ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་མགྱོགས་མྱུར་སྒོས་བསྐྲུན་དགོས།
2025.05.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

2025ལོའི་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྐབས་སུ། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་སྐབས་གཉིས་པ་ཟི་ལིང་དུ་བསྡུས་པ་དང་། གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཐད་བླངས་པའི་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་བྱས་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་མགྱོགས་མྱུར་སྒོས་བསྐྲུན་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མ་ལག་རང་བཞིན་གྱི་ཐབས་ཇུས་དང་བཀོད་སྒྲིག་བྱས་ཡོད་ལ། མཚོ་སྔོན་གྱི་ཡུལ་སྐོར་ལས་རིགས་འཐབ་ཇུས་རང་བཞིན་གྱི་གཙོ་གནད་ཐོན་ལས་དང་། དམངས་ཚིས་ཐོན་ལས། བདེ་སྐྱིད་ཐོན་ལས་བཅས་སུ་གསོ་སྐྱོང་བྱེད་པར་ཐབས་ལམ་འདོན་སྤྲོད་བྱས་ཡོད་པ་དང་། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། སྐྱེ་ཁམས་ཡུལ་སྐོར་གྱི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པར་དོན་སྙིང་གལ་ཆེན་ལྡན།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཡུལ་སྐོར་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ན་ནིང་ཟླ་དྲུག་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་ཐེངས་གསུམ་པ་མཛད་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་པར་བྱ་བའི་བླང་བྱ་བཏོན་ཡོད་ལ། ང་ཚོར་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་བྱ་བ་བཟང་བོར་སྒྲུབ་པར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྐོར་བྱ་བའི་མཛུབ་སྟོན་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཀྱི་དགོངས་དོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས། བདེན་སྲུང་གསར་སྐྲུན། མཉམ་འདྲེས་འཕེལ་རྒྱས་བཅས་རྒྱུན་འཁྱོངས་བྱེད་པ་དང་། མངའ་ཁོངས་ཡོངས་གཅིག་གྱུར་འཆར་འགོད་བྱེད་པ་དང་དོ་མཉམ་འཕེལ་རྒྱས་ཡོང་བར་བྱས་ནས། རྨང་རྩ་གཉིས་བརྟན་དང་མཐུན་སྦྱོར་འཕེལ་རྒྱས་བཏང་སྟེ། མཚོ་སྔོན་གྱི་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ཆེ་བའི་འཕེལ་རིམ་བླངས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཡུན་རིང་གི་སྒུལ་ཤུགས་བསྩལ་ཡོད།

2024ལོར། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་བབ་བཟང་བ་དང་ཁྱད་ཆོས་ལྡན། མཛེས་ལྗོངས་ཁུལ་གྱི་དཔང་ཡིག་གསུམ་གྱི་དོ་དམ་ལམ་ལུགས་བཏོན་ནས། མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་ཐད་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པ་དང་། མཚོ་སྔོན་ལྷོ་ཕྱོགས་ཀྱི་ཚོད་ལྟའི་ས་ཁུལ་ཕྱོགས་ཡོངས་ནས་མགོ་བརྩམས་པས། “ལྟེ་བ་གཅིག་དང་གདུབ་གཅིག་རྒྱུད་མང་པའི”སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་ཆགས་པ་དང་། སྐྱེ་ཁམས་ཡུལ་སྐོར་དང་ཞིང་ཕྱུགས་ཐོན་རྫས། སྐྱེ་ཁམས་སློབ་གསོ། མཐོ་སྒང་གི་ཁམས་གསོ། ལུས་རྩལ་འགྲན་བསྡུར་སོགས་ཕན་ཚུན་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་སྟེ། “སྒྱུ་འཕྲུལ་གྱི་མཚོ་བྱང”གི་ཡུལ་སྐོར་ལམ་ཐིག་རྒྱལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་མཚོན་གྱོད་དཔེའི་ཁྲོད་བདམས་ནས། གྲོང་གསེབ་ཀྱི་ཡུལ་སྐོར་ལམ་ཐིག་དགུ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་ལམ་ཐིག་བཟང་བོར་བདམས། “གུང་གསེང་དཔལ་འབྱོར”ལ་མི་ཀུན་གྱིས་དགའ་བསུ་བྱེད་ཀྱིན་ཡོད་པ་དང་། ཨ་མྱེས་གངས་དཀར་སོགས་མཛེས་ལྗོངས་ས་ཁུལ་དེ་མི་མང་པོའི་དགའ་བསུ་བྱེད་པའི་གནས་མཆོག་ཏུ་གྱུར་ཡོད་ལ། འགྲན་བསྡུར་དང་གངས་འཁྱགས་ཡུལ་སྐོར། འཁྲབ་སྟོན་སོགས་ཀྱི་དཔལ་འབྱོར་ལ་རྒྱུན་མཐུད་སྒོས་ཤུགས་བཏོན་ནས། མཐོ་སྒང་གི་རིག་གནས་ཡུལ་སྐོར་འཕར་ཚད་གསར་པར་གྱུར་ཡོད།

རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ནི་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་བསྩལ་བའི་འགན་འཁྲི་དང་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཡིན། དམིགས་འབེན་འདི་གཙོར་བཟུང་སྟེ། ང་ཚོས་མི་འདང་ས་ཁ་གསབ་དང་། ཁྱད་སྟོབས་བརྟན་པོར་གཏོང་བ། དགེ་མཚན་གཅིག་སྡུད། རྗེས་སྟོབས་གསོག་འཇོག་བཅས་བྱས་ཏེ། རྩེ་རིམ་ཇུས་འགོད་འཐུས་ཚང་དུ་གཏོང་བ་སྲོག་ཤིང་དུ་འཛིན་པ་དང་། ལྗོངས་ཁུལ་དང་ཁེ་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་གཙོ་གནད་དུ་བྱེད་པ། ཡུལ་སྐོར་གཙོ་ཁྲིད་ཀྱི་ཐབས་ལམ་ལ་བརྟེན་པ། ཟོང་རྟགས་བསྐྲུན་པ་སྣེ་ཁྲིད་དུ་བྱེད་པ། ཆུ་ཚད་སྔར་ལས་མཐོ་བའི་ཞབས་ཞུས་འགན་སྲུང་བྱས་པར་བརྟེན། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནན་སྲུང་བྱས་པའི་རྨང་གཞིའི་སྟེང་འཕེལ་རྒྱས་ཀྱི་བར་སྟོང་བསྐྲུན་དགོས་ལ། རིག་གནས་ཡུལ་སྐོར་གྱི་ལས་གཞི་གལ་ཆེན་དང་། ཁྱད་ལྡན་ཡུལ་སྐོར་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པའི་སྟེང་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་། རྒྱལ་སྤྱིའི་ཚད་གཞི་ལྡན་པའི་ལྗོངས་ཁུལ་འཛུགས་སྐྲུན་བྱེད་ཆེད་ཚད་ཤིང་འཛུགས་པ་དང་། ལྗོངས་ཁུལ་གྱི་སྲོག་ཤིང་འགྲན་རྩོད་ནུས་པ་བསྐྲུན་དགོས་ཤིང་། འབྲེལ་ཡོད་ཁེ་ལས་ཀྱི་གསར་གཏོད་ནུས་པ་མཐོར་འདེགས་གཏོང་བ། རྒྱུན་ཆད་མེད་པར་རྙིང་ཚབ་གསར་བརྗེ་དང་ཡུལ་སྐོར་ལས་རྣམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཟུར་ཚད་མང་བའི་ཟོང་རྟགས་མ་ལག་བསྐྲུན་པ། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ལེགས་སྒྱུར་བྱེད་པ་དང་། རི་ཆུའི་མགོ་ཁུངས། མཛེས་པའི་མཚོ་སྔོན་གྱི་ཟོང་རྟགས་ཁྱབ་ཚད་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ནུས་སྔར་ལས་ཇེ་མཐོར་བཏང་སྟེ། མཚོ་སྔོན་གྱི་ལྗོངས་ཁུལ་རེ་རེ་མི་རྣམས་ཀྱིས་བརྗེད་པར་དཀའ་བའི་སྙན་རྩོམ་རེ་རེར་འགྱུར་བར་བྱེད་དགོས།

མཚོ་སྔོན་ནི་འཇིག་རྟེན་ཁམས་ཀྱི་དག་གཙང་གི་གནས་མཆོག་ཅིག་སྟེ། གནས་འདིར་གཙང་བོ་དྲག་ཏུ་འཕྱོ་བའི་སྤོབས་ཉམས་རྒྱས་ཡོད་ལ། ཚྭ་མཚོའི་གཟུགས་སུ་ངོ་མཚར་གྱི་ཞིང་ཁམས་བསྐྲུན་ཡོད་ཅིང་། བརྗིད་ཅིང་སྟུག་པོའི་ལོ་རྒྱུས་རིག་གནས་ཀྱི་ཁྱད་འཕགས་མཛེས་ཉམས་མངོན་ཡོད། ད་ལྟའི་ཆ་འདིར། མི་ཀུན་གྱིས་དགའ་བསུ་ཐོབ་ཅིང་ཁྲོམ་ར་རྒྱས་ཤིང་ལེགས་པ། ཡིད་རྟོན་གྱི་ཚད་གཞི་མཐོ་བའི་མཛེས་པའི་མཚོ་སྔོན་ད་ལྟའི་དུས་རབས་གསར་བའི་རླབས་རྒྱུན་ཁྲོད་མགོ་བོ་དགྱེས་ཏེ་མདུན་དུ་བསྐྱོད་བཞིན་ཡོད།  ང་ཚོས་མུ་མཐུད་དུ་སྦས་ཤུགས་སྔོག་འདོན་བྱས་ཏེ། ཡུལ་སྐོར་གྱི་འདོན་སྤྲོད་མཐོ་རུ་གཏོང་བ་དང་། དག་གཙང་གི་གནས་མཆོག་དེ་ཀུན་གྱིས་དགའ་བསུ་བྱེད་པའི་གནས་མཆོག་ཏུ་བསྒྱུར་ནས། ཁྱད་དུ་འཕགས་པའི་ཐོན་ཁུངས་ཁྱད་སྟོབས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགུལ་ནུས་ཆེན་པོར་བསྒྱུར་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་བྱས་རྗེས་གསར་པ་འཇོག་དགོས།

ཤ་བོ་རིན་མཚོས་བསྒྱུར།