མཚོ་སྔོན་གྱིས་སློབ་སྦྱོང་སློབ་གསོའི་སྤྱི་ཚོགས་ལྟ་སྐུལ་པའི་དཔུང་སྡེ་འཛུགས་སྐྲུན་བྱས།
2025.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྒོས་སྤེལ་བ། མང་ཚོགས་ལ་བརྟེན་ནས་སློབ་གསོ་སྤེལ་བ་དང་། ཕྱོགས་སོ་སོའི་བསམ་འཆར་རྒྱ་ཁྱབ་ཉན་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སློབ་སྦྱོང་སློབ་གསོའི་སྤྱི་ཚོགས་ལྟ་སྐུལ་པ་བརྒྱ་ཡི་དཔུང་སྡེ་བཙུགས་ཏེ། སྤུས་འདེགས་ནུས་སྤེལ་ཐད་རོགས་ཤུགས་བཏོན།

སྤྱི་ཚོགས་ལྟ་སྐུལ་པའི་ཡོང་ཁུངས་རྒྱ་ཆེ་བ་དང་མཚོན་བྱེད་རང་བཞིན་ལྡན་པར་ཁག་ཐེག་བྱེད་པ་དང་། མི་ཚོགས་མི་འདྲ་བའི་བསམ་འཆར་དང་ཞུ་གཏུག་ཡར་ཞུ་གང་ལེགས་བྱེད་ཆེད། མཚོ་སྔོན་གྱིས་ཏང་གི་འཐུས་མི་དང་དམངས་ཆེན་གྱི་འཐུས་མི། སྲིད་གྲོས་ཨུ་ཡོན། ཟོང་སྐྱེལ་བ། གླ་གཏོང་རླངས་འཁོར་དང་དྲ་ཐོག་རླངས་འཁོར་གྱི་ཁ་ལོ་བ། དགེ་རྒན། སྨན་བཅོས་མི་སྣ། སློབ་མའི་ཏང་ཡོན། ལས་འཁྱུར་ངལ་གསོ་དང་ལས་བྲལ་བྱས་པའི་ལས་བྱེད་པ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མི། ལས་ཁུངས་ཀྱི་ལས་བྱེད་པ། ཁེ་ལས་དང་དངུལ་ཁང་གི་ལས་བཟོ་བ། སྨྱན་བྱད་ཀྱི་གསར་འགོད་པ། སྡེ་བ་དང་གཞིས་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་པ། ཏང་ཡོན་དཀྱུས་མ་སོགས་ཁྱབ་ཁོངས་བཅུ་དགུ་ནས་རིག་གནས་ཀྱི་ཆུ་ཚད་ངེས་ཅན་ལྡན་པ་དང་། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ། འཁུར་སེམས་ཆེ་བ། སྤྱོད་ཚུལ་བཟང་བ། ལྟ་སྐུལ་བྱེད་ཕོད་པ་དང་ལྟ་སྐུལ་བྱེད་ཤེས་པའི་ཏང་ཡོན་དང་ཏང་ནང་ཞུགས་པའི་ན་གཞོན་བརྩོན་སེམས་ཅན་བདམས་ནས་སྤྱི་ཚོགས་ལྟ་སྐུལ་པའི་འགན་ཁུར་དུ་བཅུག མི་སྣ་འདེམ་བསྐོ་ཐད་ནས་འོག་ནས་གོང་རིམ་དང་། གོང་འོག་ཟུང་འབྲེལ་གྱི་ངོ་སྤྲོད་གཉིས་དང་འདེམ་བསྐོ་གཅིག་གི་རྣམ་པ་སྤྱད་དེ། ཁུལ་དང་རྫོང་ནས་རིམ་པ་དང་ཁྱབ་ཁོངས་བགོས་ནས་སོ་སོར་མི་གསུམ་འོས་སྦྱོར་བྱས་པ་དང་། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཙུའུ། མི་དམངས་ཚོགས་པ། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གླིང་། ཞིང་ཆེན་ཁོངས་གཏོགས་ཁེ་ལས་བཅས་ཀྱིས་རང་སོ་སོའི་ལས་བགོས་འགན་གཉེར་ཁྱབ་ཁོངས་ལ་ཟུང་འབྲེལ་བྱས་ནས། སོ་སོར་མི་གཉིས་ངོ་སྤྲོད་བྱས། མི་སྣ་ཡོད་སའི་ཏང་རྩ་འཛུགས་ཀྱིས་ངོ་སྤྲོད་བྱས་པ་བརྒྱུད་དེ་ཐོག་མའི་འོས་མི་བདམས་ཐོན་བྱུང་བ་དང་། ངོ་སྤྲོད་སྡེ་ཁག་དང་འོས་མི་ཡོད་སའི་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་དོན་ཚན་ཁག་་མཉམ་འབྲེལ་རྩ་འཛུགས་དང་སྒྲིག་ཁྲིམས་ཞིབ་བཤེར། འཕྲིན་བཅར། སྤྱི་བདེ་སོགས་སྡེ་ཁག་གིས་ཆབ་སྲིད་ཀྱི་བྱང་ཚད་དང་བྱ་བའི་མངོན་རྟགས། འགན་སྒྲུབ་ནུས་པ་སོགས་ཕྱོགས་ནས་ཐོབ་ཐང་ཞིབ་བཤེར་བྱས། ཞིབ་བཤེར་བྱས་ནས་གྲོས་འཆམ་བྱུང་རྗེས། གྲོང་ཁྱེར་དང་ཁུལ་སོ་སོའི་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་དོན་ཚན་ཁག་དང་འབྲེལ་ཡོད་སྡེ་ཁག་གི་རྩ་འཛུགས་སྡེ་ཁག་གིས་རིམ་པ་བཞིན་ངོ་སྤྲོད་འོས་སྦྱོར་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་དོན་ཚན་ཁག་གིས་སྤྱི་ཁོག་ནས་གཅིག་འདོམས་བྱས་ཏེ། མཐའ་མཇུག་སྤྱི་ཚོགས་ལྟ་སྐུལ་པ་བརྒྱ་གཏན་ཁེལ་བྱས།

སྤྱི་ཚོགས་ལྟ་སྐུལ་པས་གཙོ་བོར་སྲིད་ཇུས་དྲིལ་སྒྲོག་དང་སྤྱོད་ཚུལ་ལྟ་ཞིབ། ཆ་འཕྲིན་སྡུད་རུབ། དམངས་བློ་བརྟག་དཔྱད། གནས་ཚུལ་ཡར་ཞུ་བཅས་ཀྱི་བྱ་བ་ལྔའི་འགན་འཁྲི་ཕྲག་ཏུ་ཁུར་བ་དང་། གནད་དོན་འཚོལ་བ་དང་གནད་དོན་ལ་དབྱེ་ཞིབ་བྱེད་པ། གནད་དོན་ཡར་ཞུ་བྱེད་པ། དག་ཐེར་ལེགས་བཅོས་བྱེད་པ། གྲུབ་འབྲས་དཔྱད་འཇོག་བཅས་ཀྱི་བྱ་བའི་འཁོར་རྒྱུག་གྲུབ་པར་བྱས། སྲིད་ཇུས་དྲིལ་སྒྲོག་ཐད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དྲིལ་སྒྲོག་བྱེད་པར་དོ་སྣང་བྱས་པ་དང་། སློབ་སྦྱོང་སློབ་གསོའི་དམིགས་འབེན་རེ་བ་དང་སྲིད་ཇུས་ཡིག་ཆ། བྱ་བ་སྤེལ་ཚད་དྲིལ་སྒྲོག་བྱས། སྤྱོད་ཚུལ་ལྟ་ཞིབ་ཐད་ནས་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པའི་བྱ་བའི་སྤྱོད་ཚུལ་དང་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་ཐག་གཅོད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལ་འགལ་བ་དང་དེ་ལག་བསྟར་བྱེད་པའི་སྒྲིག་སྲོལ་ཞིབ་ཕྲའི་དགོངས་པ། སློབ་སྦྱོང་སློབ་གསོ་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་སུ་གནས་པའི་འབུར་ཐོན་གནད་དོན་ལ་ལྟ་སྐུལ་བྱས། ཆ་འཕྲིན་སྡུད་རུབ་ཕྱོགས་ནས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དཀའ་གནད་དང་གནད་དོན་གལ་ཆེན་ལ་དམིགས་ནས། གཞི་རིམ་གྱིས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ཐད་ཀྱི་གྲོས་གཞི་བསམ་འཆར་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་སྡུད་རུབ་རྒྱ་ཁྱབ་བྱས། དམངས་བློ་བརྟག་བཤེར་ཐད་ནས་གཙོ་བོར་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་སློབ་སྦྱོང་སློབ་གསོ་བྱ་བ་སྣ་ཚོགས་ཐད་ཀྱི་ཡིད་ཚིམ་ཚད་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། དམངས་བློར་བརྟག་བཤེར་བྱས། གནས་ཚུལ་ཡར་ཞུ་ཐད་ནས་སློབ་སྦྱོང་སློབ་གསོའི་གནད་དོན་འཚོལ་སྟོན་དང་གཅིག་བསྡུས་བཅོས་སྐྱོང་། སྒོ་འབྱེད་སློབ་གསོ་སོགས་གནས་ཚུལ་ལ་ཁ་གཏད་དེ་རྗེས་འདེད་རྒྱུས་ལོན་དང་གྲུབ་འབྲས་ལ་དཔྱད་འཇོག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སློབ་སྦྱོང་སློབ་གསོའི་ཆེད་དོན་ཚན་ཁག་ལ་ཡར་ཞུ་བྱས།

སྤྱི་ཚོགས་ལྟ་སྐུལ་པར་ཞིང་ཆེན་ཏང་ཨུའི་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་དོན་ཚན་ཁག་གིས་གཅིག་གྱུར་སྒོས་དོ་དམ་བྱེད་པ་དང་། ཆེད་མི་གཏན་ཁེལ་བྱས་ནས་སྤྱི་ཚོགས་ལྟ་སྐུལ་པའི་བྱ་བའི་འགན་ཁུར་དུ་འཇུག་པ། དུས་ཐོག་ཏུ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུ་བ་དང་། ལས་སྒོའི་གསོ་སྦྱོང་སྤེལ་བ། འབྲེལ་ཡོད་བྱ་བའི་རྐྱེན་སྲོལ་འཛུགས་པ། སྐུལ་སློང་བྱེད་ཐབས་སྤྱོད་པ་བཅས་བྱས་ནས། བྱ་བའི་བརྩོན་སེམས་ཇེ་མཐོར་བཏང་། དེ་དང་མཉམ་དུ་སྟབས་བསྟུན་སྟབས་བདེའི་རྣམ་པ་བརྒྱུད་དེ་ཆ་འཕྲིན་འཚོལ་སྡུད་གཞི་གྲངས་མཛོད་བཙུགས་པ་དང་། དུས་ཐོག་ཏུ་གནད་དོན་དང་བསམ་འཆར་སྡུད་རུབ་དང་ཞུ་སྐྱེལ་བྱས་ལ། ཞིང་ཆེན་རིམ་པའི་ཆེད་དོན་ཚན་ཁག་གིས་ཕྱོགས་བསྒྲིགས་ནན་ཤད་བྱས་རྗེས་གྲོང་ཁྱེར་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་རིགས་མ་ལག་གི་གཙོ་འགན་སྡེ་ཁག་སོ་སོའི་ཏང་ཙུའུ་ཡི་སློབ་སྦྱོང་སློབ་གསོའི་བྱ་བའི་ཆེད་དོན་ཚན་ཁག་ལ་ཡར་ཞུ་བྱས་ནས། ཆ་འཕྲིན་འཐུས་ཚང་བ་དང་དུས་ཐོག་ཏུ་ཡར་ཞུ་བྱེད་པ། ལྟ་སྐུལ་ནུས་ལྡན་དང་ལག་བསྟར་ཤུགས་ལྡན་ཡིན་པར་ཁག་ཐེག་བྱས།

རིན་ཆེན་མཚོས་བསྒྱུར།