གཞི་རིམ་རྩ་འཛུགས་འཛུགས་སྐྲུན་སྣེ་ཁྲིད་དུ་བྱས་ནས། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་གཞི་རྩ་རྒྱུན་མ་ཆད་པར་ཇེ་བརྟན་དུ་གཏོང་དགོས།
2025.04.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གཞི་རིམ་ཏང་རྩ་འཛུགས་ནི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་ཡིན་པས། གཞི་རིམ་དམ་འཛིན་བྱེད་པའི་མངོན་གསལ་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་བསྟན་པ་དང་། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་སྲིད་དབང་འཛུགས་སྐྲུན་བྱེད་རྒྱུ་དེ་མ་ལག་བཟོ་སྐྲུན་་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་ཏང་འཛུགས་ཀྱི་བཙན་རྫོང་བཟོ་སྐྲུན་བྱེད་ཐབས་སུ་བྱེད་པ། ཞན་ཆ་ཁ་གསབ་དང་ཉམས་ཞན་སྟོབས་བསྒྱུར། རྨང་གཞི་སྲ་བརྟན་དུ་གཏོང་བ་བརྒྱུད་དེ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་བསྒྱུར་བྱེད་པ། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱེད་པའི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་འགྱུར་བར་བྱས་ན། ད་གཟོད་ཏང་གིས་མི་རིགས་ས་ཁུལ་དུ་སྲིད་འཛིན་པའི་རྩ་འཛུགས་ཀྱི་རྨང་གཞི་རྒྱུན་མ་ཆད་པར་ཇེ་བརྟན་དུ་གཏོང་ཐུབ།

ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་རྒྱུན་འཁྱོངས་བྱེད་པ་སྣེ་ཁྲིད་དུ་བྱེད་པ་དང་།  བློ་སྒྲིལ་སེམས་སྐྱེད་བྱེད་པའི་སྟེང་ཤུགས་འདོན་དགོས། བསླབ་ནས་བཞིའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཏང་གི་གསར་གཏོད་གཞུང་ལུགས་སློབ་གསོའི་གསོ་སྦྱོང་འཆར་གཞི་ལག་བསྟར་ཟབ་མོ་བྱེད་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་སློབ་སྦྱོང་གསོ་སྦྱོང་དམ་འཛིན་བྱེད་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཆབ་སྲིད་བློ་དཀར་དང་ཕུགས་འདུན་ཡིད་རྟོན། སྒྲིག་ལམ་སྒྲིག་སྲོལ་གྱི་སློབ་གསོ་སྤེལ་བ། ཏང་གི་སློབ་གྲྭའི་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། གནས་ཚུལ་ལ་གཞིགས་ནས་འོས་འཚམ་གྱི་གསོ་སྦྱོང་ནང་དོན་དང་སློབ་སྦྱོང་གི་གཙོ་གནད་གཏན་ཁེལ་བྱེད་པ། རིམ་པ་བགར་བ་དང་ཁྱབ་ཁོངས་བགོས་ནས་ནུས་པ་དང་བྱང་ཚད་སྐྱེད་སྲིང་བྱེད་པ། རོང་འབྲོག་དམངས་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་བྱ་བ་ལག་བསྟར་བཟང་བོ་བྱས་ཏེ། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་གོ་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་རྒྱུན་མ་ཆད་པར་ཇེ་ཆེར་གཏོང་དགོས།

ཏང་གི་རྩོལ་ནུས་གཉིས་ཇེ་དྲག་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་གཙོ་གནད་དུ་འཛིན་པ་དང་། རྨང་གཞི་ཇེ་བརྟན་དུ་གཏོང་བ་དདང་གཞི་རྩ་སྲ་བརྟན་དུ་གཏོང་བའི་སྟེང་ཤུགས་འདོན་དགོས། ཏང་འཛུགས་དམ་འཛིན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བཟོ་སྐྲུན་དང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་གྲོང་སྡེ་སྟོབས་བསྒྱུར་བཟོ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྡེ་བའི་ལས་བྱེད་པའི་ནུས་པ་མཐོར་འདེགས་བཟོ་སྐྲུན་ལག་བསྟར་བྱེད་དགོས། སྡེ་བ་རིམ་པའི་ཚན་ཁག་གི་དུས་བར་མའི་འཁོར་རྒྱུག་དཔྱད་འཇོག་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། མུ་མཐུད་འགན་ཁུར་དང་གྲོས་གཞི་ལེགས་སྒྲིག གྲོས་གཞི་བཀོལ་སྤྱོད་ཐད་ཀྱི་སྤྱོད་དམིགས་མི་སྣའི་མིང་ཐོ་སོགས་གསལ་ཕྲ་གསུམ་འཐུས་ཚང་དུ་གཏོང་བ། སྔོན་དུ་སྐབས་བརྗེའི་སྔོན་གྱི་དཔྱད་འཇོག་བྱ་བ་སྤེལ་བ། སྡེ་བར་སོང་ནས་འགན་ཁུར་བའི་སློབ་ཆེན་པའི་འཇོན་མི་མཛོད་འཛུགས་པ། གྲོང་དཔོན་གྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་སྡེ་བའི་ཏང་ཀྲི་པུའུ་ཡི་འགན་ཁུར་བའི་བྱ་བའི་རྐྱེན་སྲོལ་འཚོལ་ཞིབ་དང་ལག་བསྟར་བྱས་ནས། 2026ལོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་སྐབས་བརྗེ་ཐད་ཀྱི་རྨང་གཞི་བརྟན་པོ་བཏིངས། དེ་དང་མཉམ་དུ། ཡུལ་ཚོ་དང་གྲོང་རྡལ་གྱིས་འགན་འཁྲི་ལག་བསྟར་བྱེད་པའི་དོན་བྱའི་གསལ་ཕྲ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། གཞི་རིམ་བཅོས་སྐྱོང་ཐད་ཀྱི་རང་ནུས་ཁྱབ་ཁོངས་ལས་བརྒལ་བའི་འགན་འཁྲི་ཕྲག་ཏུ་ལེན་པའི་འབུར་ཐོན་གནད་དོན་རྒྱུན་མཐུད་ངང་ཐག་གཅོད་དགོས།

གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དམིགས་འབེན་དུ་བྱེད་པ་དང་། སྟོབས་བསྒྱུར་ལེགས་བཀོལ་སྟེང་ཤུགས་འདོན་དགོས། གཞི་རིམ་བཅོས་སྐྱོང་གི་དྲ་རྒྱ་འཛུགས་པ་དང་། འབྲེལ་ཡོད་འགན་ནུས་སྡེ་ཁག་གི་ཞབས་ཞུ་དང་དོ་དམ། ཐོན་ཁུངས། སྟོས་ཤུགས་དེ་དྲ་མིག་ཅན་དུ་བསྡུ་རུབ་བྱེད་པར་སྐུལ་འདེད་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་དྲ་མིག་ཅན་གྱི་དོ་དམ་ཞབས་ཞུའི་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དྲ་གཅིག་ལ་གཅིག་གྱུར་དོ་དམ་དང་ཁོངས་ཡོངས་སུ་ཡོངས་ཁེབས་བྱེད་པ་མངོན་འགྱུར་བྱས་ནས། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་རྒྱུན་མ་ཆད་པར་ཇེ་བརྟན་དུ་གཏོང་དགོས། གཞིས་ཁུལ་གྱི་ཐོང་འགོད་གཉིས་དང་མཉམ་སྐྲུན་མཉམ་བཏོད་བྱ་བའི་རྐྱེན་སྲོལ་ལ་རྒྱབ་རྟེན་ནས། སྡེ་ཁག་གི་འགན་དབང་གསལ་ཕྲ་གཏན་ཁེལ་གསལ་བོ་བྱེད་པ། ཡུལ་དངོས་དྲ་ཐོག་ནས་མཉམ་འབྲེལ་སྒོས་ལག་བསྟར་བྱས་ཏེ། ཡུལ་ཚོ་གྲོང་རྡལ་དང་གཞིས་ཁུལ་གྱི་འགན་དབང་ཚད་ཡོད་དང་ཐོན་ཁུངས་མི་འདང་བའི་དཀའ་གནད་ཐག་གཅོད་བྱེད་དགོས། ཏང་འཛུགས་ཀྱིས་གྲོང་ཁྱེར་དང་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་བྱ་བའི་མ་ལག་རྒྱུན་མཐུད་ངང་ཟབ་སྒྱུར་བྱེད་པ་དང་། སྲང་ལམ་གཞིས་ཁུལ་དེ་སྲིད་འཛིན་གྱི་མཇུག་སྣེ་ནས་བཅོས་སྐྱོང་གི་ལྟེ་བ་རུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།