----རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས།
མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་རྒྱུ་ནི་ལོ་ངོ་སྟོང་གི་ཇུས་ཆེན་ཡིན་ལ། དེ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ལ་འབྲེལ་བར་མ་ཟད། མང་ཚོགས་དུང་ཕྱུར་ལྷག་གི་དམངས་ཚིས་བདེ་སྐྱིད་ལ་འབྲེལ་བ་ཡོད། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ལས་ནན་གྱིས་བསྟན་དོན། མཛེས་སྡུག་ཀྲུང་གོའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཡག་པོར་བཅངས་པའི་རེ་བ་གསར་བསྐང་དགོས། ང་ཚོས་ཆབ་སྲིད་ཀྱི་འགན་འཁྲི་དངོས་འབེབས་ནན་མོ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་བཟུང་སྟེ། ལངས་གནས་སྔར་ལས་མཐོན་པོ་དང་མཐོང་རྒྱ་སྔར་ལས་ཆེ་ཞིང་། ཤུགས་ཚད་སྔར་ལས་ཆེ་བ་བཅས་ལ་བརྟེན་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭའི་ཆུ་མཛོད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བཟང་པོ་བྱེད་ལ། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོ་བསྐྲུན་དགོས། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་ཀྱི་གལ་ཆེན་རང་བཞིན་དང་སྐྱེ་ཁམས་མ་ལག་གི་ཚོར་སྐྱེན་ཉམས་ཞན་རང་བཞིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུན་མཐུད་ཐུབ་པའི་རང་བཞིན་ལ་གཅིག་འདོམས་སྒོས་བསམ་གཞིགས་གཏོང་བ་དང་། རང་འགུལ་ངང་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པ་དང་དེར་ཞབས་འདེགས་ཞུ་བ། ཐཱན་ཉུང་སྦགས་འཕྲི་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལྗང་མདོག་ཚུར་སྒྱུར་ཇེ་མགྱོགས་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་མཛེས་སྡུག་མཚོ་སྔོན་འཛུགས་སྐྲུན་བྱེད་ལ། སྐྱེ་ཁམས་བྱེད་ནུས་ཀྱི་ཆེས་ཆེ་བ་མངོན་འགྱུར་བྱས་ནས། རྩ་བ་བརྟན་པོ་དང་ཡུན་རིང་ལ་ཕན་པ། རྒྱལ་ཡོངས་ལ་ཕན་པ་བཅས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་ཇི་མ་ཇི་བཞིན་དུ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ་ལས་ཐོག་མར་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་བཏོན་པ་ནས་ད་ལྟའི་བར། རྩེ་རིམ་ཇུས་འགོད་མུ་མཐུད་དུ་འཐུས་ཚང་གཏོང་བའི་ཁྲིད་སྟོན་འོག ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་རྒྱུན་མཐུད་སྒོས་གྲུབ་འབྲས་གསར་བ་བླངས་ཤིང་ཐོད་བརྒལ་གསར་བ་བྱུང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མཛུབ་ཁྲིད་འོག མཚོ་སྔོན་གྱི་ས་གཞི་ཆེན་མོར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན་དངོས་འབེབས་བྱས་པ་དང་། མཚོ་སྔོན་གྱི་ནམ་མཁའ་སྔར་ལས་དྭངས་ཤིང་ས་གཞི་སྔར་ལས་སྔོ་བ། ཆུ་བོ་སྔར་ལས་གཙང་བས། ལས་རིགས་སོ་སོར་ལྗང་མདོག་ཚུར་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་བཏང་། མཛེས་པའི་ཀྲུང་གོའི་སྔོན་སྐྱོད་ས་ཁུལ་འཛུགས་སྐྲུན་བྱེད་པ་ནི་ཕྱོགས་ཡོངས་ནས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་རྣམ་པ་གསར་བ་བསྐྲུན་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། ང་ཚོས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་གོ་གནས་གཙོ་བོ་འཇོག་པ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཁུལ་ཁོངས་ཀྱིས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཁྲོད་བྱེད་ནུས་གཙོ་བོ་འདོན་སྤེལ་ལེགས་པོ་བྱེད་ལ། མཛེས་པའི་ཀྲུང་གོའི་སྔོན་སྐྱོད་ས་ཁུལ་འཛུགས་སྐྲུན་བྱེད་པའི་ཚད་གཞི་མིག་དཔེ་དང་སྐུལ་ཁྲིད་ཁྲིད་སྟོན་བྱེད་ནུས་མངོན་པར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཐད་ཀྱི་ཤེས་རྟོགས་སྔར་ལས་ཇེ་ཟབ་ཏུ་གཏོང་བ། ཐོན་ལས་ཀྱི་གནས་བཞིའི་མཉམ་འདྲེས་འཕེལ་རྒྱས་ལམ་དུ་བསྐྱོད་པ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ཚན་རིག་ངེས་གནས་དང་། ཆབ་སྲིད་ཀྱི་མངགས་བཅོལ། འཕེལ་རྒྱས་ཀྱི་རེ་བཅོལ། ཡར་བརྩོན་གྱི་སྐུལ་སློང་བཅས་རྒྱུན་རིང་བའི་ལག་ལེན་དངོས་ལ་བསྒྱུར་ནས། མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ལྷད་མེད་རང་བཞིན་ལྡན་ལ་སྤུས་ཚད་སྔར་ལས་མཐོ་བ། སྔར་ལས་སྤུས་དག་ཡིན་པར་བྱེད་དགོས།
མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དེ་མཛེས་སྡུག་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་སྟེང་ཞིབ་ཕྲ་དང་དངོས་ཡོད་ཀྱིས་མངོན་པར་བྱེད་དགོས། སྔར་ལས་དག་གཙང་སྤུས་ལེགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་དང་། སྔར་ལས་རྒྱུན་མཐུད་བརྟན་བརླིང་གི་ལེགས་སྒྱུར་གྲུབ་འབྲས། སྔར་ལས་ཚན་རིག་དང་མཐུན་ཞིང་ནུས་པ་ལྡན་པའི་བཅོས་སྐྱོང་བྱེད་ཐབས་བཅས་ཀྱིས་ཇི་ལྟར་སྐྱེ་ཁམས་ཁོར་ཡུག་སྔོན་ལ་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཇི་ལྟར་སྔར་ཡོད་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་ལག་ལེན་གསར་གཏོད་དང་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གྲུབ་པར་བྱས་ཏེ། ཕྱོགས་ཡོངས་ནས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཉམས་མྱོང་ཕྱོགས་སྡོམ་དང་དམིགས་དཔེ་འཛུགས་དགོས། ང་ཚོས་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་ལངས་གནས་དམ་འཛིན་ནན་མོ་བྱེད་ལ། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་བྱེད་པའི་མ་ལག་འཐུས་ཚང་འཛུགས་པ་དང་། རྒྱལ་ཁབ་ཀྱི་ཚབ་བྱེད་རང་བཞིན་དང་འཛམ་གླིང་གི་ཤུགས་རྐྱེན་ནུས་པ་ལྡན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་དཔེ་བསྐྲུན་པ། སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་གི་རྣམ་པ་ཆེན་མོ་བསྐྲུན་པ། རི་ཆུ་ནགས་ཞིང་མཚེའུ་རྩ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་གི་རྐྱེན་སྲོལ་འཐུས་ཚང་འཛུགས་པ་དང་། བརྟན་བརླིང་རིམ་ལྡན་གྱིས་ཐཱན་རྩེར་སྙེག་དང་ཐཱན་སྙོམས་སྒྲིག་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་མཐོར་འདེགས་གཏོང་དགོས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པ་དང་། རི་གཉིས་ཀྱི་ཚུར་སྒྱུར་བརྒྱུད་ལམ་འཚོལ་ཞིབ་བྱེད་ལ། སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་གྱི་ཐབས་ལམ་རྒྱ་བསྐྱེད་དེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་ནས་མཛེས་པའི་ཀྲུང་གོ་དང་མཛེས་སྡུག་མཚོ་སྔོན་འཛུགས་སྐྲུན་བྱེད་པར་འཕྲད་པའི་སྒྲིག་གཞིའི་རང་བཞིན་དང་འབྱུང་རྩའི་རང་བཞིན། འཕེལ་ཕྱོགས་རང་བཞིན་བཅས་ཀྱི་གནོན་ཤུགས་ནུས་ལྡན་སྒོས་ཐག་གཅོད་བྱེད་ལ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས། དམངས་ཚིས་འཕེལ་རྒྱས་བཅས་ཀྱི་གཅིག་གྱུར་སྔར་ལས་མངོན་འགྱུར་ལེགས་པོ་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱིས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་མཚོ་སྔོན་གྱི་སྤྱོད་ཚུལ་མངོན་པ་དང་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།
ལྷ་མོ་འཚོས་བསྒྱུར།