ཁྲིམས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་གྲུབ་འབྲས་བཟང་པོ་བླངས།
2025.04.07 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 5

མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པས་སྤེལ་བའི་དཔྱད་གཏམ། 

གནས་ལུགས་བཤད་པར་བརྟེན་ནས་ཁྲིམས་སྐྱོང་རྣམ་པ་ཞི་ལྷོད་དུ་བཏང་། ཀོས་ཀྲོའུ་ཞིང་ཆེན་རུང་ཅང་རྫོང་རིན་ལིས་ཧྲུའེ་རིགས་ཡུལ་ཚོ་ཧྲོའུ་ཁྲང་སྡེ་བའི“ལའོ་དབྱང་འདུམ་སྒྲིག་ཁང”གི་ར་སྐོར་ནང་དུ། སྔོན་ཆད་ཀྱི་སྡེ་བའི་ལས་བྱེད་རྒན་པ་དབྱང་ལགས་ཀྱིས་སན་ཝུའུ་སྡེ་བའི་སྡེ་མིར་ཁ་བརྡ་བྱས་ཏེ། ཁྱིམ་མཚེས་བར་གྱི་འགལ་བ་དང་རྩོད་གཞི་བསལ། ཉེ་བའི་ལོ་འགའི་རིང་ལ། རུང་ཅང་རྫོང་གིས་གྲོང་གསེབ་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་དང་ས་གནས་ཀྱི་མི་རིགས་རིག་གནས་གཉིས་ནུས་ལྡན་སྒོས་མཉམ་བསྲེས་དང་། ཚོ་དཔོན་དང་འགལ་རྩོད་འདུམ་སྒྲིག་བྱེད་པའི“འཇོན་མི”སོགས་ཀྱི་དཔུང་སྡེ་གསོ་སྐྱོང་བྱེད་པར་ཤུགས་སྣོན་པ། ས་གནས་ཀྱི་ཁྱད་ཆོས་ཡོད་པའི་འདུམ་སྒྲིག་ནང་རྐྱེན་གྲུབ་ཅིང་། འགལ་བ་སྣ་ཚོགས་ནུས་ལྡན་སྒོས་བསལ་ཏེ། མི་རིགས་མཐུན་སྒྲིལ་ལ་ཁྲིམས་སྐྱོང་གི་སྟོབས་ཤུགས་བསྩལ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀྱི་ཚེ་སྲོག་གི་སྲུང་ཐག”ཡིན་པ་དང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་གཙོ་ཐིག”ཡིན་པ་ནན་གྱིས་བསྟན་ཡོད། མཐུན་སྒྲིལ་ལ་སྐུལ་འདེད་དང་འཕེལ་རྒྱས་བརྩོན་པའི་གོ་རིམ་ཁྲོད། ཁྲིམས་སྐྱོང་རྨང་གཞི་བརྟན་པོར་གཏོང་བ་དང་། གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱེད་པ། ཁྲིམས་སྐྱོང་ལམ་དུ་མི་རིགས་བྱ་བའི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ན། རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་ངོས་ཟིན་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བར་སྣེ་ཁྲིད་པར་ཕན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་གོང་བུར་བསྒྲིལ་བར་སྐུལ་འདེད་གཏོང་ཐུབ།

མི་རིགས་མཐུན་སྒྲིལ་སྲ་བརྟན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པ་དེ། བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་གི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། དཔེར་ན།“ཀྲུང་ཧྭ་མི་རིགས”རྩ་ཁྲིམས་ཀྱི་ཁྲོད་འབྲི་བ་དང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པ”གསར་དུ་བཟོ་བཅོས་བྱས་པའི་ཁྲིམས་འཛུགས་བཅའ་ཁྲིམས་དང་ས་གནས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་སྲིད་གཞུང་གི་རྩ་འཛུགས་ཁྲིམས་ལུགས་སོགས་བཅའ་ཁྲིམས་ཁྲོད་བཀོད་ན། ས་གནས་མང་པོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་ཡིག་སྒྲིག་བཟོ་གཏན་འབེབས་བྱེད་པར་སྐུལ་འདེད་དང་། བཅའ་ཁྲིམས་ཀྱི་རྣམ་པར་བརྟེན་ནས་མི་རིགས་ཡར་ཐོན་ཐད་བླངས་པའི་གྲུབ་འབྲས་དང་བསགས་པའི་ཉམས་མྱོང་བརྟན་པོར་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《ཐག་གཅོད》ཀྱིས“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐུལ་འདེད་བཅའ་ཁྲིམས་སྒྲིག་བཟོ་གཏན་འབེབས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་སྟོབས་ལྡན་དུ་གཏོང་བ”བཅས་བྱེད་དགོས་པ་བཏོན་ཡོད། བཅའ་ཁྲིམས་དེ་སྒྲིག་བཟོ་གཏན་འབེབས་བྱས་པ་དེས། མི་རིགས་ས་ཁུལ་གྱི་རང་སྐྱོང་བཅའ་ཁྲིམས་བར་ཕན་ཚུན་གསབ་རེས་དང་སྐུལ་འདེད་བཏང་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པའི་བཅའ་ཁྲིམས་རྨང་གཞི་མཉམ་དུ་བརྟན་པོར་བཏང་ཡོད།

ཁྲིམས་འཛིན་ལག་ལེན་དེ་ཐོན་སྐྱེད་དང་འཚོ་བར་ཉེ་བར་བཅར་བ་དེས། རིགས་སོ་སོའི་མང་ཚོགས་ཀྱི་དྲང་བདེན་དྲང་གཞག་ཐོབ་པའི་སྣང་བར་ཐད་ཀར་དུ་ཤུགས་རྐྱེན་ཐེབས་པ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱེད་པའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད། 2024ལོར་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་མི་སྒེར་ཁྲོད་ཁྲིམས་འཛིན་གྱི་བྱ་བ་སྒྲུབ་མཁན་གང་མང་ཞིག་ཡོད། ཏག་ཏག་ཁྲིམས་འཛིན་གྱི་བྱ་བ་སྒྲུབ་མཁན་ཕུལ་བྱུང་ཅན་དེ་དག་གིས་བཅའ་ཁྲིམས་ལ་དྲོད་ཁོལ་བསྩལ་བ་དང་ཁྲིམས་སྐྱོང་ལ་མང་ཚོགས་ཀྱི་བརྩི་བཀུར་ཐོབ་ཏུ་བཅུག་སྟེ། ཁྲིམས་སྐྱོང་འཛུགས་སྐྲུན་ལ་མཐའ་འཁོབ་མི་རིགས་ས་ཁུལ་དུ་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་པར་ནུས་ལྡན་སྒོས་སྐུལ་འདེད་བཏང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་དང་། རིགས་སོ་སོའི་མང་ཚོགས་ཀྱི་རྒྱལ་ཁབ་འདུ་ཤེས་དང་སྤྱི་དམངས་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བར་སྣེ་ཁྲིད་དགོས།” རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་གཅིག་གྱུར་རང་བཞིན་དང་ཁྲིམས་སྐྱོང་འདུ་ཤེས་ལྡན་པར་བྱས་པས། རིགས་སོ་སོའི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་དངོས་གནས་རྒྱུས་ལོན་དང་གོ་བ་གཏིང་ཟབ་བླངས་ཏེ། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཇེ་ཟབ་དང་ཕ་ཡུལ་དང་རྒྱལ་ཁབ་ལ་བརྩེ་བ་ཟབ་མོ་ཆགས་སུ་བཅུག ཀོང་ཞི་ལའེ་པིན་གྱིས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ནང་དོན་དག་མི་རབས་ནས་མི་རབས་བར་ལེན་པའི་གླུ་དབྱངས་ཁྲོད་བཅུག་པ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་བཅའ་ཁྲིམས་ཀྱི་ཤེས་བྱ་ཡོད་པའི“ཁྲིམས་ཁྱབ་གླུ་དབྱངས”གསར་གཏོད་བྱས་པ་དང་མཉམ་དུ། སྤྱི་སྐད་དང་ཀྲོང་རིགས་གི་སྐད། ཡོ་རིགས་ཀྱི་སྐད་བཅས་སྤྱད་ནས། རིགས་མི་འདྲ་བའི“ཁྲིམས་ཁྱབ་གླུ་དབྱངས”འཁྲབ་སྟོན་བྱེད་པ་དང་། དོན་སྤྱིའི་རང་བཞིན་ལྡན་པའི་བཅའ་ཁྲིམས་བརྡ་ཆད་ཡུལ་བབ་དང་མཐུན་པའི་རྣམ་པར་བསྒྱུར། བྱེད་ཐབས་གསར་སྐྲུན་བྱེད་པ་དེ་ཁྲིམས་ཁྱབ་དྲིལ་སྒྲོག་གི་ཕན་ནུས་ཇེ་མཐོར་གཏོང་བར་ཕན་ལ། རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་སྐྱོང་ལ་བཅངས་པའི་དད་འདུན་ཇེ་ཆེར་འགྲོ་བར་ཡང་ཕན།

བཅའ་ཁྲིམས་ནི་ཚད་གཞི་ཞིག་ཡིན་ལ་རིག་གནས་ཤིག་ཀྱང་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་ཐིག་ལ་དམ་པོར་དམིགས་པ་དང་། ཚད་གཞི་དང་རིག་གནས་ཀྱི་སྟོབས་ཤུགས་བེད་སྤྱོད་ལེགས་པོ་བྱས་ན། མི་རིགས་མཐུན་སྒྲིལ་གྱི་གྲུབ་འབྲས་སྔར་ལས་བཟང་པོ་ལེན་ཐུབ་ལ། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་ཆགས་སྟངས་བརྟན་པོར་གཏོང་ཐུབ་པར་མ་ཟད། མི་རིགས་སོ་སོས་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་ཐུབ།

ཤ་བོ་རིན་མཚོས་བསྒྱུར།