འོ་མའི་ལས་རིགས་ཀྱི་འཕེལ་རྒྱས་ལ་དཔྱིད་ཀྱི་འཚོ་སྟོབས་རྒྱས།
2025.03.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

དཔྱིད་རླུང་འཇམ་པོ་དང་བསྡོངས་ནས། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་ཡོད་པའི་མཚོ་སྔོན་ཁོན་ཡུས་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སི་རུ་སོང་བ་ན། འོ་མའི་ཐོན་སྐྱེད་འཁོར་ཁང་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་དང་སྒྲིག་ཆས་ཀྱི་གསལ་བརྡ། འདྲུད་སྐྱེལ་གྱི་ཐག་སྒྲ་བར་མེད་དུ་སྒྲོག་བཞིན་འདུག

སྔོན་ཐོན་གྱི་ཐོན་སྐྱེད་སྒྲིག་ཆས་སྟེང་དུ་ཐོན་རྫས་ཀྱིས་ཁེངས་ཡོད་ལ། བཟོ་པ་རྣམས་ཀྱི་སེམས་ལ་སྟོབས་ཤུགས་ཀྱིས་ཁེངས་ཡོད། ལྷུ་ཚིགས་སོ་སོ་དམ་པོར་སྦྲེལ་ཞིང་ཕན་ཚུན་ལ་རམ་འདེགས་ལེགས་པོ་བྱེད་ཀྱིན་པའི་རྣམ་པ་དེས“ནན་གྱིས་བསྒྲུབས་ན་ཁེ་ལས་དར”ཞེས་པའི་སྐད་ཆ་དེར་འགྲེལ་བཤད་གང་ལེགས་བརྒྱབ་ཡོད་ལ། སྤུས་ལེགས་འོ་མ་ཐོན་སྐྱེད་བྱས་ཏེ་འཛད་སྤྱོད་པའི་དགོས་མཁོ་བསྐང་བའི་ཐད་ནུས་ཤུགས་ཡོད་རྒུ་འདོན་བཞིན་ཡོད།

ཁེ་ལས་ཀྱི་ཕྱིར་བཙོང་ཚོང་གཉེར་པ་ཤེལ་དཀར་སྒྲོལ་མས་དགའ་སྤྲོའི་ངང“ང་ཚོས་ཕན་མཐོའི་ཐོན་སྐྱེད་དང་སྤུས་ཚད་ཚོད་འཛིན་གཞི་གཅིག་ཅན་གྱི་འོ་མའི་ཐོན་སྐྱེད་བྱེད་ས་ཞིག་ཧུར་བརྩོན་གྱིས་བསྐྲུན་ནས། འོ་མ་ཐིགས་པ་རེ་རེའི་ནང་དུ་དག་མ་དག་རྐྱང་གི་འཚོ་བཅུད་འདུས་སུ་བཅུག་ཡོད”ཅེས་བཤད་པ་དང་། “ཚན་རྩལ་གྱི་སྡོངས་གྲོགས་འོག ང་ཚོས་རང་འགུལ་ཅན་གྱི་ཐོན་སྐྱེད་སྒྲིག་ཆས་བཀོལ་ཡོད་པས། ཉིན་རེར་འོ་མ་ཏུན10རེ་ཐོན་སྐྱེད་བྱེད་ཐུབ”ཟེར།

བཟོ་པས་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་དང་རྨ་ལྷོ་རང་ཡུལ་ནས་ཉོས་ཡོང་བའི་འབྲི་མོའི་འོ་མ་ལྕགས་ཟོ་ཆེན་པོའི་ནང་དུ་བླུགས་པ་དང་། ལྕགས་ཟོའི་ནང་གི་དྲོད་ཚད་དམའ་བས་འོ་མའི་སྤུས་ཀར་གནོད་འཚེ་མི་ཐེབས་པ་རེད། འདི་ནི་ཐོན་སྐྱེད་བརྒྱུད་རིམ་ཁྲོད་ཀྱི་མགོ་རྩོམ་ས་ཡིན་ལ། སྤུས་ཀར་འགན་སྲུང་བྱེད་པའི་གནད་འགག་གི་གོ་རིམ་ཞིག་ཀྱང་རེད།

འོ་མ་ལྕགས་ཟོ་ནས་ཕྱིར་བཞུར་སྐབས་འོ་ཚགས་ཉིས་བརྩེགས་བརྒྱུད་དགོས་པས་མི་གཙང་བ་རྣམས་ཤུལ་དུ་ལུས་ཡོད། འཁོར་ཁང་གི་ལག་རྩལ་པ་ཀྲང་ཀྲི་ཧུན་གྱིས“མི་གཙང་བ་རྣམས་གཙང་མར་བཙགས་ན་ད་གཟོད་འཛད་སྤྱོད་པ་རྣམས་ཀྱིས་འོ་མ་གཙང་མ་འཐུང་ཐུབ”ཟེར།

དེའི་རྗེས། བཟོ་པ་རྣམས་ཀྱིས་བཙགས་རྗེས་ཀྱི་འོ་མ་གཙང་མ་དེ་སྡེབ་ཁ་ལྟར་སྡེབ་དགོས་ལ། དེ་ནས་འོ་མ་བསྐོལ་ཏེ་དུག་སེལ་བྱེད་དགོས། འོ་མ་ལྷོག་ལྷོག་ཏུ་གདུ་རུ་བཅུག་ན་ད་གཟོད་གནོད་ལྡན་དངོས་པོ་ཡོངས་སུ་བསངས་ཐུབ་ལ། དུས་མཚུངས་སུ། འོ་མའི་འཚོ་བཅུད་དང་བྲོ་བའང་གང་ཐུབ་ཀྱིས་སོར་འཇོག་བྱེད་ཐུབ།

དེ་ནས། གཏན་འཁེལ་གྱི་ཤོངས་ཚད་ལྟར་ཆུ་ཤོག་ནང་དུ་བླུག་པ་དང་མཉམ་དུ་འོ་མ་གང་རེ་བླུགས་ཡོད་པའི་ཁུག་མ་རེ་རེ་ཕྱི་ཐུམ་བརྒྱག་སར་ཐོན་པ་དང་། བཟོ་པ་རྣམས་ཀྱིས་བྱང་ཆ་ལྡན་པའི་སྒོ་ནས་ཁུག་མའི་སྟེང་དུ་ཤོག་བྱང་སྦྱར་རྗེས་ཤོག་སྒམ་ནང་དུ་འཇུག་པ་སོགས་བརྒྱུད་རིམ་ཧྲིལ་པོར་གོ་རིམ་ལྡན་པས་ནོར་འཁྲུལ་འབྱུང་མི་སྲིད། འོ་མ་ཕྱི་ཐུམ་བརྒྱག་འགན་འཁུར་ཡོད་པའི་དབྱངས་ཅན་མས“ཕྱི་ཐུམ་བརྒྱག་པ་ནི་ཐོན་རྫས་ཀྱི་ཆེས་མཐའ་མཇུག་གི་གོ་རིམ་དེ་ཡིན་པས། ང་ཚོས་ཕྱི་ཐུམ་ལེགས་པོར་བརྒྱབ་སྟེ་འོ་མའི་ཐོན་རྫས་དེ་མིག་ལ་མཛེས་པ་ཞིག་ཏུ་བཏང་རྗེས་ཚོང་རར་སྐྱེལ་ཡོད་ལ། དེ་ཡང་འཛད་སྤྱོད་པར་ཁས་བླངས་པའི་དམ་བཅའ་ཞིག་ཡིན”ཟེར།

ཁེ་ལས་ཀྱིས་འོ་མའི་ཡོང་ཁུངས་ལ་ནན་ཏན་གྱིས་ཚགས་བཤེར་བྱས་ཡོད་ལ། ཐོན་སྐྱེད་གོ་རིམ་ཁྲོད་དུ་ལས་རིམ་རེ་རེ་བཞིན་བརྒྱུད་དེ། ཐོན་རྫས་ཀྱི་སྤུས་ཀར་དེ་བས་ཀྱང་ཁག་ཐེག་བྱས་ཡོད། ཁེ་ལས་ཀྱིས་འོ་མ་ཁུག་མ་རེ་རེའི་སྤུས་ཀ་བརྟན་པོར་བསྲུངས་ཏེ། འཛད་སྤྱོད་པའི་བདེ་ཐང་ལ་འགན་ཁུར་ཡོད།

འོ་མའི་ཐོན་རྫས་གཉེར་དོན་ཅི་ཡིན་པའི་སྐོར་གླེང་དུས། ཤེལ་དཀར་སྒྲོལ་མས“ཞིང་ཆེན་ཡོངས་ཀྱི་གྲོས་ཚོགས་གཉིས་ཀྱིས་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་ཡོད། 《སྲིད་གཞུང་བྱ་བའི་སྙན་ཞུ》ཡི་ནང་དུ་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་གནས་བསྐྲུན་པའི་དམིགས་འབེན་གསལ་པོར་བཏོན་ཏེ། ཁྱད་ལྡན་ཐོན་ལས་ཆེན་པོ་བཅུའི་ལོ་ངོ་གསུམ་གྱི་འགུལ་སྐྱོད་ལ་རིགས་བགོས་ནས་སྐུལ་འདེད་བཏང་བ་དང་། ལས་སྣོན་ཞིབ་མོ་དང་གསོག་ཉར་སོས་འཛིན། འཁྱགས་སྦྲེལ་ཟོང་སྐྱེལ་སོགས་ཤུགས་ཆེན་པོས་འཕེལ་རྒྱས་བཏང་ཡོད་པས། འོ་མའི་ལས་རིགས་ཀྱི་འཕེལ་རྒྱས་ལ་སྟོབས་ཤུགས་དྲག་པོ་བསྩལ་ནས་ང་ཚོར་སྔར་བྱུང་མ་མྱོང་བའི་གོ་སྐབས་མཐོང་དུ་བཅུག་ཡོད”ཅེས་གཟབ་ནན་གྱིས་དེ་ལྟར་བཤད།

ཤེལ་དཀར་སྒྲོལ་མས“ཚོང་ཁྲོམ་གྱི་དགོས་མཁོར་གཞིགས་ན། མི་རྣམས་ཀྱི་བདེ་ཐང་འདུ་ཤེས་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་སྟེ། སྤུས་ཀ་ལེགས་ཤིང་འཚོ་བཅུད་འཛོམས་པའི་ཟས་རིགས་ལ་བཅངས་པའི་རེ་བ་ཇེ་ཆེ་ནས་ཇེ་ཆེ་རེད། འོ་མར་ཀལ་དང་སྤྲི་དཀར་སོགས་མི་ལུས་ལ་ངེས་པར་མཁོ་བའི་འཚོ་བཅུད་ཀྱི་གྲུབ་ཆ་མང་པོ་འདུས་ལ། བདེ་ཐང་བཟའ་བཏུང་གི་གནད་འགག་གི་ཆ་དེ་འཛོམས་པས། ཚོང་རར་བཙོངས་ན་མདུན་ལམ་ཡག འདི་ནི་ང་ཚོ་འོ་མའི་ལས་རིགས་གཉེར་མཁན་ལ་མཚོན་ན་གོ་སྐབས་ཤིག་ཀྱང་རེད”ཟེར།

“ང་ཚོ་ཡོད་ས་འདི་ནི་རྨ་ལྷོ་ཁུལ་གྱི་ཕྱུགས་ལས་དར་རྒྱས་ཁུལ་ཡིན་པས། ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་དགེ་མཚན་ལྡན། ང་ཚོ་འོ་མའི་ཐོན་ཁུངས་སྤུས་ལེགས་ཁུལ་དུ་གནས་ཤིང་མཐའ་འཁོར་ཚང་མ་རང་བྱུང་རྩྭ་ཐང་ཡིན་ལ། སྤུས་ལེགས་གཟན་རྩྭས་ནོར་གནག་འཚར་ལོངས་འབྱུང་བར་ཁོར་ཡུག་ལེགས་པོ་བསྐྲུན་ཞིང་དེ་ལས་ཐོན་པའི་འོ་མའི་སྤུས་ཀའང་ཤིན་ཏུ་བཟང་བས། འོ་མའི་ཐོན་རྫས་ཐོན་སྐྱེད་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད། སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པ་དང་གནས་ཡུལ་གྱི་དགེ་མཚན་ལྡན་པས་འོ་མའི་ཐོན་རྫས་ཁྱབ་ཁོངས་ནས་ང་ཚོར་དབང་བའི་གནམ་ས་ཞིག་བསྐྲུན་ན། ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་བྱེད་གནས་བསྐྲུན་པར་རོགས་འདེགས་བྱེད་ཐུབ་པའི་ཡིད་ཆེས་དང་ཆོད་སེམས་ཡོད”ཅེས་ཤེལ་དཀར་སྒྲོལ་མར་ཡིད་ཆེས་ཀྱིས་ཁེངས་ཏེ་བཤད། “ང་ཚོས་ཐོན་སྐྱེད་བྱེད་ས་རྒྱ་བསྐྱེད་པའི་འཆར་གཞི་བཀོད་ཡོད། དེ་ནི་ལོ་ཚོད་མི་འདྲ་བ་དང་འཛད་སྤྱོད་མི་ཚོགས་མི་འདྲ་བར་འཚམ་པའི་འོ་མའི་ཐོན་རྫས་སྔར་ལས་མང་པོ་ཞིབ་འཇུག་གསར་གཏོད་བྱས་ཏེ། འཛད་སྤྱོད་པར་གདམ་ག་སྔར་ལས་མང་པོ་ཡོད་དུ་འཇུག་རྒྱུ་དེ་ཡིན”ཟེར།

ཁེ་ལས་ཀྱིས་རང་ཉིད་འཕེལ་རྒྱས་བཏང་བ་དང་མཉམ་དུ། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཅི་ཐུབ་བྱས་ཏེ་རང་ཡུལ་གྱི་ལས་ཞུགས་ཐད་བྱས་རྗེས་འཇོག་བཞིན་ཡོད། མིག་སྔར། འོ་མ་ཉོ་སྡུད་དང་ཁ་ལོ་པ། འཁོར་ཁང་གི་འཕྲུལ་འཁོར་བཀོལ་པ། ལག་རྩལ་པ། ཐུམ་བརྒྱག་པ་སོགས་འདུས་པའི་ལས་རྐང་མང་པོ་མང་ཚོགས་ལ་འདོན་སྤྲོད་བྱས་ཏེ། རང་ཡུལ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱས་ཏེ་ཕྱུག་འགྱུར་ལ་དངོས་གནས་སྣེ་འཁྲིད་བཞིན་ཡོད།

རེ་བས་ཁེངས་ཤིང་འཚོ་སྟོབས་རྒྱས་པའི་དཔྱིད་ཀ་འདིར་མཚོ་སྔོན་ཁོན་ཡུས་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སིས་དངོས་སྒྲུབ་དང་སྤུས་ཀར་བརྟེན་ནས་གཅན་ཚ་རྫོང་གི་འོ་མའི་ལས་རིགས་ཀྱི་འཕེལ་རྒྱས་ལ་ལེའུ་གསར་པ་འབྲི་བཞིན་ཡོད།

ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།