ལོ་བ་སྡེ་བའི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་སོང་།
2025.03.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

དཔྱིད་ཀའི་དྲོད་འཇམ་གྱི་ཉི་འོད་ཁྲོད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྟ་མགྲིན་འགྲོ་ཞོར་དུ་སྡེ་མི་བཀྲ་ཤིས་ལ།  བཀྲ་ཤིས། ད་ལོ་ཁྱེད་ཚང་གི་རྒྱ་སྲན་གྱི་མྱུ་གུ་འབུས་ཚད་ཅི་འདྲ་རེད། དཔྱིད་ཚེས་བའི་སྐབས་དང་བསྟུན་ནས་མགྱོགས་མོར་ལུད་རྒྱག་དགོས་པ་བརྗེད་མི་རུང་ཞེས་བཤད་པ་ན།

བཀྲ་ཤིས་ཀྱིས་གདེང་ཚོད་ཡོད་པའི་སྒོ་ནས། ཧ་ཅང་ལེགས་པོ་འདུག  ན་ནིང་རྒྱ་སྲན་གྱི་ཐོན་འབབ་བཟང་བས་ད་ལོ་ངས་ཡང་བསྐྱར་འདེབས་རྒྱ་ཆེ་རུ་གཏང་རྩིས་ཡོད་ཅེས་ལན་བཏབ།

སྐབས་དེར་ཧྲུའུ་ཅི་རྟ་མགྲིན་གྱི་འགྲམ་ན་ཡོད་པའི་རྡོ་རྗེ་ཚེ་རིང་གིས་ཀྱང་ངེད་ཚང་གི་ཁུལ་ར་རྣམས་ཀྱང་གསོ་ཁ་ནས་འབུད་ལ་ཉེ་བ་དང་། མཉམ་ལས་ཁང་གི་མི་སྣས་བཤད་པ་ལྟར་ན། ད་ལོའི་རིན་གོང་ན་ནིང་ལས་ཀྱང་བཟང་ཟེར་གྱིན་འདུག་ཅེས་སྤྲོ་སེམས་དང་བཅས་བཤད།

དཔྱིད་མགོ་མའི་གསེར་མདོག་གི་ཉི་འོད་དྲོད་འཇམ་དང་བཅས་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཀ་རིང་བོད་རིགས་ཡུལ་ཚོའི་ལོ་བ་སྡེ་བར་འཕྲོས།  སྡེ་བའི་ཁང་གསར་དག་གིས་གསེར་མདོག་གི་སེང་རས་ཤིག་གྱོན་པ་དང་འདྲ་ཞིང་།ཁང་སྟེང་གི་སྐར་ལྔའི་དར་དམར་དག་རླུང་གི་རྒྱུ་བ་དང་བསྟུན་ནས་དལ་གྱིས་གཡོ་བས་སྡེ་བ་དེར་གསོན་ཤུགས་དང་རེ་སྨོན་གྱིས་ཁེངས་འདུག   ཟླ3པའི་ཚེས5ཉིན།སྡེ་བའི་རིག་གནས་ཐང་ཆེན་དུ་སྡེ་མི་རྣམས་མཉམ་དུ་འཛོམས་ཤིང་།  ཁོ་ཚོའི་ཁ་བརྡ་དང་དགོད་སྒྲའི་ཁྲོད་ད་ལོའི་ལོ་ལེགས་འབྱུང་བར་རེ་སྨོན་དང་མ་འོངས་བའི་བདེ་སྐྱིད་འཚོ་བར་བཅངས་བའི་ཡིད་སྨོན་གྱིས་ཁེངས་ཡོད།

ད་ལྟ་འདི་འདྲའི་གསོན་ཤུགས་དང་རེ་བས་ཁེངས་བའི་ལོ་བ་སྡེ་བ་ནི་ལོ་བཅུའི་སྔོན་དུ་འཕེལ་རྒྱས་ཅུང་དལ་བའི་རི་སྡེ་ཆུང་ཆུང་ཞིག་ཡིན་པ་ནི་སུ་ཞིག་གི་ཡིད་ལ་ཡང་འཆར་མི་སྲིད།

ལོ་བ་སྡེ་བ་ནི་ཞོན་ཧྭ་རྫོང་མཁར་གྱི་ལྷོ་ནུབ་རྒྱུད་དུ་ཆགས་ཡོད་པ་དང་།   ཆ་སྙོམས་མཚོ་འཕང་ལ་རྨིད་ཉིས་སྟོང་ཡོད་པ་དང་སྡེ་བ་ཡོངས་ལ་ཁྱིམ་ཚང་རེ་གཅིག་དང་མི་ཉིས་བརྒྱ་གོ་གཉིས་ཡོད། སྔོན་ཆད་ས་ཆ་འདིའི་ཕྱོགས་བཞི་རི་ཡིས་བསྐོར་ཡོད་པས་འགྲིམ་འགྲུལ་སྟབས་མི་བདེ་བ་དང་།  ལམ་ཡང་འདམ་གྱིས་བཀང་ཡོད་པས་སྡེ་མི་རྣམས་ཕྱི་རོལ་ཏུ་འགྲོ་བར་དཀའ་ཁག་ཤིན་ཏུ་ཆེ། སྡེ་བ་དེའི་ཐོན་ལས་གཙོ་བོར་སྲོལ་རྒྱུན་ཞིང་ལས་དང་ཁྱིམ་ཕྱུགས་ཉུང་ཙམ་གསོ་སྤེལ་བྱེད་བཞིན་ཡོད་པ་དང་། མི་རེའི་ལོ་རེའི་ཡོང་འབབ་སྒོར་སྟོང་གསུམ་ཡང་མེད་པར་མ་ཟད་དབུལ་བོའི་ཚད30%ལ་སླེབས་ཡོད།

ལོ་བ་སྡེ་བར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་མགོ་བརྩམས་པ་དེ་ནི།  ཐོག་མར་ལམ་ལས་མགོ་བརྩམས་པ་དང་ལྷག་པར་དུ་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག་གནད་འཁེལ་ཇུས་འགོད་ལས་མགོ་བརྩམས་པ་རེད།2015ལོར།ཏང་གི་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་དེ་དཔྱིད་ཀྱི་རླུང་བུ་དང་འདྲ་བར་ལོ་བ་སྡེ་བའི་གྲུ་ཟུར་སོ་སོར་ལྡང་བྱུང་།སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅུ་ཡིས་དངོས་སུ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འཛིན་གྲྭའི་ཁོངས་མི་ཁྲིད་ནས་ཁྱིམ་ཚང་རེ་རེར་བཅར་འདྲིར་སོང་པ་དང་། ཁོ་ཚོས་སྡེ་མི་རེ་རེའི་ཁྱིམ་དུ་སྡེ་བར་ལམ་ལས་བའི་དོན་སྙིང་གལ་ཆེན་གསལ་བཤད་བྱས་ནས་ལྷག་བསམ་དང་བཟོད་སེམས་ལ་བརྟེན་ནས་སྡེ་མི་ཚོའི་མིག་རྒྱང་རིང་དུ་བསྐྱེད།

སྡེ་བའི་ཏང་ཀྲི་པུའུ་ཡི་འབོད་སྐུལ་འོག་བབ་ཆགས་དང་ལས་ལ་བརྩོན་པའི་བོད་རིགས་མང་ཚོགས་རྣམས་ལས་ཀར་ཞུགས་པ་དང་། ཏང་ཡོན་རྣམས་ཀྱིས་དེ་བས་ཀྱང་བློ་སྤོབས་ཆེན་པོས་ཨར་ལས་བྱེད་ཡུལ་ནས་ཉིན་མཚན་དབྱེར་མེད་ཀྱིས་བྱ་བ་སྒྲུབ།  ལམ་ལས་བའི་ཆེས་གནད་འགག་གི་སྐབས་སུ་ཏང་ཡོན་བཀྲ་ཤིས་ཀྱི་རྐང་བར་རྨས་སྐྱོན་ཕོག་ནའང་ཁོས་རྨ་བཅོས་སྟབས་བདེ་ཞིག་བྱས་རྗེས་མྱུར་དུ་ཕྱིར་ལས་ཀར་ཞུགས་པ་དང་། ན་ཟུག་བཟོད་སྲན་བྱས་ནས་གནད་དོན་མང་པོ་ཞིག་ལེགས་སྒྲིག་དང་ཐག་གཅོད་བྱས།   ལོ་ཕྱེད་ཀྱི་རིང་ལ་ཧུར་ཐག་འབད་འཐབ་བྱས་པ་བརྒྱུད། མཐར་ལོ་བ་སྡེ་བས་ཨར་བཟོའི་ལམ་ཐོག་མ་ལེགས་འགྲུབ་བྱུང་བ་རེད།  དེའི་རྗེས་སུ་མུ་མཐུད་དུ་ཁྱིམ་ཚང་རེ་རེའི་ལམ་དང་ཞིང་ཁར་འཐེན་པའི་ཐོན་ལས་ལམ་སོགས་གསར་དུ་བསྐྲུན།

སྤྱིའི་རིང་ཚད་སྤྱི་ལེ15ལས་བརྒལ་བའི་ལམ་རྒྱ་དེ་ནི་སྦྲེལ་ཐག་སྲ་མོ་ཞིག་དང་འདྲ་བར་སྡེ་བ་དང་ཕྱི་ལོགས་གཉིས་དམ་པོར་སྦྲེལ་ཡོད། ལམ་ལས་ནས་ལེགས་འགྲུབ་བྱུང་རྗེས་ཐོན་ལས་ཀྱི་སྒོ་ཆེན་ཡང་དེ་དང་བསྟུན་ནས་འབྱེད་ཐུབ་པར་གྱུར། སྡེ་མི་གདུགས་དཀར་སྐྱིད་ཀྱིས་སྔོན་ཆད་ཀྱི་དོན་དག་ལ་ཕྱིར་དྲན་བྱེད་ཞོར་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། སྔོན་ཆད་ཞིང་བཏབ་ན་གཙོ་བོ་གནམ་ལ་བརྟེན་དགོས་པས་ལོ་མཇུག་ལ་སླེབས་ན་ཡང་སྒོར་མོ་མང་པོ་ཞིག་བཙལ་མི་ཐུབ་ཟེར།2016ལོར། སྡེ་བས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། སྡེ་བའི་ཏང་ཀྲི་པུའུ་ཡིས་སྡེ་མིས་རྒྱ་སྲན་དང་སྤུས་ལེགས་གྲོ་སོགས་འབྲུ་རིགས་འདེབས་པ་དང་ཁུལ་ར་དང་ནོར་སོགས་གསོ་སྤེལ་བྱེད་པར་ཧུར་བརྩོན་གྱིས་སྣེ་ཁྲིད་བྱས། ཡིན་ནའང་ཐོན་ལས་འཕེལ་རྒྱས་ཀྱི་དུས་མགོར་ལག་རྩལ་གསར་བ་དང་དཔེ་ཚུལ་གསར་བར་སྡེ་མི་ཚོ་དོགས་པ་ཟ་བཞིན་ཡོད།  དོགས་པ་དེ་མེད་པར་གཏང་ཆེད། ཡུལ་ཚོ་དང་སྡེ་བ་རིམ་པ་གཉིས་ཀྱི་སྣེ་ཁྲིད་འོག ཏང་ཡོན་གྱི་དཔེ་སྟོན་ཁྱིམ་ཚང་བསོད་ནམས་ཀྱིས་རང་འགུལ་སྒོས་ལག་རྩལ་གསར་པ་ཚོད་ལྟ་བྱས།ཁོས་བཏབ་པའི་རྒྱ་སྲན་ལ་བདག་སྐྱོང་ཞིབ་མོ་བྱས་ཏེ།འདེབས་འཛུགས་བྱས་པ་ནས་ཞིང་སའི་དོ་དམ་བར་གྱི་གོ་རིམ་ཡོད་ཚད་ཚགས་དམ་པོའི་སྒོ་ནས་ཆེད་མཁས་བའི་མཛུབ་སྟོན་དང་བསྟུན་པས།སྟོན་བསྡུའི་སྐབས་སུ་ཁོའི་རྒྱ་སྲན་གྱི་ཐོན་ཚད་ནི་སྲོལ་རྒྱུ་གྱི་འདེབས་འཛུགས་བྱེད་ཐབས་ལས་སུམ་ཆའི་གཅིག་ལྷག་གིས་མཐོ་བ་དང་། མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་དེས་སྡེ་མི་གཞན་པ་ཚོའི་ཡིད་སེམས་ཀྱང་དབང་མེད་དུ་བཀུག  སྡེ་བའི་མཉམ་ལས་ཁང་གིས་སྡེ་བའི་ཏང་ཀྲི་པུའུ་ཡི་མཛུབ་སྟོན་འོགཞིང་ཆེན་ན་མིང་གྲགས་ཆེ་བའི་ཞིང་ལས་ལག་རྩལ་ཆེད་མཁས་པ་གདན་ཞུ་བྱས་ནས་ཞིང་ཁ་ནས་ཞིང་ཚིགས་ཀྱི་སློབ་ཐུན་བསྐྲུན་ནས། ཆེད་མཁས་པས་འདེབས་འཛུགས་ལག་རྩལ་དང་ཤེས་བྱ་འཆད་ཁྲིད་བྱས།   མཉམ་ལས་ཁང་གིས་དེ་བས་ཀྱང་གན་རྒྱ་བཞག་ནས་མ་རྩ་ཁག་ཐེག་གི་བསྡུ་ཉོའི་ལམ་སྲོལ་བཙུགས་ཏེ། ཚོང་རའི་རིན་གོང་ལས་མི་དམའ་བའི་ཞིང་ལས་ཐོན་རྫས་ཉོ་ཐབས་བྱེད་པ་ལ་རྒྱབ་སྐྱོར་བྱེད་པ་ནི།  སྡེ་མི་རྣམས་ཀྱི་འཚོ་ཚིས་ལ་སེམས་བདེ་རིལ་བུ་སྦྱིན་པ་དང་འདྲ།

གདུགས་དཀར་སྐྱིད་ནི་མཉམ་ལས་ཁང་དུ་ཞུགས་པའི་ཞིང་ཁྱིམ་སྐོར་ཐེངས་དང་པོ་ཡིན་ལ། མོ་ཚང་གིས་འདེབས་འཛུགས་བྱས་པའི་མུའུ་ལྔ་ཅན་གྱི་སྲན་མྱུག་གིས་ན་ནིང་གི་ཡོང་འབབ་སྒོར་ཆིག་ཁྲི་གསུམ་སྟོང་ལྔ་བརྒྱ་ཟིན་ཡོད།  ཁེ་བཟང་ཐོབ་པའི་གདུགས་དཀར་སྐྱིད་ཀྱིས་ད་ལོར་འདེབས་འཛུགས་ཀྱི་གཞི་ཁྱོན་མུ་མཐུད་དུ་རྒྱ་བསྐྱེད་རྩིས་རེད།

ཧྲུའུ་ཅི་རྟ་མགྲིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན།  སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྡེ་བའི་ནང་གི་ཆུ་བེད་དགེ་མཚན་དང་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་།  སྤྱི་ཆིང་བཅོ་ལྔ་ཅན་གྱི་སྤུས་ལེགས་གྲོའི་སོན་བཟང་གསོ་སྐྱོང་གྱི་རྟེན་གཞི་སྤྱི་ཆིང་ཉེར་བདུན་ལ་རྒྱ་སྐྱེད་བཏང་།  སྤྱི་ཆིང་བརྒྱད་ཅན་གྱི་སྲན་མའི་དཔེ་སྟོན་འདེབས་འཛུགས་ཀྱི་རྟེན་གཞི་སྤྱི་ཆིང་བཅུ་རྒྱ་སྐྱེད་བཏང་སྟེ།  སྤྱི་ཆིང་གསུམ་དང་གྲངས་ཆུང་བཞི་ཡི་སྤུས་ལེགས་ཞོག་ཁོག་འདེབས་སྣོན་བྱས་ལ།  དེའི་རྨང་གཞིའི་སྟེང་སྤྱི་ཆིང་སོ་གསུམ་དང་གྲངས་ཆུང་བཞི་ཡི་སྤུས་ལེགས་གྲོའི་སོན་འདེབས་རྟེན་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ནས།  སྤྱི་ཆིང་བཅུ་ཡི་རྒྱ་སྲན་འདེབས་འཛུགས་གཏན་འཇགས་བྱས་ཏེ་ལོ་ཧྲིལ་པོར་ཡོང་འབབ་སྒོར་འབུམ་གཅིག་ལ་འཕར།

ཏང་ཡོན་ཚེ་བརྟན་གྱིས་སྣེ་ཁྲིད་དེ་སྔོན་ཐོན་གསོ་སྤེལ་གྱི་ལག་རྩལ་སློབ་སྦྱོང་དང་། རང་གྲོན་རང་གཏོང་གིས་གསོ་སྤེལ་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་ཕྱིར་ཡོང་སྟེ།  སྡེ་མི་དག་ལ་གསོ་སྤེལ་ལག་རྩལ་སོར་འཇོག་གང་ཡང་མེད་པར་མཉམ་སྤྱོད་བྱས།  ཏང་ཡོན་ཚེ་བརྟན་གྱི་སྣེ་ཁྲིད་འོག་ཏུ་སྡེ་བའི་ནང་ལ་གསོ་སྤེལ་ཁྱིམ་ཚང་ཆེ་གྲས་ཁག་ཅིག་གསོ་སྐྱོང་བྱས་ཡོད།  ཧྲུའུ་ཅི་ཚེ་བརྟན་གྱིས་ཀྱང་སྣེ་ཁྲིད་དེ་ཁུལ་རའི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་བྱས་ནས་དུས་ཡུན་ངེས་ཅན་ཞིག་གི་ནང་འཕེལ་རྒྱས་བྱུང་བ་དང་། མིག་སྔར་གསོ་སྤེལ་བྱེད་བཞིན་པའི་ཁུལ་ར་བཞི་བརྒྱ་ཡོད་ཅིང་།  སྡེ་མིའི་ཡོང་འབབ་འཕར་སྣོན་ཆེན་པོ་བྱུང་ནས་འཚོ་བ་ཡང་འབྱོར་ཕྱུག་ལྡན་པར་གྱུར།

བདེ་ཐང་དབུལ་སྐྱོར་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་། སྡེ་མིའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆའི་བརྒྱ་ཟིན་ལ།  ནད་བརྟག་རྩིས་ཞུའི་བསྡུར་ཚད་བརྒྱ་ཆའི་དགུ་བཅུ་ཡན་ཟིན་ཡོད།  སྡེ་བའི་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང་དང་། ཆེད་བསྐོས་གྲོང་ཚོའི་སྨན་པ།  འཕྲོད་བསྟེན་ཁང་གི་སྨན་རྫས་ཆ་ཚང་། སྨན་བཅོས་སྒྲིག་ཆས་སྔོན་ཐོན་བཅས་སྡེ་མི་ལ་ཡང་ཁྱིམ་ཚང་སྨན་པ་ཡོད་པ་དང་། སྡེ་མིས་སྒོ་ཁ་ནས་སྟབས་བདེའི་སྨན་བཅོས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱས།  གསར་དུ་བཙུགས་པའི་རིག་གནས་ཐང་ཆེན་དེ་ནི་གྲོང་མིའི་བསམ་པའི་དཔལ་ཡོན་གྱི་གཡུལ་ས་གསར་པར་གྱུར་ཡོད་ལ།  ས་སྲོད་ལ་སླེབས་དུས་ཚང་མས་འདི་ནས་སྐོར་བྲོ་འཁྲབ་པ་དང་བོད་གླུ་ལེན་པ་སོགས་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་སྤྲོ་བས་བརྟས།

ཏང་ཡོན་ཚེ་རིང་བཀྲ་ཤིས་ཀྱིས་དགའ་ཚོར་ཆེན་པོའི་ངང་ཏང་གི་བཀའ་དྲིན་བརྗེད་མི་རུང་།  ཏང་གི་རྗེས་སུ་འབྲང་ན་འཚོ་བ་སྔར་ལས་ཇེ་སྐྱིད་ཇེ་ལེགས་སུ་འགྲོ་ངེས་ཡིན་ཞེས་བཤད།

བབ་ཆགས་པའི་སྐད་ཆ་དེས་ལོ་བ་སྡེ་བའི་རྒྱ་ཆེའི་ཏང་ཡོན་དང་།  མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་དྲན་པའི་བརྩེ་བ་མཚོན་ཡོད། ལོ་བ་སྡེ་བའི་འགྱུར་ལྡོག་སྐོར་གླེང་སྐབས།  ཀ་རིང་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་མཱ་ཕུན་ལེ་ཡིས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་དམངས་བདེ་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་རྒྱལ་ཡོངས་ཀྱི་ཟ་ལར་རིགས་རང་སྐྱོང་རྫོང་གཅིག་པུ་འདིར་ལོ་འདབ་རྒྱས་ཏེ་འབྲས་སུ་སྨིན།  ལོ་བ་སྡེ་བའི་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་ནི།  གྲོང་གསེབ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་གསོན་ཤུགས་ལྡན་པའི་མཆན་འགྲེལ་ཞིག་ཡིན་ལ། བཤད་མི་ཚར་བའི་ལོ་བ་སྡེ་བའི་ངོ་མཚར་གྱི་གཏམ་རྒྱུད་འདི་དག་རེ་བས་ཁེངས་པའི་ས་ཆེན་གྱི་སྟེང་དུ་ཡལ་བ་མེད་པར། ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག་གི་རླབས་ཆེན་གྱི་སྟོབས་ཤུགས་མངོན་པ་དང་།  ཞོན་ཧྭ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་དང་།   དམངས་འཚོ་ལེགས་བཅོས། སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་པའི་མཛེས་སྡུག་ལྡན་པའི་ཁྱད་མཚར་གྱི་རི་མོ་བཀོད།

དངོས་སྦྱོང་སློབ་མ་རྡོ་རྗེ་རིན་ཆེན་དང་རྡོ་རྗེ་གཉིས་ཀྱིས་བསྒྱུར།