སྟེང་གི་ཇུས་འགོད་དང་དམངས་དོན་དུ་འཆར་འགོད་བྱེད་པ་གཅིག་གྱུར་བྱ་དགོས།
2025.05.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་སྒྲིག་བཟོའི་བྱ་བར་ཁ་ཕྱོགས་གསལ་སྟོན་བྱས།

ཉེ་ལམ་སྤྱི་ཁྱབ་ཧྲུའུ་ཅིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་སྒྲིག་བཟོའི་བྱ་བར་བཏོན་པའི་མཛུབ་སྟོན་གལ་ཆེན་ལས། ཚན་རིག་གི་ཇུས་ཆོད་དང་། དམངས་གཙོའི་ཇུས་ཆོད། ཁྲིམས་བསྟར་ཇུས་ཆོད་བཅས་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་སྒྲིག་བཟོ་བྱ་བ་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།

ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཞི་རྩའི་བསྲུང་བྱ་བྱས་པར་བརྟེན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམིགས་པ་དང་། རྟོག་དཔྱོད་ཞིབ་འཇུག་དང་རིག་པས་ཁུངས་སྐྱེལ་ལ་ཤུགས་སྣོན་པ་དང་། ཐུན་མོང་འདུ་ཤེས་རྒྱ་ཆེར་གཅིག་སྡུད་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཚན་རིག་དང་མཐུན་པར་འཆར་འགོད་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པར་འདོད།

ལོ་ལྔའི་འཆར་འགོད་ཚན་རིག་ལྟར་གཏན་འབེབས་དང་རྒྱུན་མཐུད་ལག་བསྟར་བྱེད་པ་ནི་ང་ཚོའི་ཏང་གིས་རྒྱལ་སྐྱོང་སྲིད་གཉེར་བྱེད་པའི་ཉམས་མྱོང་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དགེ་མཚན་གལ་ཆེན་ཞིག་ཡིན། རང་རྒྱལ་གྱིས2026ལོར་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ལག་བསྟར་བྱས་ཏེ། མིག་སྔར་ཏང་ཀྲུང་དབྱང་གིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གྲོས་གཞི་རྩ་འཛུགས་དང་སྒྲིག་བཟོ་བྱེད་ཀྱིན་ཡོད།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་འཐབ་ཇུས་དང་འཆར་འགོད་ཟི་ཡི་ཟི་ཀྲང་གཞོན་པ་ཞང་ཝེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་བྱས་ན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་ཆེན་མོའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དོན་སྙིང་ཆེན་པོ་ལྡན་ཅེས་ནན་གྱིས་བསྟན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། འཆར་འགོད་སྒྲིག་བཟོའི་ཚན་རིག་གི་རང་བཞིན་དང་དམངས་གཙོའི་རང་བཞིན། ཁྲིམས་སྐྱོང་རང་བཞིན། ཚད་ལྡན་རང་བཞིན་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། དམིགས་འབེན་དང་དམིགས་ཚད་གཙོ་བོ། འཐབ་ཇུས་ལས་འགན་གལ་ཆེན། སྲིད་ཇུས་བྱེད་ཐབས་གལ་ཆེན། བཟོ་བསྐྲུན་རྣམ་གྲངས་གལ་ཆེན་ལ་རིགས་པས་ཁུངས་སྐྱེལ་དང་དཔྱད་འདེམ་བྱེད་པར་ཤུགས་སྣོན་པ། ཆེད་ལས་བློ་འདྲིའི་རིགས་པས་ཁུངས་སྐྱེལ་ལམ་ལུགས་འཐུས་ཚང་དུ་འཛུགས་པ་དང་། ཚན་རིག་ཞིབ་འཇུག་ལས་ཁུངས་དང་རིག་མཛོད་སོགས་ཀྱི་རོགས་འདེགས་དང་རྒྱབ་སྐྱོར་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། ཐབས་ལམ་དང་བྱེད་ཐབས་སྣ་མང་སྤྱད་པ་བརྒྱུད་ཕྱོགས་སོ་སོའི་བསམ་ཚུལ་བསྡུ་ལེན་བྱེད་དགོས་ཟེར།

ལོ་ལྔའི་འཆར་འགོད་སྒྲིག་བཟོ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་འབྲེལ་ཞིང་། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་གཅིག་ཏུ་འབྲེལ་བ་ཞིག་ཡིན་པས། དམངས་ཀྱི་བློ་གྲོས་བསྡུ་ལེན་དང་། དམངས་ཀྱི་འདོད་བློ་མཚོན་པར་བྱས་ན། ད་གཟོད་སྔར་ལས་ལྷག་པར་དམངས་སེམས་གཅིག་སྡུད་དང་མཉམ་ཤུགས་གྲུབ་པར་བྱེད་དགོས།

ཧའེ་ལུང་ཅང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་རིམ་པ་དང་པོའི་སྐོར་ཞིབ་པ་ལིན་ཆི་ཁྲང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་གི་ཇུས་ཆོད་དང་། དམངས་གཙོའི་ཇུས་ཆོད། ཁྲིམས་བསྟར་ཇུས་ཆོད་བཅས་རྒྱུན་འཁྱོངས་བྱས་ཏེ། རྩེ་རིམ་ཇུས་འགོད་དང་འཆར་འགོད་དམངས་དོན་ཡིན་པར་གཅིག་གྱུར་བྱེད་དགོས་ཞེས་བསྟན་ཡོད་པའི་སེམས་ཚོར་གླེང་བྱུང་།

ལིན་ཆི་ཁྲང་གིས་བཤད་རྒྱུར། སྟེང་གི་ཇུས་འགོད་ལ་ཤུགས་སྣོན་དང་དམངས་དོན་དུ་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ་གཅིག་གྱུར་བྱེད་པ་ནི། ཀྲུང་གོའི་འཕེལ་རྒྱས་འཆར་འགོད་མ་ལག་གི་ཁྱད་ཆོས་མངོན་གསལ་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་མངོན་སྟངས་གལ་ཆེན་ཞིག་ཡིན་པས། ཚན་རིག་ཇུས་ཆོད་དང་དམངས་གཙོའི་ཇུས་ཆོད། ཁྲིམས་བསྟར་ཇུས་ཆོད་བརྒྱུད་དེ། སྤྱི་ཚོགས་ལས་རིགས་སོ་སོའི་བསམ་ཚུལ་གྲོས་གཞི་བསྡུ་ལེན་གང་ལེགས་བྱེད་པ་དང་། འཕེལ་རྒྱས་ཀྱི་གནས་བབ་དང་འགྱུར་ལྡོག་ཡང་དག་པར་ཁོང་དུ་ཆུད་པར་བྱེད་དགོས་ལ། མི་དམངས་ཀྱི་རེ་ལྟོས་དང་དུས་རབས་ཀྱི་བླང་བྱ་དང་བསྟུན་ནས། འཕེལ་རྒྱས་འཆར་འགོད་སྔར་ལས་བཟང་བར་སྒྲིག་བཟོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

སི་ཁྲོན་ཁྲིན་ཏུའུ་རུ་ཡོད་པའི་ཟས་སྐྱེལ་མཁན་ཀྲའོ་ཆོན་གྱིས་ཉིན་རེར་ཐེངས་སུམ་ཅུ་ལྷག་ལ་གཞན་ལ་ཟས་སྐྱེལ་བཞིན་ཡོད། ལས་རིགས་འདིར་ཞུགས་ནས་ལོ་གསུམ་འགོར་བའི་རིང་ལ། ཁོས་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྲང་ལམ་ཆེ་ཆུང་ཀུན་ཏུ་ཟས་སྐྱལ་མྱོང་། ཀྲའོ་ཆོན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱེད་ཐབས་སྣ་མང་ལ་བརྟེན་ནས་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་སོ་སོའི་བསམ་ཚུལ་གྲོས་གཞི་བསྡུ་ལེན་བྱེད་དགོས་ཞེས་བསྟན་ཡོད་པས། ངས་ཧུར་ཐག་གི་ཇུས་གཞི་འདོན་ནས། སྲིད་ཇུས་ངོས་ཐད་ནས་ཁེ་དབང་འགན་སྲུང་གི་མི་འདང་ས་སྔར་ལས་ཁ་གསབ་ཐུབ་པར་སྐུལ་འདེད་བཏང་ནས། ལས་ཞུགས་རྣམ་པ་པ་གསར་བའི་ངལ་རྩོལ་པར་སྔར་ལས་མང་བའི་ཐོབ་སྣང་ཡོད་པར་བྱེད་རྒྱུས་ཟེར།

ལས་བྱེད་མང་ཚོགས་ཀྱིས་ལག་ལེན་ཁྲོད་གསར་གཏོད་བྱས་པའི་ཉམས་མྱོང་གསར་བ་བསྡུ་ལེན་གང་ལེགས་བྱེད་དགོས་ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གལ་ཆེན་འདིས། ཀྲ་ཀིན་ཡུལ་ཚོར་ལོ་ངོ་སུམ་ཅུའི་རིང་སློབ་གསོ་ལས་དོན་སྒྲུབ་པའི་ཡུན་ནན་ཞིང་ཆེན་ལིན་ཚང་གྲོང་ཁྱེར་ཏིས་མཱ་རྫོང་ཏིས་མཱ་གྲོང་རྡལ་གྱི་ཕེ་ཁྲིན་སློབ་གྲྭའི་སློབ་གཙོ་ཀྲིའུ་ཡུང་མའེ་ལ་སྐུལ་ལྕག་ཟབ་མོ་ཐེབས་ནས་བཤད་རྒྱུར། མི་དམངས་ཡིད་ཚིམ་པའི་སློབ་གསོའི་ལས་དོན་ཡག་པོར་སྤེལ་རྒྱུ་ནི། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པས། ངས་སློབ་ཁྲིད་ཀྱི་དོན་དངོས་ནས་མགོ་བརྩམས་ཏེ། སློབ་མ་རྣམས་འཕྲད་པའི་གནད་དོན་ངོ་མ་དང་། སློབ་ཁྲིད་ཁྲོད་རྙེད་པའི་གྲོས་གཞི་ངོ་མ་དག ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ཀྱི་ཇུས་འདོན་ཐབས་ལམ་བརྒྱུད་དེ་གསལ་སྟོན་བྱས་ནས། གྲོང་གསེབ་སློབ་གསོའི་རྣམ་པ་གསར་བས་སློབ་བུ་རྣམས་ཀྱི་གདོང་ལ་བཀྲག་མདངས་འཚེར་བར་བྱེད་རྒྱུས་ཟེར།

ཕྱི་ཕྱོགས་ཀྱི་ངེས་གཏན་མིན་པའི་རང་བཞིན་ལ་ཁ་གཏད་ནས། ཅང་སུའུ་ཞིང་ཆེན་ཝུའུ་ཞི་གྲོང་ཁྱེར་ཅིན་མའོ་ཕྱི་ཕྱོགས་ཉོ་ཚོང་ཚད་ཡོད་ཀུང་སིའི་རང་འགུལ་སྒོས་བྱེད་ཕྱོགས་མངོན་པར་བྱས་ཏེ། ཕྱི་རྒྱལ་གྱི་ཁྲོམ་ར་དང་ཕྱི་རྒྱལ་གྱི་ཐོན་སྐྱེད་རྒྱ་བསྐྱེད་པའི་དུས་མཉམ་དུ། རྒྱལ་ནང་གི་ཁྲོམ་རའི་དགོས་མཁོ་དང་འཚམ་པར་བྱེད་པ་དང་། ཐོན་རྫས་ཕྱིར་འཚོང་ཐབས་ལམ་ཁྱབ་ཆེར་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ཁེ་ལས་ཀྱི་འགན་ཁུར་པ་དབྱང་ནན་ལ་ཡིད་ཆེས་བསྩལ་ཡོད། ཁོས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ལས་དོན་ཁེ་ལས་དངུལ་གཏོང་དངུལ་བསྡུ་དང་། གསར་གཏོད་འཕེལ་རྒྱས་བཅས་ཀྱི་ཕྱོགས་སོ་སོ་དང་འབྲེལ་བ་ཡོད་པས། ཁེ་ལས་འཕེལ་རྒྱས་ཐད་གོ་སྐབས་སྔར་ལས་མང་བོ་འདོན་སྤྲོད་བྱེད་ཐག་ཆོད་ཡིན། ང་ཚོས་ཧུར་ཐག་གིས་ཐོན་རྫས་གསར་གཏོད་དང་། ཁྲོམ་ར་གསར་འབྱེད་བྱས་ཏེ། མཉམ་ལས་འགྲན་རྩོད་ཀྱི་དགེ་མཚན་གསར་བ་མགྱོགས་མྱུར་ངང་བསྐྲུན་རྒྱུ་ཡིན་ཟེར།

ཧྲན་ཏུང་ཞིང་ཆེན་གྱི་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སུན་ཨའེ་ཅུན་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལྟར། སྲིད་ཇུས་བློ་འདྲི་དང་ཐབས་མང་མཉམ་འདུས་བྱེད་པ་དང་། ཞིང་ཆེན་སྲིད་གཞུང་གི་དྲ་ཚིགས་དང་། སྨྱན་བྱད་གཙོ་བོ། རྟོག་དཔྱོད་རྒྱུགས་གཞི་སོགས་བྱེད་ཐབས་མང་པོ་བརྒྱུད་དེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་ཐབས་ཇུས་འདོན་པའི་སྤྱི་ཡོངས་ཟབ་ཞུགས་ཀྱི་བྱ་འགུལ་གཏིང་ཟབ་སྒོས་སྤེལ་ནས། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་སྔར་ལས་བཟང་པོར་ལག་བསྟར་ཐུབ་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་འཆར་འགོད་སྒྲིག་བཟོ་ལ་རོགས་ཤུགས་འདོན་པར་བརྟེན་ནས་བྱང་ཕྱོགས་ས་ཁུལ་གྱི་དཔལ་འབྱོར་འཕར་གནས་གལ་ཆེན་ཞིག་བསྐྲུན་དགོས་ཞེས་བཤད།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་མ་ལག་ལྡན་པའི་བཟོ་བསྐྲུན་ཅིག་ཡིན་པས། གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག མ་ལག་ལྡན་པའི་འཆར་འགོད། སྤྱི་ཡོངས་ནས་སྐུལ་འདེད་གཏོང་དགོས།

ཆིང་ཧྭ་སློབ་ཆེན་གྱི་ཀྲུང་གོའི་འཕེལ་རྒྱས་འཆར་འགོད་ཞིབ་འཇུག་སློབ་གླིང་གི་རྒྱུན་ལས་སློབ་གཙོ་གཞོན་པ་ཏུང་ཡུས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམིགས་འབེན་ལས་འགན་དང་སྲིད་ཇུས་བྱེད་ཐབས་ཀྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་ལ་དོ་སྣང་བྱེད་དགོས་ཞེས་བསྟན་ཡོད་པས། འདི་ནི་ང་ཚོས་འཆར་འགོད་སྒྲིག་བཟོ་བྱ་བ་ཡག་པོར་སྒྲུབ་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འཆར་འགོད་སྒྲིག་བཟོ་བྱེད་དགོས་ན། མ་ལག་གི་བསམ་གཞིགས་ཤུགས་དྲག་ཏུ་གཏོང་དགོས་ཏེ། མདུན་བལྟའི་བསམ་བློ་དང་། སྤྱི་ཡོངས་རང་བཞིན་གྱི་འཆར་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་པ། སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་ལ་ཤུགས་སྣོན་པ་དང་། ཕྱོགས་སོ་སོའི་ཐད་ཀྱི་དམིགས་འབེན་ལས་འགན་ལ་དཔྱད་ནས། དབྱེ་ཞིབ་དང་ཁུངས་འབྱེད་གཏིང་ཟབ་བྱེད་དགོས་ཤིང་། ཚན་རིག་དང་གནད་ལ་འཁེལ་ཞིང་། དུས་ཚོད་ལྟར་མངོན་འགྱུར་ཐུབ་པར་ཐག་ཁེག་བྱེད་དགོས་ཟེར།

ཨན་ཧོས་ཞིང་ཆེན་ཁྲུའུ་ཀྲོའུ་གྲོང་ཁྱེར་ཧྥིན་དབྱང་རྫོང་ཞའོ་ཀང་སྡེ་བའི་འབྲུ་སིལ་སྔོན་པོ་འདེབས་འཛུགས་རྟེན་གཞིས་ཐོན་འབབ་ལེགས་པོ་བླངས་ཤིང་། ཞིང་ཁའི་སྤྲོ་གསེང་གླིང་ཀ་སོགས་ཞིང་ལས་ཕྱོགས་བསྡུས་རང་བཞིན་གྱི་བཅོས་སྒྱུར་ཚོད་ལྟའི་གནས་ཀྱི་ལས་གཞི་འཛུགས་སྐྲུན་བྱ་བ་སྤེལ་བཞིན་སྒང་ཡིན།

ཞའོ་ཀང་སྡེ་བའི་ཏང་ཨུའི་ཧྲུའུ་ཅི་ཀྲོའུ་ཆུན་ཀྲི་ཡིས་བསྟན་དོན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ཁ་ཕྱོགས་ལྟར། གྲོང་གསེབ་དར་སྤེལ་གྱི་དམིགས་འབེན་གཏན་འཁེལ་བྱས་ཏེ། གྲོང་གསེབ་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་འཕར་སྣོན་ལ་ནུས་ཤུགས་ཡོད་དགུས་སྐུལ་འདེད་བཏང་སྟེ། ཞའོ་ཀང་སྡེ་བའི་ཡུལ་སྐོར་ཟོང་རྟགས་བསྐྲུན་ནས་ཡུལ་མི་རྣམས་ལ་སྔར་ལས་བཟང་བའི་འཚོ་བ་རོལ་ཏུ་འཇུག་རྒྱུ་ཡིན་ཟེར།

ཀྲེ་ཅང་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིན་གྱི་ཐིན་ཀྲང་ཀྲན་མེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་བྱས་རྗེས་བྱ་བའི་གཙོ་གནད་སྔར་ལས་གསལ་བར་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅིའི་ཉེ་ལམ་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་འབེབས་ཞིབ་ཚགས་བྱས་ཏེ། རྒྱལ་ཡོངས་སྤྱི་ཡོངས་ཁྲོད་ཀྱི་ངེས་གནས་ཡང་དག་འཚོལ་བ་དང་། གནད་འགག་གི་དམིགས་འབེན་འགན་འཁྲིའི་སྟེང་སྲིད་ཇུས་ཀྱི་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས། ནུས་ཤུགས་ཡོད་དགུས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་ཁྱད་སྟོབས་གསར་པ་ཡང་བསྐྱར་བསྐྲུན་རྒྱུ་ཡིན་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།