ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་འཚོ་བར་གྲོན་ཆུང་བྱེད་དགོས།
2025.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས།

གྲོན་ཆུང་ལག་བསྟར་བྱེད་པ་དང་ཆུད་ཟོས་ལ་ངོ་རྒོལ་བྱ་རྒྱུ་ནི་ང་ཚོའི་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་ཞིག་ཡིན།     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་དང་སྲིད་གཞུང་གིས་སྣེ་ཁྲིད་དེ་འཚོ་བ་གྲོན་ཆུང་བྱེད་དགོས་པ་དང་། དམིགས་ཡུལ་ནི་མང་ཚོགས་ལ་འཚོ་བ་ཡག་པོ་རོལ་དུ་འཇུག་ཆེད་ཡིན་ལ།    དེ་ནི་ང་ཚོའི་ཏང་གི་དམིགས་ཡུལ་དང་ངོ་བོ་ལས་ཐག་བཅད་པ་ཞིག་རེད། ང་ཚོའི་རྒྱལ་ཁབ་འཕེལ་རྒྱས་ཆུ་ཚད་གང་ཞིག་ཏུ་སླེབས་རུང་།    མི་དམངས་ཀྱི་འཚོ་བ་ལེགས་བཅོས་ཚད་གང་འདྲ་ཞིག་ཏུ་སླེབས་རུང་དཀའ་སྤྱད་འབད་བརྩོན་དང་བརྩོན་བསྲི་གྲོན་ཆུང་གི་བསམ་བློ་དུས་ནམ་ཡང་དོར་མི་ཆོག”ཅེས་བསྟན་ཡོད།  ཉེ་ལམ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་སྐབས་འདིར། ཏང་ཀྲུང་དབྱང་གིས《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ལག་བསྟར་བྱས་ཏེ་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》ལ་བཟོ་བཅོས་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་འཚོ་བ་གྲོན་ཆུང་རོལ་དགོས།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱོད་ཚུལ་འཛུགས་སྐྲུན་བྱ་རྒྱུ་དེ་ཏང་གི་སྣང་བརྙན་དང་། མི་སེམས་གཏད་ཕྱོགས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འགྲུབ་མིན་གྱི་ཆབ་སྲིད་ཀྱི་མཐོ་ཚད་དང་འབྲེལ་བ་ཡོད་པ་དང་།    གསར་དུ་བཟོ་བཅོས་བྱས་པའི《སྲོལ་ཡིག》སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་དམ་འཛིན་ནན་མོ་བྱས་ཏེ། ལམ་ལུགས་ཀྱི་ཚད་བཀག་ནུས་པས་རྒྱས་སྤྲོས་ཆུད་ཟོས་སུ་གཏོང་བའི་སྤྱོད་ཚུལ་དང་བྱ་སྤྱོད་ངན་པ་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས།

འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ལམ་ལུགས་ཀྱི་འཛིང་རགས་རྒྱུན་ཆད་མེད་པར་བརྟན་པོར་འཛུགས་དགོས།     2013ལོར། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་ཆེད།    ཏང་ཀྲུང་དབྱང་གིས《སྲོལ་ཡིག》གཏན་འབེབས་བྱས་ཏེ་བཏོན་པ་མ་ཟད།    《སྲོལ་ཡིག》གཙོ་བོར་འཛིན་པ་དང་ཕྱོགས་སོ་སོའི་ཆེད་དོན་སྒྲིག་སྲོལ་ལམ་ལུགས་མཉམ་དུ་གྲུབ་པའི་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་ལམ་ལུགས་མ་ལག་རིམ་བཞིན་ཆགས་པར་སྐུལ་འདེད་བཏང་སྟེ། “གཞུང་འཁོར་བཀོལ་བའི་རུལ་སུངས”དང“ཟས་རིགས་ཆུད་ཟོས་སུ་གཏོང་བ།”“སྤྲོ་སྐྱིད་ཁང་གི་སྲོལ་ངན”སོགས་འབུར་དུ་ཐོན་པའི་སྤྱོད་ཚུལ་གནད་དོན་ཕན་ནུས་ལྡན་པའི་བཀག་འགོག་བྱས།  དུས་མཚུངས་སུ་ཏང་ཀྲུང་དབྱང་གིས་བཀའ་རྒྱ་མང་པོ་བཏོན་ཡང་། ཏང་སྲིད་ལས་ཁུངས་ཁ་ཤས་སུ་རྒྱས་སྤྲོས་ཆུད་ཟོས་ཀྱི་སྣང་ཚུལ་སྔར་བཞིན་འབྱུང་གིན་ཡོད་པ་དང་།    ཏང་ཡོན་ལས་བྱེད་པ་ཁག་གཅིག་གིས་བསམ་གཟས་སྒྲིག་འགལ་དང་མངོན་མེད་ཐབས་སྒྱུར་གྱི“སྤྱོད་ངན་བཞིའི”གནད་དོན་སྔར་བཞིན་མཚམས་མ་ཆད་པར་འབྱུང་གིན་ཡོད། ཐེངས་འདིར《སྲོལ་ཡིག》བཟོ་བཅོས་བྱས་པ་དང་། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བབ་བསྟུན་མདུན་སྐྱོད་ཀྱིས་གྲོན་དངུལ་དོ་དམ་དང་རྒྱལ་ནང་གི་ལམ་གྲོན། གཞུང་དོན་གྱི་ཆེད་རྒྱལ་ཁབ་ཕྱི་རུ་བསྐྱོད་པ། གཞུང་དོན་སྣེ་ལེན། གཞུང་དོན་གྱི་ཆེད་རླངས་འཁོར་བཀོལ་བ། ཚོགས་འདུའི་བྱ་འགུལ། གཞུང་སྒྲུབ་ཐད་ཁང་བ་བཀོལ་བ། ཐོན་ཁུངས་གྲོན་ཆུང་སོགས་ཀྱི་གཏན་འབེབ་འཐུས་ཚང་དུ་བཏང་ནས། བརྩོན་བསྲི་གྲོན་ཆུང་ཇེ་ལེགས་སུ་གཏོང་བ་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་འགན་འཁྲི་དངོས་འབེབ་བྱས་ཏེ། ཁ་གཏད་རང་བཞིན་གྱིས་ཞན་ཆ་གསབ་པ་དང་གསར་སྒྱུར་རིམ་སྤོར་བྱས་པ་བརྒྱུད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་ལུགས་ཀྱི་འཛིང་རགས་སྔར་ལས་བརྟན་པོ་བསྐྲུན་དགོས།

སྣེ་ཁྲིད་དེ་འཚོ་བ་གྲོན་ཆུང་རོལ་དགོས་པའི་བླང་བྱ་གཟབ་ནན་སྒོས་ལག་བསྟར་བྱེད་དགོས། གསར་དུ་བཟོ་བཅོས་བྱས་པའི《སྲོལ་ཡིག》ནང་ཏང་སྲིད་ལས་ཁུངས་ཀྱི་འགྲོ་གྲོན་བེད་སྤྱོད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    སྲིད་གཞུང་གི་ཉོ་སྒྲུབ་ཀྱི་ལྟ་སྐུལ་དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏོང་བ།    སྲིད་གཞུང་གི་དངུལ་གཏོང་ཁ་ཕྱོགས་དང་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཏང་སྲིད་ལས་ཁུངས་ཀྱི་རྒྱལ་ནང་གི་གཞུང་དོན་འགྲོ་དོན་བྱེད་སྒོ་དང་། གཞུང་དོན་སྣེ་ལེན་བྱེད་སྒོ། གཞུང་དོན་གྱི་ཆེད་རླངས་འཁོར་བཀོལ་བ། ཚོགས་འདུའི་བྱ་འགུལ། གཞུང་སྒྲུབ་ཐད་ཁང་བ་བཀོལ་བ་སོགས་གཟབ་ནན་སྒོས་དོ་དམ་ནན་མོ་བྱས་ནས། ཐོན་ཁུངས་བེད་སྤྱོད་གྲོན་ཆུང་ཞིབ་བསྡུས་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཚད་གཞི་མཐོ་བ་དང་སྔར་ལས་གཟབ་ནན་ཡིན་པའི་བླང་བྱ་བཏོན། རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་ཀྱིས་འཚོ་བར་གྲོན་ཆུང་བྱེད་པའི་ལམ་ལུགས་སྣ་ཚོགས་དོན་འཁྱོལ་དམ་འཛིན་ནན་མོ་བྱས་ཏེ། ལས་དོན་ཡོད་ཚད་བརྩོན་ལེན་དང་གྲོན་ཆུང་གིས་སྒྲུབ་པ་དང་། སྟབས་བདེ་གཟབ་ནན་དང་རྩིས་རྒྱག་ཞིབ་ཕྲ་བཅས་བྱས་ཏེ་འགྲོ་སོང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚོད་འཛིན་ནན་མོ་བྱས་ནས། ཚད་ཡོད་ཀྱི་ནོར་སྲིད་མ་དངུལ་གནད་འགག་གི་སྐབས་སུ་བཀོལ་བ་དང་། མ་དངུལ་སྔར་ལས་མང་པོ་འཕེལ་རྒྱས་ཀྱི་དགོས་མཁོ་དང་དམངས་ཚིས་ཐད་སྤྱོད་དགོས།

སྲིད་འབྲས་ལྟ་བ་ཡང་དག་དངོས་གནས་ལག་བསྟར་བྱས་ཏེ་འཛུགས་དགོས། གསར་དུ་བཟོ་བཅོས་བྱས་པའི《སྲོལ་ཡིག》ནང་རིམ་པ་སོ་སོའི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་དགོས་པ་དང་།    དམངས་ཀྱི་རྒྱུ་ནོར་ཤོར་བའི“སྣང་བརྙན་བཟོ་སྐྲུན”དང“སྲིད་འབྲས་བཟོ་སྐྲུན”གཟབ་ནན་གྱིས་ལག་བསྟར་བྱ་དགོས། ཐབས་ཇུས་ཀྱི་ནོར་འཁྲུལ་ནི་ཆེས་ཆེ་བའི་ཆུད་ཟོས་ཡིན།     རིམ་པ་སོ་སོའི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོར་འཛུགས་དགོས་པ་དང་།   འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས།    འཕེལ་རྒྱས་འཆར་འགོད་གཏན་འབེབས་དང་སྲིད་ཇུས་དང་བྱེད་ཐབས་འདོན་པ། དོན་དག་གལ་ཆེན་ཐག་གཅོད་བྱེད་པ་བཅས་ཚང་མར་འཕང་མེད་ལག་ཡངས་གཏན་ནས་མི་བྱེད་པར། ཚད་ཡོད་ཀྱི་ནོར་སྲིད་ཐོན་ཁུངས་དེ་བཅོས་སྒྱུར་དམ་འཛིན་དང་།    འཕེལ་རྒྱས་ལ་སྐུལ་འདེད།    དོན་དག་དངོས་སྒྲུབ་པ་བཅས་ཀྱི་ཐད་སྤྱོད་དགོས།   ཏང་ཀྲུང་དབྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་དངོས་སུ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་ཁག་ཐེག་བྱེད་དགོས། རྣམ་པ་སྣ་ཚོགས་ཀྱི“སྲིད་འབྲས་ངར་ལངས་ནད”ལ་མཐའ་གཅིག་ཏུ་བཅོས་སྐྱོང་བྱས་ཏེ།    མགོ་ཁྲིད་ལས་བྱེད་པའི་སྲིད་འབྲས་ལྟ་བ་ནོར་འཁྲུལ་བྱུང་བ་དང་།    ཐབས་ཇུས་གལ་ཆེན་ནོར་འཛོལ་དང་ཁྱད་པར་དུ“སྣང་བརྙན་བཟོ་སྐྲུན”དང“སྲིད་འབྲས་བཟོ་སྐྲུན”ལ་ཆུད་ཟོས་སུ་ཚབས་ཆེན་བཏང་བ་ཡིན་ཚེ་ངེས་པར་དུ་འགན་འཁྲི་བདའ་འདེད་ནན་མོ་བྱ་དགོས།

རྒྱས་སྤྲོས་ཆུད་ཟོས་ཀྱི་སྤྱོད་ཚུལ་ངན་པ་བཀག་འགོག་ནན་མོ་བྱ་དགོས།   གསར་དུ་བཟོ་བཅོས་བྱས་པའི《སྲོལ་ཡིག》ནང “སྤྱོད་ངན་བཞིའི”དག་བཅོས་དང་ཁྱད་པར་དུ་རྒྱས་སྤྲོས་འཕྲོ་བརླག་གི་སྣང་ཚུལ་བཅོས་སྒྲིག་གཏིང་ཟབ་བྱས་ནས།   སྒྲིག་ཁྲིམས་ཀྱི་བླང་བྱ་དང་ལམ་ལུགས་སྔར་ལས་གཟབ་ནན་དུ་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གཟབ་ནན་སྒོས་ལག་བསྟར་བྱེད་པར་ཟུང་འབྲེལ་བྱས་ཏེ། སྲིད་གཞུང་གི་ཉོ་སྒྲུབ་དང་གཞུང་དོན་བྱེད་སྒོ། གཞུང་དོན་གྱི་ཆེད་རླངས་འཁོར་བཀོལ་བ། ཚོགས་འདུའི་བྱ་འགུལ། གཞུང་སྒྲུབ་ཐད་ཁང་བ་བཀོལ་བ་སོགས་གཟབ་ནན་སྒོས་དོ་དམ་ནན་མོ་བྱས་ནས། ཚད་གཞི་ལས་བརྒལ་ནས་ཉོ་སྒྲུབ་བྱེད་པའམ་ཡང་ན་རྒྱས་སྤྲོས་དངོས་རྫས་སྒྲིག་ཆས་དང་།  ཚད་གཞི་ལས་བརྒལ་ནས་གཞུང་དོན་སྣེ་ལེན་བྱེད་པ།   ཚད་གཞི་ལས་བརྒལ་ནས་གནས་ཡུལ་དང་གཞུང་ལས་ཁང་པ་འཛུགས་སྐྲུན་བྱེད་པའམ་ཡང་ན་རྒྱས་སྤྲོས་སྣེ་ལེན་བྱེད་པ།  གཞུང་དོན་རླངས་འཁོར་ལ་རིམ་པ་མཐོ་བའི་བཀོད་སྒྲིག་བྱེད་པའམ་ཡང་ན་རྒྱས་སྤྲོས་རྒྱན་སྤྲས་ཁ་སྣོན་བྱེད་པ། དུས་ཆེན་འགྲེམས་ཚོགས་གླེང་སྟེགས་དང་ལུས་རྩལ་སྦྱོར་བརྡར་བྱ་འགུལ། འགྲན་བསྡུར་སོགས་བྱེད་སྒོའི་ཁྲོད་ཕན་ཚུན་བསྡུར་བ་དང་།    རྒྱས་སྤྲོས་ཆེན་པོ་བྱེད་པ།    རྒྱས་སྤྲོས་འཕྲོ་བརླག་བཅས་བྱས་ཏེ།    སྲིད་དོན་ཞབས་ཞུའི་ཁྲོད་ཀྱི“ངོ་སོའི་བཟོ་སྐྲུན”འགོག་བཅོས་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས།

གྲོན་ཆུང་ཅན་གྱི་ལས་ཁུངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།     གསར་དུ་བཟོ་བཅོས་བྱས་པའི《སྲོལ་ཡིག》ནང་རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་ལ་གྲོན་ཆུང་ཅན་གྱི་ལས་ཁུངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་སྔར་ལས་ལྷག་པའི་བླང་བྱ་འདོན་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་གོང་རིམ་གྱིས་དཔེ་སྟོན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་།    ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོའི་ངེས་པར་དུ་བརྩོན་བསྲི་གྲོན་ཆུང་ནན་མོ་བྱེད་པ་དང་།    རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་ཐད་མདུན་དུ་བསྐྱོད་ནས་མིག་དཔེ་སྟོན་དགོས། རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་དེའི་ལས་བྱེད་མི་སྣས《སྲོལ་ཡིག》གི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་རྒྱུར་སྐུལ་འདེད་གཏོང་བ་དང་།    གྲོན་ཆུང་གི་ལྟ་བ་དང་གྲོན་ཆུང་བབ་ཆགས་ཀྱི་འདུ་ཤེས་འཛུགས་པ།    གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་མ་དངུལ་དང་ཐོན་ཁུངས་སྤྱོད་པ།    འབྲུ་རིགས་གྲོན་ཆུང་གི་བྱ་སྤྱོད་སྣེ་ཁྲིད་དེ་སྤེལ་བ།    མ་དངུལ་དང་ཐོན་ཁུངས་སྣ་ཚོགས་འཕྲོ་བརླག་གཏོང་རྒྱུར་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས། འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ལྟ་སྐུལ་ཞིབ་བཤེར་གྱི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།    ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ།    འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ།  གྲོན་ཆུང་ཅན་གྱི་ལས་ཁུངས་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།    ཏང་སྲོལ་སྲིད་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་སྲོལ་དང་དམངས་སྲོལ་ལ་སྣེ་ཁྲིད་བྱས་ནས།    སྤྱི་ཚོགས་ཡོངས་སུ་ཆུད་ཟོས་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ལྡན་པའི་རྣམ་པ་ཟབ་མོ་སྔར་ལས་ལྷག་པར་བསྐྲུན་དགོས།

ཤ་བོ་རིན་མཚོས་བསྒྱུར།