ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཉེ་སྔོན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གནད་དོན་བཅུ་སྤྱི་བསྒྲགས་བྱས་ལ། དཔེ་མཚོན་གནད་དོན་བསྟུད་མར་སྤྱི་བསྒྲགས་བྱས་པ་དེས་སྤྱོད་ཚུལ་ལྷོད་པ་མེད་པར་འཛིན་པའི་ཆོད་སེམས་མངོན་པར་མཚོན་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་སྤྱོད་ཚུལ་ལེགས་བཅོས་ཀྱི་མགོ་རྩོམ་ས་དང་སྐུལ་སློང་བཀའ་རྒྱ་ཡིན་ལ། ཡུན་རིང་དུ་གོ་ཆོད་པའི་སྒྲིག་སྲོལ་ནན་མོ་དང་སྒྲིག་སྲོལ་བརྟན་པོའང་ཡིན་པས། ཡུན་རིང་པོར་ལྷོད་པ་མེད་པར་བཟུང་སྟེ། སྤྱོད་ཚུལ་འཛུགས་སྐྲུན་གྱི“མིང་བྱང་སེར་པོ”འདི་སྔར་ལས་གསལ་བར་བྱེད་དགོས།
སྤྱོད་ཚུལ་གྱིས་མངོན་པ་ནི་སྣང་བརྙན་དང་སྤུས་ཚད་ཡིན་ལ། མཚོན་པ་ནི་ཏང་གཤིས་ཡིན། ལོ་འདི་འགའི་རིང་ལ། ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་བླངས་ཡོད། ཡིན་ནའང“གཞི་རིམ་ལ་རྟོག་ཞིབ་ཏུ་འགྲོ་སྐབས་རླངས་འཁོར་དུ་བསྡད་དེ་འཁོར་སྐྱོད་བྱེད་པ་དང་སྒེའུ་ཁུང་ནས་ཕྱི་རོལ་དུ་བལྟ་བ”དང“བཀའ་རྒྱ་དམ་པོ་རིམ་པ་བཞིན་བསྒྲགས་པ་དང་གན་རྒྱ་ཡི་གེ་རེ་རེ་བཞིན་བཞག་རྗེས་འགན་འཁུར་གཞི་རིམ་དུ་སྤོར་བ”བཅས་ཕྱི་ཚུལ་ཙམ་ལས་དོན་དངོས་ལ་མི་འཇུག་པ་སོགས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་སྔར་བཞིན་འབྱུང་གིན་ཡོད་པ་སེམས་ལ་གསལ་བོར་ངེས་དགོས། ས་ཆ་ཁ་ཤས་ནས་འབྱུང་བཞིན་པའི་ལྷོད་གཡེང་གི་གནད་དོན་འདི་དག་དང་། ཕྱོགས་ཁ་ཤས་སུ་སྣང་མེད་དུ་བསྐྱུར་བའི་གནད་དོན་ཡོད་པ། སྤྱོད་ཚུལ་མི་ལེགས་པ་ཡང་བསྐྱར་འབྱུང་བཞིན་པ་བཅས་ལ་གདོང་གཏོད་སྐབས། སྔར་ལས་དོགས་ཟོན་བྱེད་པ་དང་ནམ་ཡང་གཟབ་ནན་གྱིས་རིག་པ་བསྒྲིམས་ནས་སྤྱོད་ཚུལ་ནན་འཛིན་བྱེད་པའི་བྱ་བ་འདི་ལྷོད་གཡེང་དུ་གཏོང་མི་རུང་།
སྤྱོད་ཚུལ་གནད་དོན་ནི་མི་རྣམས་ཀྱི་བློ་ཁ་གཏད་ཕྱོགས་དང་ཐུག་ཡོད་པས། ཏང་གི་སྲིད་སྐྱོང་རྨང་གཞི་དང་འབྲེལ་ཡོད། སྤྱོད་ཚུལ་ནི་ལྐོག་གྱུར་ཞིག་མིན་པར། ཏང་ཡོན་རེ་རེ་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པའི་དངོས་ཡོད་བྱ་བའི་ཁྲོད་བྱེ་བྲག་གིས་མངོན་ཡོད་པ་དང་། དོན་དག་ཆེ་ཆུང་གང་རུང་ཐག་གཅོད་བྱེད་པའི་སྟེང་མཚོན་ཡོད། མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ལ་ལྟ་ཚུལ་ག་འདྲ་འཛིན་པའི་ཆེས་ཐད་ཀར་གྱི་མཐོང་སྣེ་ནི་ཏང་ཡོན་ལས་བྱེད་པ་ཚུལ་ལྡན་ཡིན་མིན་དང་རུལ་སུངས་ཡིན་མིན། བྱ་བ་སྒྲུབ་མིན་བཅས་ལ་ཐུག་ཡོད། ཉེ་འགྲམ་གྱི་ཏང་ཡོན་ལས་བྱེད་པས་སྤྱོད་ཚུལ་ལེགས་པོ་དང་ལས་ལ་བརྩོན་པ། གཞུང་དོན་ལ་འབད་པ། སྤྱོད་གཙང་རང་གཅུན་བྱེད་པ་བཅས་ཀྱི་སྤྱོད་ཚུལ་གྱིས་མང་ཚོགས་སེམས་སུ་འཛིན་པ་དང་། དུས་ཚོད་ཀྱིས་མི་ལ་མི་སྒུག་པས་སྐར་ཆ་རེ་རེ་བརྩོན་ལེན་བྱེད་པའི་སྙིང་སྟོབས་ཀྱིས་བྱ་བ་སྔོན་ལ་བསྒྲུབ་ན། མི་དམངས་མང་ཚོགས་ཀྱིས་སྤྱོད་བཟང་རུལ་རྒོལ་གྱི་དངོས་ཡོད་ཕན་འབྲས་དངོས་སུ་ཚོར་ཐུབ་ལ། སྤྱོད་ཚུལ་བཟང་པོ་དེ་ལུགས་སྲོལ་གསར་པར་གྱུར་ཏེ། ཏང་སེམས་དང་དམངས་སེམས་གཅིག་ཏུ་བསྡུ་བའི་སྟོབས་ཤུགས་ཆེན་པོར་འགྱུར་ཐུབ།
ལྡོག་བསྐྱོད་གྲུ་གཟིངས་ཤུགས་ཀྱིས་མ་བསྐྱོད་པར། ལྷོད་གཡེང་བྱས་ན་ཡོད་ཚད་སྟོང་བར་འགྱུར། ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ནི་དཀའ་ཁག་དང་རྙོག་དྲ་ཆེ་བའི་ཡུན་རིང་གི་བཟོ་འགོད་ཅིག་ཡིན་པས། མགོ་རྩོམ་ས་ལས་མཇུག་བསྡུ་ས་མེད། གདོང་གཏོད་སའི་གནད་དོན་ལ་ཡུན་རིང་རང་བཞིན་དང་བསྐྱར་ཟློས་རང་བཞིན་ཡོད་པས། ཁ་གཏད་འཇལ་ཐབས་ཀྱང་ངེས་པར་ལམ་ལུགས་ཅན་དང་ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་ཡིན་དགོས། སྤྱོད་ཚུལ་འཛུགས་སྐྲུན་ནི་མགོ་བརྩམས་པ་ཙམ་གྱིས་ལེགས་འགྲུབ་འབྱུང་མི་ཐུབ་པ་དང་ཐེངས་གཅིག་གིས་ཡོད་ཚད་འགྲུབ་མི་སྲིད། དེ་བས་རླུང་བུ་ལྡང་བ་བཞིན་སྐབས་ཐོག་ཙམ་གྱིས་མཚམས་མི་འཇོག་པར། རྒྱུན་དུ་འཛིན་པ་དང་ཡུན་རིང་དུ་ནན་འཛིན་བྱེད་དགོས་ལ། རྟ་ཕོ་སྒ་དང་མི་འབྲལ་བ་དང་ལག་པ་མཐུར་དང་མི་འབྲལ་བའི་ངེས་ཤུགས་ཀྱིས་ཡང་ནས་བསྐྱར་དུ་ནན་འཛིན་དང་བསྐྱར་ནས་བསྐྱར་དུ་ནན་འཛིན་བྱེད་པའི་སེམས་ཤུགས་བརྟན་པོས། མཁྲེགས་གཏོར་དམག་འཐབ་དང་ཡུན་རིང་དམག་འཐབ། སེམས་རྒོལ་དམག་འཐབ་འདི་ལེགས་པོར་བརྒྱག་དགོས།
སྤྱོད་ཚུལ་ལེགས་པོ་ནི་གསར་གཏོད་ནུས་ཤུགས་དང་གོང་བུར་འགྲིལ་ཤུགས། དམག་འཐབ་ནུས་ཤུགས་བཅས་ཡིན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་མཇུག་བསྒྲིལ་བའི་ལོ་ཡིན་པས། དཀའ་ཁག་དང་རྙོག་དྲ་ཆེ་བའི་བཅོས་བསྒྱུར་ལས་འགན་ལ་གདོང་གཏོད་སྐབས། སྤྱོད་ཚུལ་ལེགས་པོར་བརྟེན་ནས་འགན་སྲུང་བརྟན་པོ་ངེས་པར་མཁོ་འདོན་བྱེད་དགོས། སྤྱོད་ཚུལ་གྱི་བྱ་བ་འདི་ནམ་ཡང་མི་ལྷོད་པ་དང་རྒྱུགས་ལ་ཞུགས་པ་ལྟ་བུའི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། སྤྱོད་ཚུལ་མི་ལེགས་པ་ལས་བྱུང་བའི་རུལ་སུངས་ཀྱི་སྦྲེལ་ཐག་མཐའ་གཅིག་ཏུ་གཅོད་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་གྱི་ཕན་འབྲས་གསར་པས་ཏང་གི་སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་རྒྱུན་འཁྱོངས་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ལ་ཡིད་ཚིམ་པའི་རྒྱུགས་ལན་སྤྲོད་པ་བཅས་བྱས་ཏེ། སྔར་ལས་སྤོབས་པ་ཆེན་པོས་འཐབ་ལམ་གསར་པར་བསྐྱོད་དགོས། །
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།