་གྱི་འཕྲེད་ཕྱོགས་ཀྱི་ཁེ་ཕན་ཁ་གསབ་ལག་བསྟར་བྱེད་མགོ་བརྩམས་ནས། མ་དངུལ་གྲབས་གསོག་དང་བགོ་བཤའ་རྒྱག་རྒྱུ་ལེགས་པོ་བྱེད་དགོས། འབྲུ་རིགས་ཐོན་ཁུལ་གྱི་རྫོང་ཆེན་པོའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་འགུལ་སྐྱོད་ཀྱི་ལག་བསྟར་ཁྱབ་ཁོངས་རིམ་བཞིན་རྒྱ་སྐྱེད་གཏོང་དགོས།
(བདུན།)ཞིང་ལས་ཐོན་རྫས་ཉོ་ཚོང་དང་ཐོན་སྐྱེད་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཕྱོགས་བསྡུས་སྒོས་ཐབས་ཇུས་ལག་བསྟར་བྱས་ནས། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་དུ་རྒྱུན་འཁྱོངས་ཐུབ་པར་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་མཁོ་སྤྲོད་བརྟན་པོ་ཡོང་བར་བྱེད་པ། འབྲུ་རིགས་འདེབས་མཁན་གྱི་ཞིང་པའི་བརྩོན་སེམས་རང་བཞིན་ལ་སྲུང་སྐྱོབ་བྱེད་པ། ཞིང་པའི་ཁེ་ཕན་ལ་སྲུང་སྐྱོབ་ཡག་པོ་བཅས་བྱེད་དགོས། ཞིང་ལས་ཐོན་རྫས་ལྐོག་འདྲེན་སོགས་ཁྲིམས་འགལ་སྤྱོད་ཚུལ་ལ་རྡུང་རྡེག་ནན་མོ་གཏོང་དགོས། འགག་སྒོའི་སྐྱེ་དངོས་བདེ་འཇགས་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཐོན་རྫས་དང་ཐོན་ལས་ལ་གནོད་འཚེ་ཕོག་པར་སྔོན་བརྡ་གཏོང་བའི་མ་ལག་འཐུས་ཚང་དུ་གཏོང་དགོས། འབྲུ་རིགས་ཉོ་སྒྲུབ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཏེ། འབྲུ་རིགས་གྲབས་གསོག་གི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཐོན་རྫས་ཁྲོམ་རའི་ཆ་འཕྲིན་ཁྱབ་སྒྲོག་དང་སྔོན་དཔག་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས།
(བརྒྱད།)སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་འཛུགས་དགོས། ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་ལག་བསྟར་བྱས་ནས། ཕྱོགས་ཡོངས་ནས་ཐབས་ལམ་མང་པོའི་སྒོ་ནས་ཟས་རིགས་ཐོན་ཁུངས་གསར་སྤེལ་བྱེད་དགོས། སྔོ་ཚོད་འཕྲལ་བསྟུན་མཁོ་སྤྲོད་འགན་ལེན་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་ཆེ་འབྲིང་གི་མཐའ་འཁོར་གྱི་དེང་རབས་སྒྲིག་ཆས་ཞིང་ལས་གསར་སྒྱུར་བཟོ་སྐྲུན་ལག་བསྟར་བྱེད་དགོས། ཉ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཏིང་ཟབ་ཡུན་རིང་གི་རྒྱ་མཚོའི་གསོ་སྤེལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། མཚོ་ཐོག་གི་ཕྱུགས་ར་འཛུགས་སྐྲུན་བཅས་བྱེད་དགོས། ནགས་ཚལ་ཀྱི་ཟས་རིགས་འཕེལ་རྒྱས་བཏང་ནས། “ནགས་ཚལ་གྱི་འབྲུ་མཛོད”ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཟས་ཆོག་པའི་ཤ་མོའི་རིགས་ཀྱི་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཆུ་རྩྭའི་རིགས་ཀྱི་ཟས་རིགས་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། སྐྱེ་དངོས་ཀྱི་ཞིང་ལས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་ཟས་རིགས་ཐོན་ཁུངས་གསར་པ་གསར་སྤེལ་བྱེད་དགོས། འབྲུ་རིགས་དང་ཟས་རིགས་ཆེན་པོའི་བསྡོམས་རྩིས་ལྟ་ཞིབ་ཚད་ལེན་མ་ལག་མགྱོགས་མྱུར་ངང་འཛུགས་དགོས། ཟས་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ཀྱི་སྨན་རྫས་ལྷག་འཕྲོ་བཅོས་སྐྱོང་ནན་མོ་བྱེད་པ། ཕྱུགས་རིགས་ལ་སྤྱོད་པའི་ནད་འགོག་སྨན་རྫས་ཉུང་དུ་གཏོང་བར་སྐུལ་འདེད་གཏོང་དགོས།
(དགུ) འབྲུ་རིགས་དང་ཟས་རིགས་གྲོན་ཆུང་གི་ཡུན་ཕན་རྐྱེན་སྲོལ་འཛུགས་དགོས། ནན་ཏན་གྱིས་འབྲུ་རིགས་གྲོན་ཆུང་དང་ཟས་རིགས་ཆུད་ཟོས་སུ་གཏོང་པའི་བྱ་སྤྱོད་ཀྱི་རིགས་ལ་རྒོལ་རྡུང་བྱེད་པ་དང་། སྐུལ་སློང་ཚོད་འཛིན་བྱེད་པའི་བདེ་ཐང་གི་རྐྱེན་སྲོལ་འཛུགས་དགོས། ནུས་ཤུགས་ཆེན་པོས་བདེ་ཐང་གི་ཟས་རིགས་དར་སྤེལ་དང་། སྤྱི་པའི་ཇ་ཁང་ལ་ཤུགས་སྣོན་པ། ཟས་རིགས་སྒྲིག་སྲོལ་སོགས་ལ་སྣུམ་བཀོལ་འཛུབ་སྟོན་བྱས་ཏེ། སྣུམ་ཉུང་ཚྭ་ཉུང་དང་ཀ་ར་ཉུང་བ། ལོ་ཏོག་འབྲུ་རིགས་སོགས་ཀྱི་ཟ་མ་ཁྱབ་གདལ་བྱ་དགོས།
གཉིས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་རུ་སྲ་བརྟན་དུ་གཏོང་དགོས།
(བཅུ།)གཞི་རྒྱ་ཆེ་བའི་ཡང་བསྐྱར་དབུལ་བོར་འགྱུར་མི་འགྱུར་བ་དང་དབུལ་ཕོངས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། འགན་སྲུང་གསུམ་དང་འཐུང་ཆུའི་བདེ་འཇགས་ཀྱི་འགན་སྲུང་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་མཐོར་འདེགས་སུ་གཏོང་པ་དང་། ཡུལ་གཞན་གནས་སྤོར་གྱི་རྗེས་ཕྱོགས་རྒྱབ་སྐྱོར་ལ་ཤུགས་བསྣན་ནས། བསམ་བློའི་རྣམ་གཡེང་དང་ལས་ཀའི་ལྷོད་གཡེང་བཀག་འགོག་བྱ་དགོས། ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བ་དང་དབུལ་བོར་འགྱུར་བ་གཏན་འགོག་བྱེད་པའི་ཚད་འཇལ་རོགས་སྐྱོར་གྱི་ཕན་ནུས་མཐོར་འདེགས་སུ་གཏོང་དགོས། དུས་ལྟར་ཡང་བསྐྱར་དབུལ་ཕོངས་སུ་གྱུར་བ་དང་དབུལ་བོར་གྱུར་བའི་ཉེན་ཁ་ཡོད་པའི་ཁྱིམ་ཚང་དག་རོགས་སྐྱོར་ཁྱབ་ཁོངས་སུ་བཞག་འཇོག་དགོས། ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བ་འགོག་པའི་ལས་ཞུགས་འཁྲེགས་གཏོར་གྱི་འགུལ་སྐྱོད་སྤེལ་དགོས། རོགས་སྐྱོར་འཁོར་ཁང་གི་ལས་ཞུགས་འགུག་ནུས་ཇེ་དྲག་ཏུ་བཏང་ནས། དབུལ་ཐར་མི་གྲངས་ཀྱི་ལས་གཉེར་གཞི་རྒྱ་དང་ཡོང་འབབ་བརྟན་འཇགས་ཡོང་དགོས། སྲ་བརྟན་དང་རིམ་འཕར། ལེགས་སྒྱུར། སྙོམ་སྒྲིག་བཅས་ཀྱི་རྩ་དོན་ལྟར། ཐོན་ལས་རོགས་སྐྱོར་ལ་རིགས་དགར་སྐུལ་སྤེལ་བྱེད་དགོས། ཚན་རྩལ་དང་སྨན་བཅོས། སློབ་གསོ་བཅས་ཀྱི་ལས་བྱེད་ཚན་སྐོར་རྣམ་པའི་རོགས་སྐྱོར་བྱེད་དགོས། འཛད་སྤྱོད་རོགས་སྐྱོར་སྟེགས་བུའི་ཁེ་ལས་དང་ཐོན་རྫས་དོ་དམ་ལ་ཤུགས་སྣོན་དགོས།
(བཅུ་གཅིག) ཞིང་སྡེ་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བ་དང་དབུལ་ཕོངས་སུ་འགྱུར་བ་འགོག་པའི་རྐྱེན་སྲོལ་དང་ཡོང་འབབ་དམའ་བའི་མི་གྲངས། འཕེལ་རྒྱས་ཞན་པའི་ས་ཁུལ་སོགས་རིགས་དང་རིམ་པ་དགར་ནས་རོགས་སྐྱོར་གྱི་ལམ་ལུགས་གཅིག་གྱུར་འཆར་འགོད་བྱས་ཏེ་འཛུགས་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་ཕན་ཡོད་སྦྲེལ་མཐུད་བྱེད་པའི་སྤྱི་ཕྱོགས་ཀྱི་དཔྱད་འཇོག་སྲ་བརྟན་རྒྱ་སྐྱེད་བྱེད་པ་དང་། བར་བརྒལ་དུས་སྐབས་རྗེས་ཀྱི་རོགས་སྐྱོར་སྲིད་ཇུས་མ་ལག་འཛུགས་པར་ཞིབ་འཇུག་བྱས་ཏེ་གཏན་འབེབ་བྱ་དགོས། གཅིག་གྱུར་འཆར་འགོད་བྱས་ཏེ་ཞིང་སྡེའི་ཡོང་འབབ་དམའ་བའི་མི་གྲངས་དང་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བ་དང་དབུལ་ཕོངས་སུ་འགྱུར་བ་འགོག་པའི་ཁ་གཏད་ངོས་འཛིན་བྱེད་དགོས། ནང་གནས་སྒུལ་ཤུགས་འཕེལ་བར་དོ་སྣང་བྱས་ནས། ངལ་རྩོལ་གྱི་ནུས་པ་ཡོད་པའི་ཞིང་སྡེའི་ཡོང་འབབ་དམའ་བའི་མི་གྲངས་ཀྱི་གསར་སྤེལ་རྣམ་པའི་རོགས་སྐྱོར་བྱ་ཐབས་ལ་ཤུགས་སྣོན་དགོས། སྤྱི་ཚོགས་རོགས་སྐྱོབ་ཀྱི་འགན་སྲུང་གཏིང་མཐའ་ཆོད་པར་བྱས་ནས། འཕེལ་རྒྱས་ཞན་པའི་ས་ཁུལ་གྱི་དར་རྒྱས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། རིགས་དང་རིམ་པ་དགར་ནས་རོགས་སྐྱོར་གྱི་ལམ་ལུགས་འཛུགས་པ་དང་། ཤར་ནུབ་རྒྱུད་ཀྱི་མཉམ་ལས་ལ་བརྟེན་ནས། གནས་གཏན་འཁེལ་གྱི་རོགས་སྐྱོར་བྱ་ཐབས་སོགས་རྐྱེན་སྲོལ་བཙུགས་ཏེ་བར་ཁྱད་རང་བཞིན་གྱི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས།
(བཅུ་གཉིས།) དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁབ་དངུལ་གཏོང་དེ་རྒྱུ་ནོར་ཡུན་ཕན་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་རྒྱལ་ཁབ་དངུལ་གཏོང་རྣམ་པའི་མ་རྩ་རྩིས་བཤེར་བྱས་ནས། གཅིག་གྱུར་གྱི་རྒྱུ་ནོར་ཐོ་འགོད་དོ་དམ་རྩིས་ཐོ་འཛུགས་དགོས། རོགས་སྐྱོར་དངུལ་རྩའི་ལས་གཞིའི་དོ་དམ་བྱེད་ཐབས་བཟོས་ནས། རྒྱུ་ནོར་གྱི་གྲུབ་ཚུལ་འཐུས་ཚང་དང་དབང་ཆ་སྤོར་སྤྲོད། ལས་གཉེར་འཁོར་རྒྱུག་ལ་དོ་དམ། ཡོང་འབབ་བགོ་བྱ་སོགས་བརྒྱུད་རིམ་ཧྲིལ་བོར་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་བཙུགས་ནས། ཁེ་གཉེར་རང་བཞིན་གྱི་རྒྱུ་ནོར་རིན་ཐང་བརྟན་སྲུང་གི་ཕན་འབྲས་དང་། སྤྱི་ཕན་རང་བཞིན་གྱི་རྒྱུ་ནོར་རྒྱུན་མཐུད་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏང་དགོས། རྒྱུ་ནོར་རིགས་དབྱེ་ལམ་ལུགས་འཐུས་ཚང་དུ་བཏང་ནས། ས་ཁུལ་སོ་སོའི་འཕེལ་ཚད་དམའ་བའི་རྒྱུ་ནོར་ལ་རྒྱབ་སྐྱོར་བྱེད་དགོས།
གསུམ། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་སྟོབས་ལྡན་དུ་གཏོང་པར་ཤུགས་སྣོན་དགོས།
(བཅུ་གསུམ།) གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏང་དགོས། ཁྲོམ་རའི་ཆོས་ཉིད་ལྟར་དོན་དག་སྒྲུབ་པ་དང་ལྗང་མདོག་འཕེལ་རྒྱས་ལ་ཤུགས་སྣོན་པ། ཁྱད་ལྡན་ཞིང་ལས་ཐོན་རྫས་འདེབས་གསོ། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ཚུལ་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་པ། ཞིང་ལས་སྤུས་ལེགས་ཐོན་རྫས་ཀྱི་ཟོང་རྟགས་སྐྲུན་པའི་འཆར་གཞི་གསོ་སྐྱོང་བྱེད་པ། ཁྱད་ལྡན་ཞིང་ལས་ཐོན་ལས་ཀྱི་ཁྱུ་ཚོགས་འཛུགས་པ། ཞིང་ལས་ཐོན་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་ཀྱི་བྱ་བ་རྒྱུན་འཁྱོངས་བྱེད་དགོས། ཞིང་ལས་ཐོན་རྫས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་གཞི་ལག་བསྟར་བྱས་ནས། གྲོང་གསེབ་ཀྱི་ཐོན་ལས་གསར་བ་དང་ལས་རྣམ་གསར་བ་གསོ་སྐྱོང་བྱ་དགོས། གྲོང་གསེབ་རིག་གནས་དང་ཡུལ་སྐོར་གཏིང་ཟབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། རིག་གནས་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་ལ་ནུས་ཤུགས་སྩོལ་བའི་ཚོད་ལྟའི་ལྟེ་གནས་བཙུགས་ནས། གྲོང་གསེབ་ཡུལ་སྐོར་ཁྱད་ཆོས་ཅན་དང་སྤུས་ལེགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། གང་མགྱོགས་སྒོས་ཞིང་ལས་ཐོན་རྫས་དང་ཞིང་བའི་རྒྱུ་ནོར་དེང་རབས་དྲ་རྒྱའི་འཁོར་སྐྱོད་ཀྱི་སྒྲིག་གཞིའི་ཁྲོད་ཚུད་པར་བྱས་ནས། རིགས་སོ་སོའི་གཙོ་གཟུགས་མཐུན་སྦྱོར་མཉམ་འཛུགས་ཀྱི་མཁོ་སྤྲོད་མུ་ཁྱུད་ལ་རྒྱབ་སྐྱོར་བྱེད་དགོས། ཞིང་སྡེའི་གློག་རྡུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས།
(བཅུ་བཞི།) ཞིང་འབྲེལ་ཞིང་ཁྲིད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། གསར་དར་ཞིང་ལས་ཁེ་གཉེར་གྱི་གཙོ་གཟུགས་སྲིད་ཇུས་ཀྱིས་ཞིང་ཁྱིམ་གྱི་ཡོང་འབབ་འཕར་བའི་རྐྱེན་སྲོལ་ལ་སྣེ་ཁྲིད་བྱས་ནས། ཞིང་འབྲེལ་ཞིང་ཁྲིད་དེ་མ་འོངས་པར་སྲིད་ཇུས་ཀྱི་ཁ་ཕྱོགས་སའི་གཞི་འཛིན་ས་བྱ་དགོས། ཁེ་ལས་དང་དམངས་གཉེར་མཉམ་ལས་ཁང་། ཁྱིམ་ཚང་ཕྱུགས་ར། ཞིང་ཁྱིམ་སོགས་ལ་སྣེ་ཁྲིད་བྱས་ནས། ཕན་ཚུན་མཉམ་འབྲེལ་དམ་པོ་དང་མཉམ་ལས་བཟང་བོ་བྱས་ནས། ཚད་དམའ་འགན་སྲུང་གི་བགོ་བྱ་དང་མ་རྐང་འཇོག་པ་དང་ཞུགས་པ། ཞབས་ཞུ་སྣེ་ཁྲིད་སོགས་ཀྱི་རྣམ་པ་བརྒྱུད་ནས། ཞིང་བ་མི་དམངས་ལ་ཐོན་ལས་རིན་འཕར་ཁྲོད་དུ་སྔར་ལས་ཁེ་བཟང་རེག་ཏུ་འཇུག་དགོས། ཞིང་ལས་ཞིང་སྡེ་ཁྱབ་ཁོངས་སུ་སྤྱི་ཚོགས་དངུལ་གཏོང་ཚད་ལྡན་དུ་གཏོང་པ་དང་སྣེ་ཁྲིད་བྱས་ནས་ཉེན་འགོག་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས།
(བཅོ་ལྔ།) ཞིང་བའི་ཡོང་འཕར་ལམ་བུ་རྒྱ་སྐྱེད་དགོས། ཞིང་བས་ཁྱིམ་ཚང་གིས་ཚོང་གཉེར་བྱེད་པར་འཚམ་པའི་ཐོན་ལས་ལས་གཞི་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་པ་དང་། ས་བབ་དང་བསྟུན་ནས་སྒོ་རའི་དཔལ་འབྱོར་དང་ནགས་བརྟེན་དཔལ་འབྱོར། ཁྱིམ་ཚང་མགྲོན་ཁང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས། ལས་རྐང་བརྟན་འཇགས་དང་ལས་ཞུགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལས་ཞུགས་ཞབས་ཞུ་དང་ངལ་རྩོལ་རོགས་ལས་ཇེ་དྲག་བཏང་ནས། ཁྱད་ལྡན་ངལ་རྩོལ་གྱི་ཚོང་རྟགས་སྐྱེད་སྲིང་དང་ངོ་སྤྲོད་བྱེད་དགོས། ཁྱིམ་ལས་ཞིང་དར་འགུལ་སྐྱོད་ལ་སྐུལ་འདེད་གཏོང་དགོས། ལོ་ན་ཆེ་བའི་ཞིང་བ་ཞོར་ལས་པའི་ལས་ཞུགས་རྒྱབ་སྐྱོར་ལ་ཤུགས་སྣོན་དགོས། ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བའི་འགན་སྲུང་ལམ་ལུགས་ཡོངས་སུ་ཁེབས་པར་བྱེད་པ་དང་ནུས་ལྡན་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་རིགས་མི་འདྲ་བའི་ཟླ་ཕོགས་ཆད་འཇོག་གི་གནད་དོན་སྣ་ཚོགས་ལ་ལྟ་ཞིབ་བཅོས་སྐྱོང་བྱེད་དགོས། ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་ཙ། ལས་ཞུགས་ཤོང་ཚད་ཆེ་བའི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཞིང་བས་ཉེ་འགྲམ་ནས་ལས་ཞུགས་ཡོང་འཕར་བྱེད་པར་སྐུལ་འདེད་གཏོང་དགོས། གཞི་གྲངས་གྲོང་གསེབ་ཀྱི་ཞིང་དར་ཞིང་ཕན་དང་ཞིང་ཕྱུག་ཆེད་དོན་འགུལ་སྐྱོད་ལག་བསྟར་བྱེད་དགོས། རྒུད་གསབ་ལས་སྤྲོད་ལས་གཞིའི་ལག་བསྟར་གཞི་ཁྱོན་རྒྱ་སྐྱེད་པ་དང་། བཟོ་སྐྲུན་ལས་གཞི་གཙོ་བོ་དང་ཞིང་ལས་ཞིང་སྡེའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཁྱབ་ཁོངས་སུ་རྒུད་གསབ་ལས་སྤྲོད་ཁྱབ་གདལ་དུ་གཏོང་དགོས།
བཞི། གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།
(བཅུ་དྲུག) རྫོང་ཁོངས་མཁར་གྲོང་གི་འཆར་གཞི་བཀོད་སྒྲིག་ཐད་གཅིག་འདོམས་བྱེད་དགོས། མི་གྲངས་འགྱུར་ལྡོག་གི་གནས་བབ་དང་བསྟུན་པ་དང་། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་དང་རྣམ་པ་གསར་བའི་གྲོང་རྡལ་ཅན་གཉིས་ཟུང་འབྲེལ་བྱེད་པ། རྫོང་དང་ཡུལ་ཚོའི་རྒྱལ་ཁོངས་བར་སྟོང་འཆར་འགོད་ཀྱི་བར་སྟོང་གཅིག་འདོམས་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ནུས་པ་འདོན་སྤེལ་བྱས་ནས། མཁར་གྲོང་ཐོན་ལས་འཕེལ་རྒྱས་དང་རྨང་གཞི་སྒྲིག་ཆས། སྤྱི་ཐུན་ཞབས་ཞུ་བཅས་གཞི་གཅིག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། གྲོང་སྡེའི་འཆར་འགོད་སྒྲིག་བཟོའི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བ་དང་། གྲོང་སྡེའི་འཆར་འགོད་སྒྲིག་བཟོ་ཡོངས་སུ་ཁེབས་པར་བྱེད་རྒྱུའི་རེ་བ་འདོན་མི་རུང་བ་དང་། སྒྲིག་བཟོ་བྱེད་མི་དགོས་པར་རྫོང་དང་ཡུལ་ཚོའི་རྒྱལ་ཁོངས་བར་སྟོང་འཆར་འགོད་ཁྲོད་བཀག་སྡོམ་སྣེ་ཁྲིད་དང་ཡང་ན་སྤྱི་སྲོལ་རང་བཞིན་གྱི་དོ་དམ་གཏན་ཁེལ་ཕྱིར་བཏོན་ཆོག འོས་འཚམ་སྒོས་གྲོང་སྡེ་འཛུགས་སྐྲུན་གྱི་གཙོ་གནད་དང་སྔོན་འགྲོའི་རིམ་སྒྲིག་གཏན་ཁེལ་བྱེད་པ་དང་། འཛུགས་སྐྲུན་དང་དོ་སྲུང་ལ་གཅིག་འདོམས་བྱེད་པ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་མ་དཔེ་འཚོལ་ཞིབ་བྱེད་དགོས། རྨོ་ཞིང་གི་སྤྱིའི་གྲངས་ཀ་ཇེ་ཉུང་དུ་མི་འགྲོ་བ་དང་ཡུན་རིང་གི་གཞི་རྩའི་ཞིང་སའི་གྲུབ་ཚུལ་ཧ་ལམ་བརྟན་འཇགས་ཡིན་པའི་སྔོན་འགྲོའི་འོག རྫོང་ཁོངས་དེ་གཅིག་འདོམས་སྡེ་ཚན་དང་། ཡུལ་ཚོ་དང་གྲོང་རྡལ་གཞི་རྩའི་ལག་བསྟར་སྡེ་ཚན་དུ་བྱས་པའི་ཁོངས་ཡོངས་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་ཡོངས་སུ་སྤེལ་དགོས།
(བཅུ་བདུན།) རྨང་གཞི་སྒྲིག་ཆས་དེ་ཞིང་སྡེ་རུ་རྒྱུན་བསྲིང་བར་སྐུལ་འདེད་གཏོང་དགོས། རིགས་བགར་ནས་མཁར་གྲོང་ཆུ་འདོན་གཞི་གཅིག་ཅན་དང་གཅིག་བསྡུས་ཆུ་འདོན་གཞི་ཁྱོན་ཅན། རིགས་ཆུང་ཆུ་འདོན་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པ་དང་། ཆ་རྐྱེན་ཡོད་པའི་ས་ཆ་རུ་ཞིང་སྡེའི་ཆུ་འདོན་རྫོང་ཁོངས་ཀྱི་གཅིག་གྱུར་དོ་དམ་དང་ཆེད་ལས་ཅན་གྱི་དོ་དམ་སྲུང་སྐྱོབ་ཁྱབ་གདལ་དུ་གཏོང་དགོས། རེས་སྐོར་གསར་བའི་ཞིང་སྡེ་གཞུང་ལམ་མཐོར་འདེགས་འགུལ་སྐྱོད་སྤེལ་བ་དང་། ཞིང་སྡེའི་གཞུང་ལམ་དང་ཟམ་སྦུག་གི་ཉེན་ཁར་གྲལ་བཤེར་དང་བཅོས་སྐྱོང་བྱས་ནས། ལེགས་བཞི་ཞིང་སྡེའི་གཞུང་ལམ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། ཆ་རྐྱེན་ལྡན་པའི་ཡུལ་ཚོ་གྲོང་རྡལ་དང་སྒྲིག་གཞི་ཚང་བའི་སྡེ་བར་འགྲུལ་སྐྱེལ་རླངས་འཁོར་བཏང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཞིང་སྡེའི་ཆུ་ལམ་འགྲིམ་འགྲུལ་གྱི་ཕྱིར་བགྲོད་ཆ་རྐྱེན་ལེགས་བསྒྱུར་བྱས་ཏེ། ཞིང་སྡེའི་འགྲུལ་ཟོང་སྦྲགས་གསུམ་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། དངོས་སྐྱེལ་སྡེ་བ་རུ་བསྐྱོད་པར་སྐུལ་འདེད་གཏོང་བ་དང་། སྡེ་བ་རིམ་པའི་དངོས་སྐྱེལ་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། རྫོང་ཁོངས་ཚོང་ལས་མ་ལག་འཛུགས་སྐྲུན་ཟབ་མོ་བྱེད་པ་དང་། མཐུད་འབྲེལ་ཚོང་གཉེར་གྱིས་རྫོང་ཁོངས་ཚོང་ར་བཀོད་སྒྲིག་བྱེད་པར་རྒྱབ་སྐྱོར་བྱས་ནས། འཁྱག་ཕྲེང་སྡེབ་སྐྱེལ་དང་འཕྲལ་མྱུར་སིལ་འཚོང་དེ་ཡུལ་ཚོ་དང་གྲོང་རྡལ་དུ་རྒྱུན་བསྲིང་བར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་འཛད་སྤྱོད་དངོས་རྫས་རྙིང་བ་གསར་བར་བརྗེ་བར་སྐུལ་འདེད་གཏོང་བ་དང་། ཁྱིམ་སྤྱོད་གློག་ཆས་རྙིང་བ་སོགས་ཀྱི་ཕྱིར་བསྡུ་དྲ་རྒྱ་ལེགས་བསྒྱུར་བྱེད་དགོས། ཞིང་སྡེའི་གློག་ཤུགས་འགན་སྲུང་ཆུ་ཚད་སྲ་བརྟན་དང་མཐོར་འདེགས་གཏོང་བ་དང་། ཞིང་སྡེའི་ཁྱབ་སྟངས་ལུགས་ཀྱི་བསྐྱར་བཀོལ་ནུས་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པར་ཤུགས་བསྣན་ནས། ཆ་རྐྱེན་ཡོད་པའི་ས་གནས་སུ་སྤྱི་ཐུན་གློག་བརྗེ་གློག་གསོག་གི་སྒྲིག་ཆས་འཛུགས་པར་སྐུལ་མ་གཏོང་དགོས། ཞིང་སྡེ་ས་ཁུལ་གྱི་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཞིང་སྡེའི་ཉེན་ཁང་བསྒྱུར་བཀོད་དང་ཞིང་ཁང་གི་ཡོམ་འགོག་བསྒྱུར་བཀོད་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། གནོད་ཐེབས་ས་ཁུལ་གྱི་གནོད་འཚེའི་དབང་གིས་གཏོར་བརླག་ཐེབས་པའི་སྡོད་ཁང་སླར་གསོ་བསྐྱར་བསྐྲུན་བྱ་བ་བཟང་བོར་བསྒྲུབ་དགོས།
(བཅོ་བརྒྱད།) ཞིང་སྡེའི་གཞི་རྩའི་སྤྱི་ཐུན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཁུལ་ཁོངས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་བསྒྱུར་བྱེད་པ་དང་། བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་དང་མེ་འགོག བདེ་འཇགས་སོགས་ཀྱི་དོ་དམ་ཆུ་ཚད་ཇེ་མཐོར་བཏང་སྟེ། དགོས་གལ་ཆེ་བའི་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་བཟང་བོར་བསྒྲུབ་དགོས། ཞིང་སྡེའི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བསྒྱུར་འཆར་གཞིའི་ཐད་ཀྱི་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ནས། ཟས་རིགས་བདེ་འཇགས་དང་མ་དངུལ་ཚད་ལྡན་བཀོལ་སྤྱོད་ལ་ཁག་ཐེག་བྱེད་དགོས། མི་སྣ་གཞི་རིམ་དུ་གཏོང་བ་གཙོ་གནད་དུ་བྱས་ནས་དམ་ཟབ་རིགས་ཀྱི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པ་དང་། ལྟེ་གནས་ཡུལ་གྲོང་གི་འཕྲོད་བསྟེན་ཁང་གི་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་སྟེ། རྒྱང་བརྟེན་སྨན་བཅོས་ཀྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་དགོས། ཞིང་སྡེའི་འགོས་ནད་འགོག་སྡོམ་དང་འཕྲལ་བསྟུན་ཐག་གཅོད་ནུས་པ་འཛུགས་སྐྲུན་ཐད་ཤུགས་སྣོན་པ་དང་། དམངས་ཡོངས་ལུས་སྦྱོང་དང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་དགོས། གཞི་རྩའི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱུན་མ་ཆད་པར་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པ་དང་ལོ་དེར་རྩིས་རྒྱག་མ་བྱས་པའི་ཞིང་སྡེའི་ཞིང་བའི་ལོ་རྗེས་མའི་ནད་ཆེ་རིགས་ཀྱི་ཆེས་མཐོའི་སྨན་ཡོད་རྩིས་རྒྱག་གི་ཚད་ཇེ་མཐོར་གཏོང་དགོས། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་ཉེན་སྲུང་གི་རྨང་གཞིའི་རྒན་གསོ་དངུལ་རིམ་པ་བཞིན་ཇེ་མཐོར་གཏོང་དགོས། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་རྒན་གསོ་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་གཏོང་བ་དང་། རྫོང་ཁོངས་ཀྱི་རྒན་གསོ་ཞབས་ཞུའི་མ་ལག་གི་གསར་གཏོད་ཚོད་ལྟ་སྤེལ་བ་དང་། སྡེ་བ་རིམ་པའི་རོགས་རེས་རང་བཞིན་གྱི་རྒན་གསོ་ཞབས་ཞུ་སྤེལ་བར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་བྱིས་པའི་གཉོར་སྐྱོང་ཞབས་ཞུ་འཕེལ་རྒྱས་སུ་གཏོང་དགོས། ནར་མ་སོན་པའི་མིའི་རོགས་སྐྱོར་སྲུང་སྐྱོབ་ལས་ཁུངས་ཁེབས་ཚད་ཇེ་ཆེར་གཏོང་བ་དང་། ཕ་མ་གམ་དུ་མེད་པའི་བྱིས་པ་དང་འཚོ་བར་དཀའ་ཁག་ཡོད་པའི་བྱིས་པའི་གཟིགས་སྐྱོང་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་དགོས། དབང་བོ་སྐྱོན་ཅན་གྱི་འགན་སྲུང་དང་ལུས་གསོ་རོགས་སྐྱོར་ཐད་ཤུགས་སྣོན་དགོས།
(བཅུ་དགུ) ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ཐད་ཤུགས་སྣོན་དགོས། ཞིང་ལས་ཞིང་སྡེའི་བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་བཟང་བོར་རྒྱག་པ་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་བཅོས་སྐྱོང་བྱེད་པ་དང་མཐོར་འདེགས་བཏང་ནས། མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། ཞིང་སྡེའི་སྤྱོད་ཁང་བསྒྱུར་བཀོད་ཀྱི་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཅན་གྱི་དོ་སྲུང་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། ས་བབ་དང་བསྟུན་ནས་ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་མ་དཔེ་འདེམ་པ་དང་། སྤྱོད་ཁང་གི་བཤའ་ལྕིའི་བཙོག་བཟོ་དང་འཚོ་བའི་བཙོག་ཆུ་མཉམ་དུ་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། ཞིང་སྡེའི་རྒྱ་ཁྱོན་ཆེ་བའི་བཙོག་ཆུ་ཧ་ལམ་མེད་པར་བྱེད་དགོས། ཞིང་སྡེའི་འཚོ་བའི་གད་སྙིགས་འགོ་ཁུངས་ནས་ཇེ་ཉུང་དུ་གཏོང་བ་དང་ཉེ་ས་ནས་ཐག་གཅོད་པ། ཐོན་ཁུངས་སུ་བསྒྱུར་ནས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་ལས་ངོས་ཁོངས་ཀྱི་བཙོག་བཟོ་འབུར་ཐོན་ཡིན་པའི་ཁུལ་ཁོངས་ཀྱི་མ་ལག་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། སྒོ་ཕྱུགས་ཀྱི་བཤང་གཅི་ཐོན་ཁུངས་སུ་བསྒྱུར་ནས་བེད་སྤྱོད་བྱེད་པ་དང་ཆུ་ཐོན་གསོ་སྤེལ་ཐད་ཀྱི་བཙོག་ཅུ་ཐག་གཅོད་པར་ཤུགས་སྣོན་དགོས། བཙོག་བསྒྱུར་རྨོ་ཞིང་བདེ་འཇགས་ངང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་སའི་ས་རྒྱུའི་ལྕགས་རིགས་བཙོག་བཟོའི་ཁུངས་འདེད་དང་བཅོས་སྐྱོང་ལ་ཤུགས་སྣོན་དགོས། སོག་མ་ཕྱོགས་བསྡུས་བཀོལ་སྤྱོད་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། བསྲེག་འགོག་ཁྱབ་ཁོངས་དབྱེ་འབྱེད་གཏན་འབེབས་གསལ་བོ་བྱས་ཏེ། ཁྲིམས་སྲོལ་ལྟར་བསྲེག་འགོག་བཀག་སྡོམ་གྱི་རེ་བ་ལག་བསྟར་བྱེད་དགོས། བྱང་གསུམ་བཟོ་སྐྲུན་ཤུགས་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པ་དང་། ཐོན་ཁུངས་མཉམ་ལས་དང་མཉམ་འགོག་མཉམ་བཅོས་ལ་ཤུགས་བསྣན་ནས། བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གི་གྲུབ་འབྲས་ཇེ་མཐོར་གཏོང་དགོས། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་བྱེད་པར་ཤུགས་སྣོན་དགོས། སྐྱེ་ཁམས་དག་གཙང་གི་བཞུར་རྒྱུད་ཆུང་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་འབྲི་ཆུའི་ལོ་བཅུའི་རིང་གི་ཀླུང་རྒྱ་སྡོམ་པའི་བྱ་བར་སྐུལ་འདེད་གཏོང་བ་དང་། འབྲི་ཆུའི་ཚར་ཉེན་ཆེ་བའི་དངོས་རིགས་རྩ་ཆེན་སྐྱོབ་པ་དང་འཚོ་གནས་ས་ཆའི་སྐྱེ་ཁམས་ཉམས་གསོ་ཐད་ཤུགས་སྣོན་དགོས།
ལྔ། ནུས་ཤུགས་ཡོད་རྒུས་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་འཛུགས་དགོས།
(ཉི་ཤུ། )ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ལ་ཤུགས་སྣོན་དགོས། ཏང་འཛུགས་དམ་འཛིན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ནུས་པ་ཇེ་ཆེར་གཏོང་དགོས། རྫོང་རིམ་པའི་ཏང་སྲིད་མགོ་ཁྲིད་ཚན་ཁག་གི་ཁོངས་མིའི་འགན་ཡུན་གཏན་འཇགས་ཡོང་བ་སྲུང་འཛིན་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་རྒྱུན་མཐུད་སྒོས་ཤུགས་བསྣན་ནས། ནུས་ཤུགས་ཡོད་རྒུས་ན་གཞོན་ལས་བྱེད་པ་ཁག་གཅིག་གི་ཞིང་སྡེའི་གཞི་རིམ་གྱི་ས་ཆུ་མི་འཕྲོད་པའི་གནད་དོན་ཐག་གཅོད་བྱེད་དགོས། རྒྱལ་ཡོངས་ཀྱི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེས་ལེགས་པོ་བྱེད་པ་དང་། ཉམས་ཞན་ཁ་ཐོར་གྱི་སྡེ་བའི་ཏང་རྩ་འཛུགས་ལ་གཅིག་སྡུད་སྒོས་དག་ཐེར་བྱས་ཏེ། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་ཁག་གི་ཁག་ཁུར་སྤྱོད་ཚུལ་ལ་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཏང་ཡོན་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་དགོས། གཞི་རིམ་གྱི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྡེ་བའི་ལས་བྱེད་པ་དང་ལྷག་པར་དུ་མི་གཅིག་གིས་འགན་མང་པོ་ཁུར་བར་ལྟ་སྐུལ་དོ་དམ་ནན་མོ་བྱེད་དགོས། སྡེ་དོན་ཡོངས་བསྒྲགས་དང་དམངས་གཙོའི་གྲོས་དོན་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས། ཞིང་བ་མང་ཚོགས་ཀྱིས་ཐབས་ལམ་མང་པོ་བརྒྱུད་དེ་སྡེ་བ་རིམ་པའི་གྲོས་དོན་གྲོས་མོལ་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། གྲོང་གསེབ་དར་སྤེལ་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་མི་ལེགས་པ་དང་རུལ་སུངས་གནད་དོན་རྒྱུན་མཐུད་སྒོས་ལེགས་བཅོས་བྱེད་པ་དང་། སྡེ་བར་སྐོར་ཞིབ་ནན་མོ་བྱས་ཏེ། དུས་རབས་གསར་བའི་ཞིང་སྡེའི་གཞི་རིམ་ལས་བྱེད་པས་སྤྱོད་གཙང་གིས་ལས་འགན་ལག་བསྟར་བྱེད་པའི་ཚད་གཞི་ཞིབ་ཕྲ་དང་འཐུས་ཚང་དུ་གཏོང་དགོས།
(ཉེར་གཅིག) ཕྱི་ཚུལ་རིང་ལུགས་མུ་མཐུད་དུ་ལེགས་བཅོས་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཡུལ་ཚོ་དང་གྲོང་རྡལ་སྲང་ལམ་བཅས་ཀྱིས་ལས་འགན་ལག་བསྟར་བྱེད་པའི་བྱ་བའི་གསལ་ཐོ་འཛུགས་པ་དང་། ལག་བསྟར་གནས་ཚུལ་ལྟ་སྐུལ་དཔྱད་འཇོག་ལ་ཤུགས་བསྣན་ནས། འགུལ་རྣམ་ལེགས་སྒྲིག་རྐྱེན་སྲོལ་འཐུས་ཚང་འཛུགས་དགོས། རྫོང་དང་ཡུལ་ཚོའི་ལས་བྱེད་མི་སྣ་བརྗེ་སྤོར་ལ་དོ་དམ་ཚོད་འཛིན་ནན་མོ་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་འཛུགས་དགོས། གཞི་རིམ་དུ་ལྟ་ཞིབ་ཞིབ་བཤེར་དཔྱད་ཞིབ་བྱེད་པར་ཚོད་འཛིན་ནན་མོ་བྱེད་པ་དང་། ཞིང་འབྲེལ་དཔྱད་ཞིབ་སྟབས་བདེ་ཅན་དུ་གཏོང་དགོས། འདེམས་ཤོག་གཅིག་གིས་ཁས་ལེན་མི་བྱེད་པ་དང་། འགན་འཁྲིའི་ཡི་གེ་འགོད་པའི་བྱ་བ་ཐག་གཅོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། གཞི་རིམ་དུ་ཕྱོགས་པའི་སྲིད་དོན་བེད་སྤྱོད་གོ་རིམ་གཙང་སེལ་དག་སྒྲིག་བྱེད་པ་དང་། མུ་མཐུད་དུ་ཕྱི་ཚུལ་རིང་ལུགས་ལེགས་བཅོས་གཏིང་ཟབ་བྱེད་དགོས། ཞིང་སྡེའི་གཞི་རིམ་དྲ་རྒྱ་ཅན་གྱི་བཅོས་སྐྱོང་གི་ཕྱོགས་མང་གཅིག་སྡུད་ལ་སྐུལ་འདེད་གཏོང་དགོས། གོང་རིམ་ནས་འཕྲི་སྟེ་འོག་རིམ་ལ་སྣོན་པ་སོགས་ཀྱི་རྣམ་པས་སྒྲིག་ལུགས་ཐོན་ཁུངས་དེ་ཡུལ་ཚོ་དང་གྲོང་རྡལ་སྲང་ལམ་བཅས་སུ་ཁ་ཕྱོགས་པར་སྐུལ་འདེད་གཏོང་བ་དང་། རིགས་དབྱེ་དོ་དམ་དང་སྤྱི་འདོམས་བེད་སྤྱོད་ལ་ཤུགས་སྣོན་དགོས།
(ཉེར་གཉིས།) དཔལ་ཡོན་ལྡན་པའི་ཡུལ་ཚོའི་རྣམ་པ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། དུས་རབས་གསར་བའི་ཞིང་སྡེའི་སྙིང་སྟོབས་ཀྱི་དཔལ་ཡོན་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ་དང་། བསམ་བློ་ཆབ་སྲིད་ཁྲིད་སྟོན་ལ་ཤུགས་བསྣན་ནས། དཔལ་ཡོན་ལྡན་པའི་ཡུལ་ཚོའི་རྣམ་པ་འཛུགས་སྐྲུན་ལས་གཞི་ལག་ལེན་དུ་བསྟར་བ་དང་། ཏང་གི་གསར་གཏོད་གཞུང་ལུགས་སྔར་ལས་མིའི་སེམས་སུ་འཇགས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཆེར་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། དུས་རབས་ཀྱི་ཁོར་ཡུག་གསར་བ་དང་རྣམ་པ་གསར་བ་བསྐྲུན་པ་དང་། ངས་མི་དམངས་ཀྱི་ཆེད་དུ་དངོས་ཡོད་བྱ་བ་བསྒྲུབས་པ་སོགས་ཀྱི་ལག་ལེན་བྱ་འགུལ་ཟབ་སྤེལ་བྱས་ཏེ། ཁྱིམ་ཚང་འཆམ་མཐུན་དང་ཁྱིམ་མཚེས་འགྲིག་མཐུན་ཡོང་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས། སྤུས་ལེགས་རིག་གནས་ཐོན་ཁུངས་ཐད་ཀར་གཞི་རིམ་དུ་སྐྱེལ་བའི་རྐྱེན་སྲོལ་འཛུགས་པ་དང་། ཞིང་སྡེའི་རིག་གནས་ཞབས་ཞུ་དང་ཐོན་རྫས་འདོན་སྤྲོད་ཕུན་སུམ་ཚོགས་པར་གཏོང་བ། ཟློས་གར་གྲོང་གསེབ་དུ་བསྐྱོད་པ་སོགས་ཀྱི་རིག་གནས་དམངས་ཕན་བྱ་འགུལ་སྤེལ་བ། ཡུལ་ཕྱོགས་རིག་གནས་ཀྱི་འཇོན་མིར་རྒྱབ་སྐྱོར་བྱེད་པར་ཤུགས་བསྣན་ནས། མང་ཚོགས་རང་བཞིན་གྱི་རིག་གནས་ལུས་རྩལ་བྱ་འགུལ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱེད་དགོས། སྲོལ་རྒྱུན་སྡེ་བའི་ཁྱད་ཆོས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་རིག་གནས་གནའ་ཤུལ་སྲུང་སྐྱོབ་རྒྱུད་འཛིན་དང་ནུས་འཕར་བེད་སྤྱོད་ལ་ཤུགས་བསྣན་ནས། གྲོང་གསེབ་ཀྱི་རིག་གནས་ཐོན་རྫས་སྲུང་སྐྱོབ་ལས་གཞི་ལག་བསྟར་ཟབ་མོ་བྱེད་དགོས།
(ཉེར་གསུམ།) ཞིང་སྡེའི་གོམས་སྲོལ་སྒྱུར་བར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་སློང་རྟེན་མང་པོ་ལེན་པའི་གནད་དོན་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གུང་གཞོན་ཚོགས་པ་སོགས་ཀྱི་རྩ་འཛུགས་བྱེད་ནུས་འདོན་སྤེལ་བྱས་ཏེ། ཞིང་སྡེའི་གཉེན་སྒྲིག་རན་པའི་ཚོགས་པའི་སྤྱི་ཕན་རང་བཞིན་གྱི་གཉེན་སྒྲིག་ཞབས་ཞུ་དང་བྱམས་བརྩེའི་ཐུགས་ཁུར་ལ་ཤུགས་སྣོན་དགོས། གཉེན་སྒྲིག་མགོ་སྐོར་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཤུགས་ཆེན་པོས་རྡུང་རྡེག་གཏོང་དགོས། མཚུན་ཁང་གི་ཚད་ལྡན་དོ་དམ་ལ་ཤུགས་སྣོན་དགོས། དུར་ལས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། སྤྱི་ཕན་རང་བཞིན་གྱི་སྐྱེ་ཁམས་དུར་འཇུག་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། འགྲན་སྡུར་བྱེད་པ་དང་རྒྱས་སྤྲོས་བྱེད་པ། གང་འདོད་དུར་འཇུག་བྱེད་པ་སོགས་ཀྱི་མངོན་གསལ་གནད་དོན་ལེགས་བཅོས་བྱེད་པ་དང་། ཚོད་འཛིན་རང་བཞིན་གྱི་ཚད་ལྡན་དང་སྣེ་ཁྲིད་རང་བཞིན་གྱི་ཚད་གཞི་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་འཁྲབ་སྟོན་ཁྲོམ་ར་ཚད་ལྡན་དུ་བཏང་ནས། ཐ་འཆལ་འཁྲབ་སྟོན་བྱ་འགུལ་ལེགས་བཅོས་བྱེད་དགོས། ཞིང་སྡེའི་ཚན་རིག་ཤེས་བྱ་ཁྱབ་གདལ་བྱེད་ཡུལ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་ལ་ངོ་རྒོལ་བྱེད་དགོས།
(ཉེར་བཞི། )ཞིང་སྡེ་བརྟན་བརླིང་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས། དུས་རབས་གསར་བའི་ཧྥུན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཞིང་སྡེའི་འགལ་བ་རྩོད་གཞི་གྲལ་བཤེར་དང་སེལ་ཐབས་ལ་ཤུགས་བསྣན་ནས། ཆ་འཕྲིན་མཉམ་སྤྱོད་འཐུས་ཚང་དང་ཐག་གཅོད་རྐྱེན་སྲོལ་མཉམ་སྡེབ་བྱེད་པ་དང་། བདེ་ཐང་གི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས། ཞིང་སྡེའི་ནག་སེལ་ངན་འཇོམས་ཀྱི་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་འཐུས་ཚང་འཛུགས་པ་དང་། སྡེ་བའི་བཙན་ཧམ་ཅན་དང་ཁྱིམ་རྒྱུད་ཀྱི་ནག་སྤྱོད་སྟོབས་ཤུགས་རྒྱ་ཡན་དུ་གཏོང་བར་དོགས་ཟོན་དང་བཀག་འགོག་བྱེད་དགོས། ཞིང་སྡེའི་ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན་དགོས། ཞིང་སྡེའི་རྒྱན་འཇོག་པར་རྡུང་རྡེག་གཏོང་བ་དང་། ཞིང་སྡེའི་དུག་འགོག་འགོག་ཐིག་སྲ་བརྟན་དུ་བཏང་སྟེ། ཞིང་འབྲེལ་ཁྱབ་ཁོངས་ཀྱི་བརྒྱུད་འཚོང་དང་མགོ་སྐོར་སོགས་དཔལ་འབྱོར་གྱི་ཉེས་སྤྱོད་ལ་རྡུང་རྡེག་ཚབས་ཆེན་གཏོང་དགོས། ཞིང་སྡེའི་འཕྲལ་བསྟུན་དོ་དམ་རྩ་འཛུགས་མ་ལག་འཐུས་ཚང་འཛུགས་པ་དང་། ཞིང་སྡེའི་བགྲོད་ལམ་འགྲིམ་འགྲུལ་དང་། འབར་རླངས། མེ་འགོག་མེ་གསོད། རང་བཟོས་ཁང་བ་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁའི་མགོ་ཁུངས་ལ་དོ་དམ་ཚོད་འཛིན་དང་གྲལ་བཤེར་ལེགས་བཅོས་བྱེད་པར་ཤུགས་སྣོན་དགོས།
དྲུག རྒྱུ་རྐྱེན་གཙོ་བོའི་འགན་སྲུང་དང་བཀོད་སྒྲིག་སྒྲིག་སྲོལ་དང་ལམ་སྲོལ་ཇེ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་དགོས།
(ཉེར་ལྔ།)ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་བརྟན་པོ་དང་འཐུས་ཚང་དུ་གཏོང་དགོས། “བརྟན་ལྷིང་ཆེན་པོ་དང་ལེགས་སྒྲིག་ཆུང་བ”རྒྱུན་འཁྱོངས་བྱས་ཏེ། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཡུན་ཐོན་རྗེས་ད་དུང་ལོ་སུམ་ཅུ་ཇེ་རིང་དུ་གཏོང་བའི་ཚོད་ལྟའི་བྱ་ཡུལ་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཧྲིལ་པོའི་ཚོད་ལྟའི་ཁྱབ་ཁོངས་རྒྱ་བསྐྱེད་པ། འགན་གཙང་ལེན་ནར་འགྱངས་བྱེད་པའི་ཁྲོད་ཀྱི་འགལ་བ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བྱས་ཏེ། ཞིང་བ་ཁྱིམ་ཚང་མང་ཆེ་བའི་འགན་གཙང་ལེན་ས་ཞིང་སྤྱི་ཡོངས་ནས་ནར་འགྱངས་དང་བརྟན་ལྷིང་རྒྱུན་འཁྱོངས་ཡོང་བར་འགན་ལེན་བྱེད་དགོས། འགན་གཙང་ལེན་བྱས་པའི་ས་ཞིང་གཉེར་སྐྱོང་དབང་ཆ་འཁོར་རྒྱུག་དོ་དམ་ཞབས་ཞུའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་ལས། དམིགས་འབེན་དང་ལས་འགན་གཏན་འཁེལ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ས་ཞིང་འཁོར་རྒྱུག་ལ་སྐུལ་འདེད་གཏོང་མི་ཆོག འཁོར་རྒྱུག་རིན་གོང་སྟོན་གྲངས་ཁྱབ་བསྒྲགས་དང་དངོས་རྫས་བོགས་དངུལ་རྩིས་རྒྱག་སོགས་ཀྱི་བྱ་ཐབས་བརྒྱུད་ནས་འཁོར་རྒྱུག་འགྲོ་གྲོན་ལུགས་མཐུན་གྱི་ཆུ་ཚད་དུ་གཏན་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ལས་གཉེར་སྐྱོང་བྱེད་མཁན་གསར་པ་གསོ་སྐྱོང་བྱས་ནས་ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་བ་ཁྱིམ་ཚང་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས།
(ཉེར་དྲུག)ཞིང་སྡེའི་ཐོན་ཁུངས་དང་རྒྱུ་ནོར་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་དགོས། ཁང་པ་དང་ས་ཞིང་གཞི་གཅིག་ཅན་གྱི་ཁང་སའི་བདག་དབང་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་བྱ་བ་ཏན་ཏིག་ངང་ལེགས་པོར་བསྒྲུབ་དགོས། ཞིང་བ་ཁྱིམ་ཚང་གི་ཁྲིམས་མཐུན་སྡོད་ཁང་གླ་བ་དང་། མ་རྐང་འཇོག་པ། མཉམ་ལས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་གསར་བཟོ་དང་བེད་སྤྱོད་བྱེད་པའི་ཕན་ལྡན་མངོན་འགྱུར་རྣམ་པ་འཚོལ་ཞིབ་བྱ་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཀྱིས་ཞིང་སྡེ་རུ་ཞིང་ཁང་དང་ཁང་ས་ཉོ་མི་ཆོག་པ་དང་། ལས་འཁྱུར་ངལ་གསོའི་ལས་བྱེད་པས་ཞིང་སྡེ་རུ་ས་བཟུང་བྱས་ནས་ཁང་པ་བསྐྲུན་མི་ཆོག ཞིང་སྡེའི་ཐུན་མོང་ཚོང་གཉེར་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ཁྲོམ་རར་ཞུགས་པའི་བསྒྱུར་བཅོས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་ཡོང་འབབ་བགོ་བཤའ་དང་ཁེ་དབང་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ས་བབས་དང་བསྟུན་ནས་ཞིང་སྡེའི་ཐུན་མོང་དཔལ་འབྱོར་གསར་པ་འཕེལ་རྒྱས་སུ་གཏོང་བ་དང་། ཐུན་མོང་གི་ཡོང་འབབ་ལ་དམིགས་འབེན་གལ་ཆེན་མི་འདོན་པར་ཐུན་མོང་ཚོང་གཉེར་གྱི་ཉེན་ཁ་དང་བུ་ལོན་ཚོད་འཛིན་ནན་མོ་བྱེད་དགོས། ཞིང་སྡེའི་ཐུན་མོང་མ་དངུལ་དང་། མ་རྩ། ཐོན་ཁུངས་བཅས་དོ་དམ་གྱི་ཆེད་དོན་བཅོས་སྐྱོང་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་དགོས། གསར་དུ་འཕར་བའི་རྨོ་ཞིང་ཚད་ལྡན་དོ་དམ་དང་ལུགས་མཐུན་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
(ཉེར་བདུན།)གྲོང་གསེབ་དར་སྤེལ་གཏོང་བའི་དངུལ་གཏོང་དང་མ་དངུལ་བསྡུ་སྒྲིལ་ལམ་སྲོལ་གསར་གཏོད་བྱ་དགོས། ཞིང་ལས་ཞིང་སྡེའི་ཁྱབ་ཁོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་མ་དངུལ་གཏོང་བར་སྔོན་ལ་འགན་སྲུང་བྱས་ཏེ། ཕན་འབྲས་དོ་དམ་གྱི་སྐུལ་སློང་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་དབྱང་གི་སྔོན་རྩིས་ནང་དངུལ་གཏོང་དང་། ཡུན་རིང་ལས་བརྒལ་བའི་དམིགས་བསལ་རྒྱལ་བུན་དང་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་བཅས་ཀྱིས་ཞིང་ལས་ཞིང་སྡེའི་ཁྱབ་ཁོངས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དངུལ་བུན་བསྐྱར་མ་དང་། དངུལ་སྨར་བསྐྱར་དུ། ཁྱད་པར་ཅན་གྱི་བཅོལ་དངུལ་གྲབས་གསོག་མ་དངུལ་གྱི་ཚད་སོགས་དངུལ་ལོར་སྲིད་ཇུས་ཀྱི་ལག་ཆ་སྤྱད་དེ་དངུལ་རྩའི་སྒྲིག་གཞིས་གྲོང་གསེབ་དར་སྤེལ་ཁྱབ་ཁོངས་སུ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། དངུལ་རྩའི་སྒྲིག་གཞིས“ཞིང་གསུམ་”གྱི་ཆེད་དོན་དངུལ་རྩའི་བུན་འཛིན་འགྲེམས་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་དགོས། ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཀྱིས་གྲོང་གསེབ་དར་སྤེལ་གྱི་བུན་འཛིན་འགྲེམས་སྤེལ་བྱེད་པར་བསྔགས་སྐུལ་བྱ་དགོས། ཞིང་སྡེའི་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཞིང་ལས་དང་འབྲེལ་བ་ཡོད་པའི་ཡིད་རྟོན་ཆ་འཕྲིན་བསྡུ་རུབ་མཉམ་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཕྱུགས་རིགས་དང་ཁྱིམ་བྱའི་གསོན་གཟུགས་དང་ཞིང་ལས་སྒྲིག་བཀོད་སོགས་གཏའ་འཇོག་མ་དངུལ་བསྡུ་སྒྲིལ་དངུལ་བུན་ཁྱབ་གདལ་གཏོང་དགོས། ཞིང་སྡེའི་དངུལ་ཁང་འབྲིང་ཆུང་གིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་གཏན་གནས་རྒྱུན་འཁྱོངས་བྱས་ཏེ།“ཞིང་ཆེན་གཅིག་དང་སྲིད་ཇུས་གཅིག”གིས་ཞིང་སྡེའི་ཡིད་རྟོན་ཁང་བསྒྱུར་བཅོས་ཇེ་མགྱོགས་སུ་བཏང་སྟེ། གྲོང་ཚོ་དང་གྲོང་རྡལ་གྱི་དངུལ་ཁང་བསྒྱུར་བཅོས་བསྐྱར་སྒྲིག་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། རིམ་པ་མང་བའི་ཞིང་ལས་འགན་བཅོལ་མ་ལག་འཐུས་ཚང་དུ་བཏང་ནས་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་འགན་བཅོལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་དགོས། ཞིང་སྡེའི་ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོ་སྣ་ཚོགས་ལ་རྡུང་རྡེག་ནན་མོ་གཏོང་དགོས། ཞིང་ལས་དང་འབྲེལ་བ་ཡོད་པའི་མ་དངུལ་རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞིང་པར་ཕན་པ་ཡོད་པའི་མ་དངུལ་གཡོ་ལེན་དང་བཀག་ཉར། གཞན་སྤྱོད་སོགས་ཀྱི་གནད་དོན་བཅོས་སྒྲིག་ཤུགས་ཆེན་བྱ་དགོས།
(ཉེར་བརྒྱད།)ཞིང་སྡེའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་དར་སྤེལ་གྱི་ཤེས་ལྡན་མི་སྣར་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱས་ནས་ཞིང་པའི་ལག་རྩལ་དང་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་སྡེའི་ཆེད་ལས་ཤེས་ལྡན་མི་སྣ་དང་དངོས་སྤྱོད་ཤེས་ལྡན་མི་སྣའི་དཔུང་ཁག་སྣ་ཚོགས་སྟོབས་ཆེར་གཏོང་དགོས། ཞིང་སྡེའི་བཟོ་པ་གསོ་སྐྱོང་བྱེད་པའི་བཟོ་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཐོན་ལས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ་ཞིང་ལས་དང་འབྲེལ་བའི་རིག་ཚན་དང་ཆེད་ལས་ལེགས་སྒྱུར་བྱ་དགོས། ཞིང་ལས་དང་འབྲེལ་བའི་ལས་རིགས་སློབ་གསོའི་ཆུ་ཚད་མཐོ་རུ་བཏང་ནས་ལས་རིགས་སློབ་གྲྭ་དང་ཞིང་ལས་ཁེ་ལས་སོགས་ཀྱིས་ཐོན་སྐྱེད་དང་སློབ་གསོའི་མཉམ་འབྲེལ་སྒྲིག་གཞི་འཛུགས་རྒྱུར་སྐུལ་མ་གཏོང་དགོས། “འདེགས་གསུམ་སྐྱོར་གཅིག”འཆར་གཞི་དང་། ཚན་རྩལ་ཆེད་མངགས་མི་སྣ། དམིགས་བསལ་ལས་གནས་འཆར་གཞི། སློབ་ཆེན་སློབ་མས་ནུབ་རྒྱུད་ལ་དང་བླངས་ཞབས་འདེགས་ཞུ་བའི་འཆར་གཞི་སོགས་གཞི་རིམ་ཞབས་ཞུའི་རྣམ་གྲངས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཞིང་སྡེའི་ཕུགས་འདུན་དོན་གཉེར་བྱེད་པའི་འཆར་གཞི་དང་གྲོང་གསེབ་དར་སྤེལ་གྱི་ན་གཞོན་བྱས་རྗེས་འཇོག་པའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས། ཚན་རྩལ་གླིང་ཆུང་ཆུང་ཞིང་སྡེ་རུ་གཞི་ཚུགས་ནས་ཞིང་པར་རོགས་རམ་དང་ཞིང་པར་ཕན་པ་ཐོབ་རྒྱུར་རྒྱབ་སྐྱོར་བྱ་དགོས། སློབ་ཆེན་སློབ་མའི་ཞིང་སྡེའི་སྨན་པའི་ཆེད་དོན་འཆར་གཞི་མུ་མཐུད་དུ་ལག་བསྟར་བྱ་དགོས། གྲོང་ཁྱེར་གྱི་ཤེས་ལྡན་མི་སྣས་ཞིང་སྡེ་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ་དཔྱད་བསྡུར་དང་གདན་ཞུ་སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།
(ཉེར་དགུ།) ནགས་ལས་དང་རྨོ་ཞིང་། མཁོ་འདོན་ཕྱིར་འཚོང་ཁང་སོགས་ཀྱི་བཅོས་བསྒྱུར་ལ་གཅིག་གྱུར་སྐུལ་འདེད་གཏོང་དགོས། ཐུན་མོང་ནགས་དབང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཤིང་སྡོང་གཅོད་པའི་དོ་དམ་ལམ་ལུགས་ལེགས་བསྒྱུར་བྱས་ཏེ། ཁེ་དབང་ལྡན་པའི་མིར་སྔར་ལས་ལྷག་པའི་སྒོ་ནས་ཤིང་སྡོང་གཅོད་པའི་ཁེ་ཕན་དབང་ཆ་གང་ལེགས་བསྩོལ་དགོས། རྨོ་ཞིང་གི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་རྒྱུ་ནོར་ལྟ་རྟོག་དོ་དམ་དང་ཀུང་ཟིའི་བཅོས་སྐྱོང་སོགས་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། རྒྱལ་དབང་ཞིང་བཀོལ་ས་ཞིང་གི་ཁེ་དབང་མ་ལག་འཐུས་ཚང་དུ་བཏང་ནས་དོ་དམ་བེད་སྤྱོད་ཚད་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས། མཁོ་འདོན་ཕྱིར་འཚོང་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་ཀྱི་ཆུ་རིན་གྱི་ཕྱོགས་བསྡུས་བཅོས་བསྒྱུར་དང་ཆུའི་བེད་སྤྱོད་དབང་ཆའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཆུ་བཀོལ་གྱི་དོ་དམ་ལ་ཤུགས་སྣོན་བྱས་ནས། བསྟུད་མར་ས་འོག་གི་ཆུ་ཚད་བརྒལ་བཅོས་སྐྱོང་བྱེད་པར་ཡར་སྐུལ་དང་ཆུ་གྲོན་ཆུང་གི་ལག་རྩལ་བེད་སྤྱོད་གཏོང་བ་ཁྱབ་གདལ་དུ་གཏོང་དགོས།
(སུམ་ཅུ།) ཞིང་ལས་སྤོ་བསྒྱུར་མི་གྲངས་གྲོང་ཁྱེར་སྡོད་དམངས་ཅན་དུ་བསྒྱུར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། སྤོ་བསྒྱུར་རྩིས་སྤྲོད་དང་འཛུགས་སྐྲུན་བྱེད་སའི་དམིགས་ཚད་ཇེ་མང་དུ་གཏོང་བ་དང་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་དངུལ་གཏོང་སོགས་ཞིང་ལས་སྤོ་བསྒྱུར་མི་གྲངས་གྲོང་ཁྱེར་སྡོད་དམངས་ཅན་དུ་བསྒྱུར་བར་ཟུང་འབྲེལ་བྱེད་དགོས། རྒྱལ་ཡོངས་སུ་ཡོངས་བསྒྲགས་གཅིག་གྱུར་གྱི་ཁྱིམ་མཐོའི་དོ་དམ་སྲིད་དོན་ཞབས་ཞུའི་སྟེགས་བུ་འཐུས་ཚང་དུ་གཏོང་བ་དང་། རྒྱུན་སྡོད་བྱེད་སར་ཁྱིམ་ཐོ་ཐོ་འགོད་བྱེད་པར་གཞི་རྩའི་སྤྱི་བའི་ཞབས་ཞུ་འདོན་སྤྲོད་བྱེད་པའི་ལམ་ལུགས་ཁྱབ་གདལ་དུ་གཏོང་དགོས། ཆ་རྐྱེན་ཡོད་པའི་གྲོང་ཁྱེར་གྱིས་རིམ་བཞིན་ལས་ཞུགས་འཚོ་བ་གཏན་འཇགས་ཡིན་པའི་ཞིང་ལས་སྤོ་བསྒྱུར་མི་གྲངས་དག་གྲོང་ཁྱེར་སྡོད་ཁང་འགན་སྲུང་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་འཇོག་པར་སྐུལ་མ་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་ཞིང་ལས་སྤོ་བསྒྱུར་མི་གྲངས་ཀྱི་འོས་འགན་སློབ་གསོའི་དུས་རིམ་ནང་བུ་བུ་མོ་དག་ལ་གནས་སྤོ་སའི་གཞུང་བཙུགས་སློབ་གྲྭར་ཞུགས་པའི་བསྡུར་ཚད་མཐོར་འདེགས་གཏོང་དགོས། ཕྱོགས་ཡོངས་ནས་ལས་ཞུགས་བྱེད་སར་འགན་སྲུང་ལ་ཞུགས་པའི་ཁྱིམ་ཐོའི་ཚད་བཀག་མེད་པར་གཏོང་དགོས། ཁྲིམས་ལྟར་གྲོང་ཁྱེར་དུ་གཏན་སྡོད་བྱས་པའི་ཞིང་བའི་ས་ཞིང་འགན་གཙང་ལེན་དབང་ཆ་དང་གཞི་སའི་བེད་སྤྱོད་དབང་ཆ། ཐུན་མོང་ཁེ་ཕན་གཞོགས་འདེགས་དབང་ཆ་བཅས་ལ་སྲུང་སྐྱོབ་བྱས་ཏེ། རང་མོས་ཅན་དང་རིན་པ་ཡོད་པར་ཕྱིར་འབུད་པའི་བྱེད་ཐབས་འཛུགས་པར་འཚོལ་ཞིབ་བྱེད་དགོས།
ཞིང་སྡེའི་ལས་དོན་བཟང་བོར་བསྒྲུབ་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པ་མངོན་འགྱུར་བྱེད་ན་གནད་འགག་ཏང་ལ་རག་ལས། ངེས་པར་དུ་འབད་བརྩོན་ལྷོད་མེད་ཀྱིས་ཞིང་གསུམ་གནད་དོན་ཐག་གཅོད་བྱེད་པ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་འཛིན་པའི་ཆབ་སྲིད་འགན་འཁྲི་དངོས་འབེབས་བྱེད་པ་དང་། མཁར་གྲོང་གི་གཅིག་འདྲེས་འཕེལ་རྒྱས་སྒྲིག་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ཞིང་བར་ཕན་པ་དང་ཞིང་བ་འབྱོར་ཕྱུག་ཏུ་གཏོང་བ། ཞིང་བར་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། བཟོ་སྐྲུན་ཁྲི་སྟོང་གི་ཉམས་མྱོང་ལ་སློབ་སྦྱོང་དང་དེ་བེད་སྤྱོད་བྱས་ནས་གཏིང་ཟབ་ཏུ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་དུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པར་སྐུལ་འདེད་གཏོང་དགོས། ལོ་རྒྱུས་ཀྱི་བཟོད་བསྲན་སྲུང་འཛིན་དང་། རང་ནུས་ཅི་ལྕོགས་དང་ནུས་པ་གང་ཡོད་སྒོས་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་དོན་དངོས་བྱ་བ་གཙོ་བོ་སྐོར་ཞིག་བཟང་བོར་བསྒྲུབས་ཏེ། ཞིང་བ་མང་ཚོགས་ཀྱིས་དངོས་སུ་ཚོར་བ་དང་དོན་དངོས་ཁེ་ཕན་ཐོབ་པར་བྱེད་དགོས། ཕྱོགས་ཡོངས་ནས་གཞི་རིམ་དུ་བསྐྱོད་པ་བཞིའི་ལམ་ལུགས་དངོས་འབེབས་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་མང་ཚོགས་ལམ་ཐིག་ཏུ་བསྐྱོད་ནས་ཏང་དང་མང་ཚོགས་སམ་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་དགོས། ཞིང་སྡེའི་དོན་དངོས་ནས་མགོ་བརྩམས་ཤིང་། ཞིང་བའི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པ་དང་། བྱ་བའི་བྱེད་ཐབས་ལེགས་བཅོས་བྱས་ནས། སྲིད་ཇུས་ལག་བསྟར་བྱེད་སྐབས་སྟབས་བདེ་ཅན་དང་གཅིག་ཆོད་ཅན་དུ་འགྱུར་བར་སྔོན་འགོག་བྱེད་དགོས། ས་ཁུལ་སོ་སོས་ལག་ལེན་འཚོལ་ཞིབ་དང་བཅོས་བསྒྱུར་གསར་གཏོད་ལ་སྐུལ་མ་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ཞིང་བ་མང་ཚོགས་ཀྱི་བརྩོན་སེམས་རང་བཞིན་ལ་སྐུལ་སློང་གང་ལེགས་བྱས་ནས། གྲོང་གསེབ་ཀྱི་ཕྱོགས་ཡོངས་དར་སྤེལ་གྱི་སྒུལ་ཤུགས་དང་གསོན་ཤུགས་སྐུལ་སྤེལ་བྱེད་དགོས།
ང་ཚོ་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཤིང་། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་ཁག་སེལ། དངོས་དོན་དམ་འཛིན། ཡུན་ཕན་བྱས་རྗེས་འཇོག་པ་བཅས་བྱས་ཏེ། ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ལས་རྨང་གཞི་སྔར་ལས་བརྟན་བརླིང་ཡོང་བ་དང་ཞིང་སྡེ་ས་ཁུལ་སྔར་ལས་དར་རྒྱས་འབྱུང་བ། ཞིང་བའི་འཚོ་བ་སྔར་ལས་ཡར་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་ཁ་གཏད་ནས་གོམ་སྟབས་བརྟན་པོས་མདུན་བསྐྱོད་བྱེད་དགོས།
བན་དེ་སྐྱབས་དང་སྐལ་བཟང་རྣམ་རྒྱལ། རིན་ཆེན་མཚོ། ལྷ་མོ་འཚོ།
ཤ་བོ་གསེར་མཚོ། བསོད་ནམས་ཚེ་རིང་བཅས་ཀྱིས་བསྒྱུར།