ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད།
2025.03.27 ཁུངས། ཀློག་གྲངས། 0

དོན་ཚན་དང་པོ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཡོངས་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་ལེགས་བཅོས་བྱེད་དགོས། གཞི་རིམ་རྟོག་ཞིབ་ལ་སོང་ནས་དོན་དངོས་གནས་ཚུལ་རྒྱུས་ལོན་དང་ཉམས་མྱོང་སྤྱི་སྡོམ།  གནད་དོན་ཞིབ་འཇུག དཀའ་ངལ་ཐག་གཅོད། བྱ་བར་མཛུབ་སྟོན་བཅས་བྱེད་པ་དང་། མང་ཚོགས་ལ་སློབ་སྦྱོང་དང་། ལག་ལེན་ལ་སློབ་སྦྱོང་། མང་ཚོགས་དང་མཉམ་དུ་བཞུགས་མོལ་མང་དུ་བྱེད་པ། ལས་བྱེད་པ་དང་མཉམ་དུ་ཁ་བརྡ་མང་དུ་བྱེད་པ། གྲོས་བསྡུར་དཔྱད་གླེང་མང་དུ་བྱེད་པ། དཔེ་གཞི་དབྱེ་ཞིབ་མང་དུ་བྱེད་པ། དཀའ་ཁག་དང་འགལ་བ་ཡོད་སར་མང་དུ་འགྲོ་བ། མང་ཚོགས་ཀྱི་བསམ་འཆར་ཡོད་སར་མང་དུ་འགྲོ་བ་བཅས་བྱ་དགོས། ཚུལ་ཙམ་འཛིན་པ་དང་། ཕྱི་ཚུལ་རིང་ལུགས་གཏན་འགོག་བྱ་དགོས། ཆས་ཡང་འཁོར་ཉུང་། འགྲོ་རོགས་ཇེ་ཉུང་དུ་གཏོང་པ་དང་སྣེ་ལེན་སྟབས་བདེ་བྱེད་པ། འཕྲེད་བྱང་མི་འགེལ་བ། མང་ཚོགས་ཀྱིས་སྐྱེལ་བསུ་མི་བྱེད་པ། མགྲོན་བསུའི་ས་གདན་མི་གདིང་བ། མེ་ཏོག་མི་འཇོག་པ། གསོལ་མགྲོན་མི་བཤམས་པ་བཅས་བྱ་དགོས།

དོན་ཚན་གཉིས་པ། ཚོགས་འདུའི་བྱེད་སྒོ་ཁུ་བསྡུ་བྱེད་དགོས། ཚོགས་སྲོལ་ལེགས་བཅོས་བྱ་དགོས། ཀྲུང་དབྱང་གི་མིང་ཐོག་ནས་རིགས་སོ་སོའི་རྒྱལ་ཡོངས་རང་བཞིན་གྱི་གྲོས་ཚོགས་དང་བྱེད་སྒོ་གལ་ཆེན་འཚོག་པར་ཚོད་འཛིན་ནན་མོ་བྱེད་དགོས། ཡང་དང་བསྐྱར་དུ་བྱ་བ་བཀོད་སྒྲིག་བྱེད་པ་དང་རེ་བ་འདོན་པའི་ཚོགས་འདུ་མི་འཚོག་པ། ཀྲུང་དབྱང་གི་ཆོག་མཆན་མེད་པར་སྒོ་འབྱེད་མཛད་སྒོ་དང་རྨང་འདིང་མཛད་སྒོ། རྟེན་འབྲེལ་ཚོགས་འདུ། རྗེས་དྲན་ཚོགས་འདུ། གཟེངས་བསྟོད་ཚོགས་འདུ། འགྲེམ་སྟོན་ཚོགས་འདུ། དཔྱད་གླེང་ཚོགས་འདུ་དང་བགྲོ་གླེང་གི་རིགས་ལ་ཞུགས་མི་ཆོག  ཚོགས་འདུའི་དོན་དངོས་ཕན་འབྲས་མཐོར་འདེགས་སུ་བཏང་ནས། ཚོགས་འདུ་ཐུང་ཞིང་སྐད་ཆ་ཉུང་དུ་འཇུག་དགོས་པ་དང་། སྟོང་གཏམ་དང་ཁ་ཡག་ངོ་དགའ་གཏན་འགོག་བྱེད་དགོས།

དོན་ཚན་གསུམ་པ། ཡིག་ཆ་དང་ཡིག་རིགས་ཁུ་བསྡུ་བྱེད་དགོས། རྩོམ་སྲོལ་ལེགས་བཅོས་ནན་མོ་བྱེད་དགོས། ནང་དོན་ངོ་མ་མེད་པ་དང་། སྤེལ་ཡང་ཆོག་ལ་མ་སྤེལ་ཡང་ཆོག་པའི་ཡིག་ཆ་དང་ཡིག་རིགས་གཅིག་ཀྱང་སྤེལ་མི་ཆོག

དོན་ཚན་བཞི་པ། འཚམས་འདྲིར་བསྐྱོད་པའི་བྱེད་སྒོ་ཚད་ལྡན་དུ་གཏོང་དགོས་པ་དང་། ཕྱི་འབྲེལ་བྱ་བའི་ཆེ་ཕྱོགས་དགོས་མཁོ་ལྟར་འཚམས་འདྲིའི་བྱེད་སྒོ་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་དགོས། འཚམས་འདྲིའི་འགྲོ་རོགས་མི་སྣ་གཟབ་ནན་གྱིས་ཚོད་འཛིན་བྱེད་པ་དང་། འགྲིམ་འགྲུལ་ཡོ་བྱད་གཏན་འབེབས་ལྟར་གཟབ་ནན་གྱིས་བཀོད་སྒྲིག་བྱེད་དགོས། ཀྲུང་གོ་དངུལ་གཏོང་ལས་ཁུངས་དང་ཕྱིར་སྡོད་རང་མི། ཕྱི་འགྲིམས་སློབ་མའི་འཐུས་མི་བཅས་གནམ་གྲུ་ཐང་དུ་སྐྱེལ་བསུར་ཡོང་བར་བཀོད་སྒྲིག་བྱེད་མི་ཆོག

དོན་ཚན་ལྔ་པ། སྐུ་སྲུང་གི་ལས་ཀ་ལེགས་བཅོས་བྱེད་དགོས། མང་ཚོགས་དང་འབྲེལ་འདྲིས་བྱེད་པར་ཕན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། འགྲིམ་འགྲུལ་བཀག་སྡོམ་ཇེ་ཉུང་དུ་གཏོང་པ་དང་། རྒྱུན་ལྡན་གྱི་གནས་ཚུལ་འོག་ལམ་བཀག་འགོག་མི་བྱེད་པ། མི་གཞན་པ་ཕྱི་རུ་མི་བདའ་བ་བཅས་བྱེད་དགོས།

དོན་ཚན་དྲུག་པ། གསར་འགྱུར་སྤེལ་སྒོ་ལེགས་བཅོས་བྱེད་དགོས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཞུགས་པའི་གྲོས་ཚོགས་དང་བྱེད་སྒོ་དག་བྱ་བའི་དགོས་མཁོ་དང་གསར་འགྱུར་རིན་ཐང་། སྤྱི་ཚོགས་ཕན་འབྲས་བཅས་ལ་གཞིགས་ནས་སྤེལ་དགོས་མིན་ཐག་གཅོད་བྱ་དགོས་ལ། གསར་འགྱུར་སྤེལ་བའི་ཁ་གྲངས་དང་ཡིག་གྲངས། དུས་ཚོད་བཅས་སྔར་ལས་ཇེ་ཉུང་དུ་གཏོང་དགོས།

དོན་ཚན་བདུན་པ། ཡིག་རིགས་སྤེལ་སྒོ་གཟབ་ནན་སྒོས་ལེགས་བཅོས་བྱེད་དགོས། ཀྲུང་དབྱང་ནས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པ་ཕུད། མི་སྒེར་གྱིས་བརྩམས་ཆོས་པར་སྐྲུན་དང་གཏམ་བཤད་དེབ་རྐྱང་པར་འགྲེམ་སོགས་བྱས་མི་ཆོག  རྟེན་འབྲེལ་ཞུ་ཡིག་དང་གློག་འཕྲིན་བཏང་མི་ཆོག   ཕྱག་བྲིས་དང་ཕྱག་ཡིག་གནང་མི་ཆོག

དོན་ཚན་བརྒྱད་པ།  གྲོན་ཆུང་བསྲི་ཚགས་ལྷུར་ལེན་བྱེད་དགོས། སྤྱོད་གཙང་སྲིད་གཉེར་གྱི་འབྲེལ་ཡོད་གཏན་འབེབས་གཟབ་ནན་གྱིས་བརྩི་སྲུང་བྱེད་དགོས་པ་དང་། སྡོད་ཁང་དང་རླངས་འཁོར་སོགས་འབྲེལ་ཡོད་བྱ་བ་དང་འཚོ་བའི་གླ་དངུལ་གཏན་འབེབས་གཟབ་ནན་གྱིས་ལག་བསྟར་བྱེད་དགོས།

 སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།