——རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ། མིའི་སྟེང་དངུལ་གཏོང་བྱེད་རྒྱུ་དེ་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཐོག་མར་བྲིས་ནས། ཆེ་ཕྱོགས་སྲིད་ཇུས་ཀྱི་དམངས་ཚིས་ཁྲིད་ཕྱོགས་ཇེ་དྲག་ཏུ་བཏང་བ་དང་། མ་དངུལ་དང་ཐོན་ཁུངས་སྔར་ལས་མང་པོ་མིའི་སྟེང་གཏོང་བ་དང་དམངས་ཚིས་ཐད་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་བ། ལས་ཞུགས་རྒྱ་སྐྱེད་པར་རྒྱབ་སྐྱོར་བྱེད་པ་དང་སྡོད་དམངས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པ་དང་ཁུར་བོ་ཇེ་ཡང་དུ་གཏོང་བར་སྐུལ་འདེད་གཏོང་བ། འཛད་སྤྱོད་སྐུལ་སློང་ལ་ཤུགས་སྣོན་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བསྒྱུར་གྱི་འཁོར་རྒྱུག་བཟང་བོ་གྲུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། མཐོ་སྒང་དུ་གནས་ཤིང་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པའི་མཚོ་སྔོན་ལ་མཚོན་ནས་བཤད་ན། མིའི་སྟེང་དངུལ་གཏོང་བྱེད་པའི་ཁྲིད་ཕྱོགས་ཀྱང་ཧ་ཅང་གལ་ཆེ་བ་དང་། དེའི་རྒྱུ་རྐྱེན་ནི་ས་ཁུལ་གྱི་དངོས་ཕུང་མ་རྩའི་བསྡུ་གསོག་གིས་འཕར་སྣོན་ལ་སྐུལ་བར་དོ་སྣང་མི་བྱེད་པ་མིན་པར། མ་རྩ་དང་ཐོན་ཁུངས་མིའི་འགན་སྲུང་དང་འཕེལ་རྒྱས་སྟེང་གཏོང་བ་བརྒྱུད་དེ། མིག་སྔར་གྱི་ནང་མཁོ་མི་འདང་བའི་འགྲན་སློང་ཐག་གཅོད་པ་མ་ཟད། མ་འོངས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་གི་གནད་འགག་གི་གོམ་སྟབས་གཅིག་ཡིན་པ་དང་། དེ་བཞིན་དུ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་གོམ་སྟབས་གཅིག་ཀྱང་ཡིན་ལ། དེའི་ཁྲོད་ཀྱི་བསམ་གཞིགས་དང་དོན་ཟབ་མོར་ང་ཚོས་དོ་སྣང་བྱེད་རིན་ཆེན་པོ་ལྡན་པ་དང་། དེ་ནི་རིན་ཐང་གི་བརྡར་གཅོད་ཡིན་པ་མ་ཟད། མངོན་སུམ་གྱི་བྲེལ་མྱུར་རང་བཞིན་ཡང་ལྡན།
དམངས་ཚིས་ཀྱིས་ནང་མཁོ་རྒྱ་སྐྱེད་པར་ཕན་འདོགས་པའི་ཐད་དོ་སྣང་བྱེད་དགོས། ད་ལོར་མཚོ་སྔོན་གྱིས་འཛད་སྤྱོད་དར་འཕེལ་གྱི་ཆེད་དོན་འགུལ་སྐྱོད་ལག་བསྟར་ཤུགས་ཆེན་བྱེད་པ་དང་། ཕྱོགས་གཅིག་ནས། ཡོང་སྒོ་འབྲིང་རིམ་དང་དམའ་བའི་མི་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པ་དང་ཁུར་བོ་ཇེ་ཡང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ངལ་རྩོལ་པའི་ཟླ་ཕོགས་རྒྱུན་ལྡན་འཕར་སྣོན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ལས་འཁྱུར་ངལ་གསོ་བྱས་པའི་མི་སྣའི་གཞི་རྩའི་རྒན་གསོ་དངུལ་འོས་འཚམ་སྒོས་ཇེ་མཐོར་གཏོང་བ། མཁར་གྲོང་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོ་དངུལ་དང་སྨན་བཅོས་འགན་སྲུང་གི་ནོར་སྲིད་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བ། སྤྱི་ཚོགས་འགན་སྲུང་གི་བདེ་འཇགས་དྲ་རྒྱ་ཇེ་དྲག་ཏུ་གཏོང་བ་མ་ཟད། སྡོད་དམངས་ཀྱིས་བཀོལ་སྒྲིག་བྱས་ཆོག་པའི་ཡོང་སྒོ་ཐད་ཀར་དུ་ཇེ་མཐོར་བཏང་ནས། འཛད་སྤྱོད་ནུས་པའི་གཞི་རྩའི་རྒྱུ་རྐྱེན་ཇེ་བརྟན་དུ་གཏོང་རྒྱུ་ཡིན་པ་དང་། ཕྱོགས་གཞན་ཞིག་ནས། ཤུགས་བསྣན་ཞིང་ཁྱབ་ཁོངས་རྒྱ་སྐྱེད་དེ་འཛད་སྤྱོད་ཐོན་རྫས་རྙིང་བ་གསར་བརྗེ་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ནོར་སྲིད་ཁ་གསབ་དང་ལྗང་མདོག་འཛད་སྤྱོད་ཀྱི་སྣེ་ཁྲིད་སོགས་ཀྱི་རྣམ་པ་བརྒྱུད་དེ་རིམ་སྤོར་མ་རྩ་ཇེ་དམའ་རུ་གཏོང་བ་དང་། འཛད་སྤྱོད་དེ་ལྟོ་གོས་རིགས་ནས་སྤུས་ཀའི་རིགས་སུ་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་སྟེ། འཛད་སྤྱོད་ཚད་རིམ་གྱི་མཐོར་འདེགས་དང་ཐོན་ལས་རིམ་སྤོར་གྱི་འཁོར་རྒྱུག་བཟང་བོར་སྐུལ་འདེད་གཏོང་རྒྱུ་རེད།
མི་ནི་འཛད་སྤྱོད་ཀྱི་གཙོ་གཞི་ཡིན་པར་མ་ཟད། འཕེལ་རྒྱས་ཀྱི་གཙོ་གཞི་ཡང་ཡིན། དམངས་ཚིས་བྱེད་ཐབས་རབ་དང་རིམ་པའི་ཁྲོད། མཚོ་སྔོན་དུ་དམངས་ཚིས་ཁྱབ་ཁོངས་ཀྱི་དངུལ་ཟོག་ལུགས་ཀྱི་རོགས་སྐྱོར་དེ་ནུས་སྐྱེད་ལུགས་ཀྱི་མི་སྐྱོང་དུབསྒྱུར་བའི་གནས་ཚུལ་མེད་པ་མིན་ལ། དཔེར་ན་མཚོ་སྔོན་གྱི་འཐེན་ཐུག་དང་གཙག་དྲུབས། ཧུའུ་ཀྲུའུ་ཡི་ཁྱིམ་ལས། ཏ་ཐུང་གི་ནད་གཡོག་སོགས་ཁྱད་ལྡན་ངལ་རྩོལ་ཚོང་རྟགས་དར་རྒྱས་གོང་འཕེལ་དུ་སོང་ཡོད། ན་ནིང་ནས་ད་ལོའི་བར་དུ། མཚོ་སྔོན་གྱིས་ཐོན་ལས་འཕེལ་རྒྱས་ནན་སྟོན་བྱེད་སྐབས་ལས་ཞུགས་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་འདོམས་དབྱུག་པ་ལྟ་བུར་བརྩི་རྒྱུ་ནན་སྟོན་བྱས་པ་དང་། མི་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་མ་དཔེ་དེ་མིའི་སྟེང་དངུལ་གཏོང་བྱེད་པའི་སྲོག་ཤིང་འདུ་ཤེས་དང་མཐུན། AIལག་རྩལ་གྱིས་སྲོལ་རྒྱུན་ལས་ཞུགས་ལ་གནོད་བྱེད་པ་དང་མི་གྲངས་གྲུབ་ཚུལ་གྱི་འགྱུར་ལྡོག་གིས་འཕེལ་རྒྱས་གཏན་ཚིགས་ཀྱི་ཚུལ་སྒྱུར་ལ་ལོག་འདེད་བྱེད་དུས། མིའི་སྟེང་དུ་དངུལ་གཏོང་བྱེད་པ་དེས་བྱིས་སྐྱེས་གསོ་བཅོལ་དང་སློབ་གསོ་འཚར་ལོངས། ངལ་རྩོལ་ལས་ཞུགས། རྒན་གསོ་ཞབས་ཞུ་སོགས་ཚེ་སྲོག་དུས་རིམ་མི་འདྲ་བའི་སྐབས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་ལ་དམིགས་ནས། ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ་དང་། མི་གྲངས་སྤྱིའི་བྱང་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། མི་གྲངས་ཀྱི་ཁེ་སྤོགས་དང་འཇོན་མིའི་ཁེ་སྤོགས་ཕྱིར་གཏོང་བཟང་བོ་བྱེད་རྒྱུ་དེ། མཁར་གྲོང་གི་སློབ་གསོའི་བར་ཐག་དང་རྩལ་ནུས་ཆེ་བའི་འཇོན་མི་དཀོན་པ་སོགས་ཀྱི་གནད་དོན་ཡོད་པའི་མཚོ་སྔོན་ལ་མཚོན་ན་ཧ་ཅང་གལ་ཆེ།
སྔོན་ནས་ད་བར་དུ། མཚོ་སྔོན་གྱིས་དམངས་ཚིས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། ནོར་སྲིད་ཆུང་བས་དམངས་ཚིས་ཆེན་པོ་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཚད་ཡོད་ཀྱི་ཐོན་ཁུངས་དེ་ཚོར་མྱོང་བྱེད་ཆོག་པའི་དམངས་ཚིས་དྲོད་ཁོལ་དུ་བསྒྱུར་བ་དང་། དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཐོ་སྒང་གི་འགྲེལ་བཤད་དངོས་མ་ཡིན། དམངས་ཕན་ཁྲོད་འཕེལ་རྒྱས་སུ་བཏང་བ་དང་། འཕེལ་རྒྱས་ཁྲོད་དམངས་ཕན་མངོན་འགྱུར་བྱས། དངུལ་གཏོང་ཐད་ནས་སྔར་ལས་ནུས་པ་ལྡན་པར་བྱེད་པ་དང་། མི་ཤུགས་མ་རྩའི་མཐོར་འདེགས་དང་འཛད་སྤྱོད་སྦས་ཤུགས་ཕྱིར་གཏོང་ལ་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་མ་ཟད། ད་དུང་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་ཇེ་མཐོར་གཏོང་བ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། སྟོབས་ཤུགས་ཆེར་སྐྱེད་དེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བདེན་ལུགས་ལ་འགྲེལ་བཤད་གསལ་བོ་བྱས།
རིན་ཆེན་མཚོས་བསྒྱུར།