ཐབས་མང་མཉམ་སྤྱོད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས།
2025.03.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུ་གཙོ་ཐིག་ཏུ་བྱེད་པ་དང་། མི་རིགས་ཁུལ་ཁོངས་རང་སྐྱོང་གི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་རྒྱུན་མ་ཆད་པར་སྐུལ་འདེད་བཏང་ནས། མི་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཞེས་བསྟན་ཡོད།

དམངས་ཡོངས་ཀྱིས་བློ་གཅིག་སེམས་གཅིག་གིས་ཕུགས་འདུན་མངོན་འགྱུར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་རྒྱ་མཚོ་ལས་ཟབ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་རྒྱུ་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་མི་རིགས་མཐུན་སྒྲིལ་གྱི་གཞི་རྩ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་ཡིན་པ་དང་། མི་རིགས་སོ་སོ་སྤྱི་ལ་དབང་བའི་བསམ་པའི་ཁྱིམ་གཞི་ནི་གཞི་རྩ་ཇེ་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན། བསྟུད་མར་ཉིན་འགའི་རིང་ལ། འཐུས་མི་དང་ཨུ་ཡོན་ཚོས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་ནས་བརྗེ་རེས་དང་གྲོས་སྡུར་ཟབ་མོ་བྱས།

ཨུ་ཡོན་པད་ཁོས་བཤད་རྒྱུར། ཤར་ནུབ་རྒྱུད་མཉམ་ལས་དང་ཁ་གཏད་རོགས་སྐྱོར་གྱིས། རང་ཞིང་གི་མི་རིགས་ས་ཁུལ་གྱི་ཡུན་སྐྱོང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས། དཔེར་ན། ཕྱོགས་གཉིས་ཀྱིས་མཐོ་གནས་སྐུལ་འདེད་འོག མཚོ་སྔོན་ཞིང་ཆེན་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་གྲོང་ཁྱེར་དང་རྫོང་། ཡུལ་ཚོའི་འབྲེལ་འཛུགས་རོགས་སྐྱོར་གཙོ་ཐིག་ཏུ་བྱས་པ་དང་། སྡེ་ཁག་དང་ཐོན་ལས་གླིང་ཁུལ། སྨན་ཁང་། སློབ་གྲྭ ཁེ་ལས་དང་ལས་དོན་སྡེ་ཁག་སོགས་ཁྱབ་ཁོངས་མང་པོའི་རོགས་སྐྱོར་ཁ་གསབ་ཏུ་བྱས་པའི་འབྲེལ་འཛུགས་རོགས་སྐྱོར་མ་ལག་བཙུགས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་སོ་སོ་རུ་ ལས་གཉེར་བྱེད་བཞིན་པའི་མཚོ་སྔོན་གྱི་འཐེན་ཐུག་བྱ་བ་སྒྲུབ་མཁན་འབུམ་གཉིས་ནང་དུ་འདུ་བའི་མི་དག་ས་དེར་འདྲེས་པར་བྱེད་པ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། ལས་སྐྲུན་ཕྱུག་བསྒྱུར་བྱེད་པར་རོགས་རམ་བྱས། རང་ཞིང་གིས་ད་དུང་སེམས་ཞིབ་མོས་རྒྱལ་གཅེས་ཆོས་ལུགས་མི་སྣ་པེ་ཅིང་དུ་བསྐྱོད་པ་དང་ཧྲང་ཧའེ་དང་མགོ་ལོག་གི་ན་གཞོན་ལོ་ཆུང་གིས་ལག་སྦྲེལ་དཔུང་གཤིབ་བྱེད་པ། ཧྲན་ཏུང་དང་མཚོ་སྔོན་ཁྱིམ་ཚང་གཅིག་ཡིན་ཞེས་པ་སོགས་ཀྱི་མུ་འབྲེལ་བརྗེ་རེས་བྱ་འགུལ་རྩ་འཛུགས་བྱས་པ་དང་། ཡུལ་དངོས་འཚམས་འདྲི་དང་འབྲེལ་བཙུགས་མཐུན་འབྲེལ། རིག་གནས་དཔེ་ལྟ་སོགས་ཀྱི་རྣམ་པ་བརྒྱུད་དེ། གྲངས་ཉུང་མི་རིགས་མང་ཚོགས་དང་ཤར་དབུས་རྒྱུད་ས་ཁུལ་གྱི་མི་རིགས་སོ་སོའི་བར་གྱི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མ་ཆད་པར་ཇེ་བརྟན་དུ་བཏང་། 2025ལོར་སྐོར་ཐེངས་ལྔ་བ་དང་སྐོར་ཐེངས་དྲུག་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མི་བརྗེ་རེས་བྱེད་རྒྱུ་ཡིན་པ་དང་། དེའི་སྐབས་སུ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཁེ་ལས། ལས་བྱེད་པ། ཆེད་ལས་ལག་རྩལ་འཇོན་མིའི་གྲངས་ཀ་དང་གཞི་ཁྱོན་སྔར་ལས་རྒྱ་སྐྱེད་པར་བསམ་གཞིགས་བཏང་ཆོག་པ་དང་། ལྷག་པར་དུ་སྨན་བཅོས་དང་སློབ་གསོ་ཁྱབ་ཁོངས་ཀྱི་ཆེད་ལས་འཇོན་མིའི་མངག་གཏོང་བྱ་བར་ཤུགས་སྣོན་པ་དང་། རྐྱེན་སྲོལ་འཛུགས་སྐྲུན་དང་བྱ་བའི་སྟེགས་བུ་འཛུགས་པ། ཐོབ་ཐང་འགན་སྲུང་ལག་བསྟར་བཟང་བོ་བྱེད་པར་ཤུགས་སྣོན་པ། སྐྱེལ་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་ཁ་གཏད་རོགས་སྐྱོར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བྱེད་དགོས།

འཐུས་མི་ཝང་ཀའོ་ཏུང་གིས། ཧུའུ་ཀྲུའུ་རྫོང་ནི་རྒྱལ་ཡོངས་ཀྱི་ཧོར་རིགས་རང་སྐྱོང་རྫོང་གཅིག་པུ་ཡིན་ལ། ན་ནིང་རང་སྐྱོང་རྫོང་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་ལོ་ཡིན་ལ། ང་ཚོས་རྟེན་འབྲེལ་གྱི་མུ་འབྲེལ་བྱ་འགུལ་དེ་རིགས་སོ་སོའི་མང་ཚོགས་ཀྱིས་བརྗེ་རེས་འགྲོ་འོང་དང་མཉམ་འདྲེས་རྒྱ་ཆེར་བྱེད་པར་སྐུལ་འདེད་གཏོང་བའི་འདྲེན་བྱེད་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་པ་དང་། ལོ་འཁོར་བདུན་ཅུའི་གྲུབ་འབྲས་འགྲེམ་སྟོན་ཁང་སོགས་ལ་རྒྱབ་རྟེན་ནས། རིགས་སོ་སོའི་མང་ཚོགས་ཀྱིས་དངོས་སུ་མྱོང་ཚོར་ཉམས་མྱོང་བྱེད་པའི་ཁྲོད་ངོས་ལེན་ལྔ་ཇེ་དྲག་ཏུ་བཏང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་ནས་སྔར་ལས་ནུས་པ་ལྡན་པར་སྐུལ་འདེད་བཏང་། ཐེངས་འདིའི་སྲིད་གཞུང་བྱ་བའི་སྙན་ཞུ་ཡིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་ཐད་གསལ་འདེབས་རོགས་འདེགས་བྱས་པ་དང་། ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ཁ་ཕྱོགས་དང་དམིགས་འབེན་གསལ་བོ་བསྟན། ང་ཚོས་རྒྱུན་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། སྲིད་གཞུང་གི་བྱ་བའི་སྙན་ཞུའི་བཀོད་སྒྲིག་ལྟར། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བྱེད་པ་དང་། རང་འགུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད་འདྲེས་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཧུའུ་ཀྲུའུ་ཡི་གཏམ་རྒྱུད་རྒྱུན་མཐུད་ངང་བཟང་བོར་བཤད་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་འཛུགས་སྐྲུན་གྱི་གྲུབ་འབྲས་རྒྱུན་མ་ཆད་པར་སྲ་བརྟན་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱེད་པ་དང་། བདེ་སྐྱིད་པན་ཡན་དང་དམར་པོའི་ཧྲོང་ཧྲུའུ་སོགས་ལག་ལེན་སློབ་ཁྲིད་བཀོལ་སྤྱོད་བྱེད་པ། བསྐྱོད་པ་བཅུ་ཡི་བྱ་འགུལ་རྒྱ་ཆེར་སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མཉམ་འབྲེལ་བྱས་པའི་མཉམ་བསྲེས་འཕེལ་རྒྱས་ཀྱི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་ཧྭ་མི་རིགས་སྤྱི་ལ་དབང་བའི་བསམ་པའི་ཁྱིམ་གཞི་འཛུགས་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ས་བབ་དང་བསྟུན་ནས་ཧོར་རིགས་ཀྱི་ཚེམ་དྲུབ་དང་ཧུའུ་ཀྲུའུ་ཡི་ཁྱིམ་ལས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། མཉམ་དུ་དེང་རབས་ཅན་དུ་བསྒྱུར་བའི་ཚོད་ལྟ་དང་ཞི་མཛེས་གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ཇེ་མཐོར་གཏོང་དགོས་ཟེར།

འཐུས་མི་རིན་ཆེན་བཀྲ་ཤིས་ཀྱིས་བསྟན་དོན། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་རྒྱུ་ནི། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་ཐིག་འདིའི་བསམ་བློའི་འོད་ཟེར་ལྟ་བ་ཡིན། མགོ་ལོག་ཁུལ་གོང་འོག་ཡོངས་ཀྱིས་ཏང་གི་འགོ་ཁྲིད་ནམ་ཡང་མི་རིགས་བྱ་བའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ནམ་ཡང་ཁ་ཕྱོགས་ཡང་དག་བརྒྱུད་དེ་མདུན་དུ་བསྐྱོད་པར་ཁག་ཐེག་བྱས། ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་འགོ་ཁྲིད་དང་པོའི་བཟོ་སྐྲུན་དང་སེམས་ཤུགས་གཅིག་བསྡུས་ཀྱི་བཟོ་སྐྲུན་དུ་བརྩི་བ་དང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་རང་རྟོགས་དང་འགན་འཁྲི་ཁག་ཁུར་ཇེ་མཐོར་གཏོང་དགོས། ཡུལ་ཚོ་དང་གྲོང་རྡལ། སྡེ་བ། གཞིས་ཁུལ་དེ་མུ་མཐུད་དུ་འཛུགས་སྐྲུན་བྱ་འགུལ་གྱི་གཡུལ་ས་གཙོ་བོར་བརྩི་བ་དང་། ཁྱིམ་མཚེས་བཟང་བོ་བྱེད་རྒྱུ་དེ་འཛུགས་སྐྲུན་བྱ་བའི་འདྲེན་བྱེད་གལ་ཆེན་དང་བྱེད་ཐབས་སུ་བརྩིས་ནས། རྫོང་དང་རྫོང་བར་དང་། ཡུལ་ཚོ་དང་ཡུལ་ཚོ་བར། སྡེ་བ་དང་སྡེ་བ་བར། གཞིས་ཁུལ་དང་གཞིས་ཁུལ་བར་དུ་ཁྱིམ་མཚེས་བཟང་བོའི་གྲོགས་སྒྲིག་འཛུགས་སྐྲུན་བྱེད་པ་དང་། དུས་ཆེན་སྐབས་སུ་ཕན་ཚུན་འཚམས་འདྲི་བྱེད་པ་དང་ཐོན་སྐྱེད་ཐད་ནས་ཕན་ཚུན་རོགས་རེས་བྱེད་པ། རིག་གནས་ལུས་རྩལ་བྱ་འགུལ་མཉམ་སྤེལ་བྱེད་པ། གྲོས་ བྱས་ནས་གནད་དོན་ཐག་གཅོད་པ་སོགས་ཀྱི་བྱ་འགུལ་སྤེལ་ནས། ས་ཁུལ་སོ་སོ་དང་མི་རིགས་སོ་སོའི་བར་གྱི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། བསྣོལ་འདྲེས་རིགས་ཀྱི་མཐུན་སྒྲིལ་ཁྱིམ་གཞི་འཛུགས་སྐྲུན་བྱེད་པའི་བྱ་འགུལ་ཤུགས་ཆེན་པོས་སྤེལ་བ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་སྡོད་མཉམ་སློབ་དང་མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་བྱེད་པའི་སྤྱི་ཚོགས་གྲུབ་ཚུལ་དང་གཞིས་ཁུལ་གྱི་ཁོར་ཡུག་བསྐྲུན་པ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་བརྗོད་དོན་དུ་བྱས་པའི་གྲོགས་སྒྲིག་དང་ལག་སྦྲེང་དཔུང་གཤིབ། གཅིག་སེམས་གཅིག་འདྲེས། ཁྱིམ་ཚང་གཅིག་ཡིན་པ་སོགས་ཀྱི་རིམ་པ་མང་བ་དང་སྣ་མང་ཅན་གྱི་མི་རིགས་མནའ་འབྲེལ་བྱ་འགུལ་རྒྱུན་མཐུད་སྤེལ་བ། སྤྱི་ཐུན་ཞབས་ཞུ་དང་བསམ་པའི་རིག་གནས་ཀྱི་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རིགས་སོ་སོའི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་པོ་རུ་བརྩེ་ཟབ་འགྲིག་མཐུན་དང་ཕན་ཚུན་རོགས་རེས་བྱེད་པ་དང་། སུ་ཡང་སུ་དང་ཁ་འབྲལ་མི་ཐུབ་པ། སེའུ་འབྲི་བཞིན་དུ་མཐུན་སྒྲིལ་དམ་ཟབ་བྱེད་པའི་འཆམ་མཐུན་གྱི་སྣང་ཚུལ་ཧུར་ཐག་གིས་བསྐྲུན་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།