----རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པ།
ད་ལོའི་ཚོགས་ཆེན་གཉིས་ཀྱི《སྲིད་གཞུང་བྱ་བའི་སྙན་ཞུ》ལས་བསྟན་དོན། “ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། མི་རིགས་ས་ཁུལ་གྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་ལ། མུ་མཐུད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བཞག་ལ་སྐུལ་འདེད་བཏང་ནས། མི་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། ”རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱིས་གནས་གསར་བ་ནས་མགོ་བརྩམས་ཏེ་ཏང་གི་དུས་རབས་གསར་བའི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བཀོད་སྒྲིག་གསར་བ་གནང་། མཚོ་སྔོན་ནི་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་མཉམ་འདྲེས་དང་། སྣ་མང་གཞི་གཅིག་གི་དཔེར་མཚོན་ས་ཁུལ་ཡིན་ལ། དུས་ཡུན་རིང་བའི་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་ཀྱི་སྲོལ་རྒྱུན་ནི་རུས་པའི་རྐང་ལ་ཟུག་པའི་བསམ་བློའི་སྙིང་སྟོབས་དང་། རིགས་སོ་སོའི་མི་དམངས་ཀྱིས་ཆེས་གཅེས་སྤྲས་བྱས་པའི་སྲོག་རྩ་ལྟ་བུར་གྱུར་ཡོད། མདུན་བསྐྱོད་ཀྱི་ལམ་བུའི་སྟེང་། ང་ཚོར་ངེས་ཤེས་ཟབ་མོ་ཞིག་ཐོབ་ཡོད་པ་ནི། མཚོ་སྔོན་དུ་མི་རིགས་བྱ་བ་མ་སྒྲུབ་ན་ཁྱོན་ཡོངས་དོན་གཉེར་བྱེད་མི་ཐུབ་པས། ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བྱས་ནས། མཚོ་སྔོན་གྱི་མི་རིགས་བྱ་བ་ལེགས་པོར་བསྒྲུབ་དགོས།
མཐུན་སྒྲིལ་ནི་དཀའ་ཁེག་ཐམས་ཅན་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཆེན་པོ་ཡིན་ལ། མི་སེམས་གཅིག་བསྡུས་དང་རླབས་ཆེན་བྱ་གཞག་གི་གལ་ཆེའི་འགན་སྲུང་ཡིན། དེ་དང་མཉམ་དུ། འཕེལ་རྒྱས་ནི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི་སྤྱིའི་ལྡེ་མིག་ཡིན་ལ། ལོ་མང་བོའི་རིང་། མཚོ་སྔོན་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཁོག་གཅིག་བསྡུས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་རིགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་དམངས་ཀྱི་འཚོ་བ་ལེགས་བསྒྱུར། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་སོགས་འཐབ་ཇུས་གལ་ཆེན་ལ་སྐབས་བསྟུན་མཉམ་འདྲེས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བྱ་བའི་མ་ལག་ཇུས་འགོད་དང་འཛུགས་སྐྲུན་བྱེད་པ། གནད་འགག་དམ་འཛིན་བྱས་ནས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་གཙོ་ཤུགས་གཅིག་བསྡུས་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་རིགས་སོ་སོའི་མི་རིགས་ཀྱི་འབྲེལ་འདྲེས་དང་མཉམ་ལས་མཉམ་འདྲེས་ཟབ་སྤེལ་བྱེད་པ། མི་རིགས་མཐུན་སྒྲིལ་དང་འབྲེལ་ཡོད་ཁྱབ་ཁོངས་མཉམ་འདྲེས་ཀྱི་འཕེལ་རྒྱས་བྱ་སྤྱོད་ལག་བསྟར་བྱས་ཏེ། སེ་འབྲུའི་འབྲུ་གུར་རྩ་བ་རྒྱས་ཤིང་མྱུ་གུ་འབུས་ནས་མཐུན་སྒྲིལ་གྱི་མེ་ཏོག་ཚོམ་ཚོམ་དུ་འབུས་ཡོད། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་རྒྱུན་ཆད་མེད་པར་ཕན་པ་ཐོབ་པ་བྱེད་དགོས།
འབད་བརྩོན་ལྷོད་མེད་བྱས་པར་བརྟེན། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྔོན་ལ་མངའ་ཁོངས་ཀྱི་གྲོང་ཁྱེར་དང་ཁུལ་ཡོངས་རྫོགས་དང་། རྫོང་རིམ་པའི93%ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་འཛུགས་ལེགས་འགྲུབ་བྱས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་ཕྱོགས་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ན་ནིང་གི་ལོར། མཚོ་སྔོན་གྱིས་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ལས་འགན་གྱི་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཉིས་ས་ཡ་ལྔ་དོན་འཁྱོལ་བྱས་ཡོད་པ་དང་། ན་ནིང་དང་བསྡུར་ན་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་བདུན་ཁྲི་དགུ་འཕར་ཡོད། སློབ་གསོ་དང་སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་སྲུང་བཅས་ཀྱི་མ་ལག་མུ་མཐུད་དུ་འཐུས་ཚང་བཏང་ཡོད། ཐུན་མོང་ཚོགས་པ13དང་མི་སྒེར15ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་ལེགས་ཐུན་མོང་དང་དཔེ་ལེགས་མི་སྒེར་དུ་གདམས་ཐོན་བྱུང་། ཞིམ་མངར་ལྡན་པའི་འཐེན་ཐུག་དང་། སོར་མོའི་རྩལ་ལས་ཐོན་པའི་འཚེམ་དྲུབ། ལྷ་བཟོའི་པིར་རྩེ་ལས་བྱུང་བའི་ཐང་ཀ ཡིད་དབང་ཅིག་ཅར་འཕྲོག་པའི་རི་ཆུའི་ཡུལ་སྐོར། སྙན་ཞིང་འཇེབས་པའི་དམངས་གླུ་དང་ངལ་བར་བརྩོན་པའི་རྔུལ་ཆུ་དག་ནི་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས། མི་སེམས་གཅིག་བསྡུས་བཅས་ཀྱི་མཚོན་རྟགས་སུ་གྱུར་ཡོད། དུས་དེ་རིང་། ཙོང་ཆུའི་འགྲམ་ངོགས་ནས་གཙང་གསུམ་མགོ་ཁུངས་དང་། གྲོང་ཁྱེར་གྱི་སྡེ་ཁུལ་ནས་གྲོང་གསེབ་དང་འབྲོག་ཁུལ་གྱི་མི་རིགས་མཐུན་སྒྲིལ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་འདྲེས་འཕེལ་རྒྱས་འགུལ་སྤྱོད་ལ་གསར་གཏོད་དང་སྐུལ་འདེད་བྱས་ལ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་ཕན་ཚུན་རོགས་རེས་དང་མཐུན་སྒྲིལ་དམ་ཟབ་སྒོས་མཛེས་སྡུག་གི་ཐུན་མོང་བསྐྲུན་པའི་ལས་དབང་གཅིག་མཐུན་ཚོགས་པ་གྲུབ་པར་བྱས་ཡོད།
རྨད་དུ་བྱུང་བའི་གྲུབ་འབྲས་འདི་དག་ནི་མཚོ་སྔོན་གྱི་མི་རིགས་ཁག་གིས་ཏང་གི་སྟོབས་ལྡན་མགོ་ཁྲིད་འོག་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་བྱས་པ་ལས་བྱུང་བ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་གྱི་གལ་ཆེའི་དགོངས་པར་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་དང་ལག་ལེན་བྱེད་དགོས་ལ། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བྱས་ཏེ། རིགས་སོ་སོའི་མི་རིགས་ཀྱི་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཆབ་སྲིད་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། མི་རིགས་ལས་དོན་ཁག་ཁྲིམས་ལྟར་བཅོས་སྐྱོང་བྱས་ཏེ། མི་རིགས་ལས་དོན་ཁག་གི་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་མཉམ་གནས་ཐུབ་པར་ཧུར་བརྩོན་སྒོས་སྣེ་ཁྲིད་བྱེད་དགོས། མི་རིགས་ཁག་ཕྱོགས་ཡོངས་ནས་ཟབ་ཞུགས་བྱེད་པ་དང་། མི་རིགས་ཁག་གི་འབྲེལ་འདྲེས་དང་མཉམ་ལས་མཉམ་འདྲེས་ལ་སྐུལ་འདེད་བྱེད་དགོས། མི་དམངས་ཀྱི་འཚོ་བ་ལེགས་བཅོས་དང་མི་སེམས་གཅིག་བསྡུས་བྱེད་པ་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མགོ་རྩོམ་ས་དང་དོན་ལ་འབབ་ས་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། རིགས་སོ་སོའི་མི་དམངས་ལ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ཕན་འབྲས་མཉམ་སྤྱོད་དང་། རིགས་སོ་སོའི་མི་དམངས་ལ་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བར་སྣེ་ཁྲིད་དེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་གཅིག་བསྡུས་བྱེད་པར་སྐུལ་འདེད་བཏང་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།