མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་བརྗོད།
ཉེ་ལམ། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དེ་ཟི་ལིང་དུ་གཟབ་རྒྱས་ངང་བསྡུས། ཚོགས་འདུ་ལས་འདས་པའི་ལོ་ངོ་གཅིག་རིང་གི་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་བྱ་བ་སྔར་ལས་ལེགས་པོར་བསྒྲུབ་པར་བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཐད་འབུར་དུ་ཐོན་པའི་བྱས་རྗེས་བཞག་པའི་ཚན་རྩལ་ལས་དོན་པ་དང་ཚན་ཞིབ་ཚོགས་པར་གཟེངས་བསྟོད་དང་བྱ་དགའ་གནང་། ང་ཚོས་ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་གསར་གཏོད་སྐུལ་སྤེལ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་གཏོད་ལ་ཁྲིད་སྟོན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་པའི་སྐུལ་སློང་བྱས།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཚན་རྩལ་དེང་རབས་ཅན་ལ་བརྟེན་ནས་འདེགས་སྐྱོར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་ན་ཚན་རྩལ་གསར་གཏོད་གསར་སྤེལ་གྱི་སྒུལ་ནུས་གསར་བར་བརྟེན་དགོས། 2024ལོར། མཚོ་སྔོན་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཀྱི་འཕྲིན་གསར་མང་དུ་བསྒྲགས་པ་དང་། གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ཚད་ལེན་དྲ་རྒྱ་དང་སྐྱེ་ཁམས་ཆུ་དཔྱད་རྒྱུ་རྐྱེན་ལྟ་ཞིབ་ཚད་ལེན་གཞི་གྲངས་མཛོད་བཙུགས་ནས། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་ས་ངོས་ཀྱི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་གྱི་སྟོང་ཆ་བསྐངས། མཚོ་སྔོན་གྱི་ཀུའེ་ཐོན་ཁུངས་དེ་རྒྱལ་ཁབ་རིམ་པའི་གསར་གཏོད་ཐོན་རྫས་ཀྱི་གྲས་སུ་བདམས་པ་དང་། འཛམ་གླིང་གི་ཁི་ལོམ་འབྲོག་ལུགས་ཐོག་མ་མཚོ་སྔོན་དུ་རྩེབས་པ་སོགས་ཚན་རྩལ་གྱི་གྲུབ་འབྲས་མང་པོ་བྱུང་ཞིང་། དེས་མཚོ་སྔོན་གྱིས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་བ་དང་བགྲོད་ལམ་གསར་བ་བཏོད་པ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་དགེ་མཚན་གསར་བ་བསྐྲུན་པའི་འབད་བརྩོན་མངོན་པར་བྱས་ཏེ། མཚོ་སྔོན་གྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པས་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ཞིང་། དཔའ་ངར་ཁག་ཁུར། འབད་འཐབ་བརྩོན་ལེན། ལས་བསྐྲུན་ལེགས་སྒྲུབ་བཅས་ཀྱི་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱས་པས། ང་ཚོས་གསར་གཏོད་ཀྱི་ཐོན་ཁུངས་གཅིག་འདོམས་དང་སྟོབས་ཤུགས་རྩ་འཛུགས་བྱེད་པར་ཤུགས་སྣོན་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་།
ད་སྐབས། མཚོ་སྔོན་གྱི་གསར་གཏོད་གསོན་ཤུགས་བསྐྱེད་པ་དང་། འཕེལ་རྒྱས་ཇེ་མགྱོགས་ནས་ཇེ་མགྱོགས་རེད། ལྗང་མདོག་རྩིས་གློག་གི་མཐུན་སྦྱོར་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ཞིང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་སྟོབས་ནུས་བསྩལ་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལྗང་མདོག་ཚུལ་སྒྱུར་མངོན་འགྱུར་བྱས་ལ། སྒུལ་ནུས་གསར་རྙིང་གཏན་འཇགས་རྒྱུན་མཐུད་སྒོས་ཚུལ་སྒྱུར་བྱེད་པར་སྐུལ་འདེད་བཏང་བས། ལས་འགན་དང་འགན་འཁྲི་ཧ་ཅང་ལྕི། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཐོ་སྒང་དང་ཐོན་ཁུངས། ནུས་ཁུངས་བཅས་ཀྱི་གཙོ་རྒོལ་ཁ་ཕྱོགས་ལ་དམིགས་ཤིང་། རྒྱལ་ཁབ་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་འདུན། མ་འོངས་ཀྱི་ཁ་ཕྱོགས་བཅས་ལ་གཞིགས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་བར་སྟོང་གསར་བ་རྒྱ་བསྐྱེད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་བསྐྱེད་དེ། ཚན་རྩལ་གསར་གཏོད་ཀྱི་འགག་རྩའི་འགྱུར་ཚད་དེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཆེས་ཆེ་བའི་འཕར་ཚད་དུ་འགྱུར་བར་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་འཐབ་ཇུས་གཙོ་ཁྲིད་གོ་གནས་རྒྱུན་འཁྱོངས་བྱེད་པ་དང་། གོ་སྐབས་དམ་འཛིན་དང་རང་འགུལ་བརྩོན་ལེན་བྱེད་པ། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་མཐོར་འདེགས་གཏོང་བ་དང་གསར་དར་ཐོན་ལས་རྒྱ་བསྐྱེད་པ། མ་འོངས་ཐོན་ལས་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་བཅས་ལ་དམིགས་ནས། གཞི་གྲངས་ཐོན་ལས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། ཆ་འཕྲིན་ལག་རྩལ་གྱི་གསར་གཏོད་སྒུལ་ཤུགས་ལ་བརྟེན་ནས། ཐོན་ལས་གསར་བ་དང་ལས་རྣམ་གསར་བ། བྱེད་ཐབས་གསར་བ་བཅས་སྐུལ་སྤེལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཐོན་ཁུངས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་ཚུལ་སྒྱུར་བྱེད་དགོས།
དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་དགོས་ན། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ངེས་པར་དུ་མགྱོགས་མྱུར་ངང་མངོན་འགྱུར་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་སྐྱེ་ཁམས་མ་ལག་ལེགས་པོ་འཛུགས་པ་དང་། བྱེད་པོ་མི་འདྲ་བའི་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་བསྐྱེད་པ། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་བྱེད་མཁན་གྱི་གོ་གནས་མཐོར་འདེགས་བཏང་སྟེ། ཁེ་ལས་ཀྱིས་གསར་གཏོད་མ་ལག་འཐུས་ཚང་གཏོང་བ་དང་། གསར་གཏོད་ནུས་པར་ཤུགས་སྣོན་པ། གསར་གཏོད་ཀྱི་གསོན་ཤུགས་བསྐྱེད་པ་བཅས་ལ་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་དགོས། མ་ལག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སློབ་གསོ་དང་ཚན་རྩལ་འཇོན་མིའི་ལམ་ལུགས་རྐྱེན་སྲོལ་གཞི་གཅིག་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཚན་སློབ་མཉམ་འབྲེལ་སྒོས་མི་སྐྱོང་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྐྱེད་སྲིང་དང་སྐུལ་སློང་རྐྱེན་སྲོལ་འཐུས་ཚང་བཟོ་བ་དང་། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ཀྱི་འཁོར་རྒྱུག་ལེགས་ཤོས་གེགས་མེད་ཡོང་བར་བྱས་ནས། ཚན་རྩལ་འཇོན་མིའི་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་བསྐྱེད་པ་དང་། ཚན་རྩལ་གསར་གཏོད་གསར་སྐྲུན་མ་ལག་གི་སྤྱིའི་ཕན་ནུས་མཐོར་འདེགས་གཏོང་དགོས། སྤུས་ཚད་མཐོ་བའི་ཚན་རྩལ་གྲུབ་འབྲས་ཀྱི་ནུས་མཐོའི་ཚུལ་སྒྱུར་ལ་ཤུགས་སྣོན་པ་དང་། ཚན་རྩལ་གསར་གཏོད་གྲུབ་འབྲས་ཚུལ་སྒྱུར་གྱི་དགོས་མཁོར་དམིགས་ནས། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲུབ་འབྲས་ཚུལ་སྒྱུར་དང་ཐོན་ལས་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་དགོས། ཚན་རྩལ་གསར་གཏོད་དེ་མཚོ་སྔོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་གོ་གནས་གཙོ་བོར་འཇོག་པ་དང་། ལམ་ལུགས་རྐྱེན་སྲོལ་གསར་གཏོད་ལ་བརྟེན་ནས་ཚན་རྩལ་གསར་གཏོད་ཀྱི་མཉམ་ཤུགས་གཅིག་སྡུད་བྱས་ཏེ། མཁོ་འདོན་སྣེ་གཉིས་མཉམ་འགུལ་མཉམ་སྐྱོད་ཀྱི་རྣམ་པ་བཟང་པོ་ཆགས་པར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཐད་ཚན་རྩལ་གྱི་སྟོབས་ཤུགས་སྔར་ལས་མང་པོ་འབུལ་དགོས།
ལྷ་མོ་འཚོས་བསྒྱུར།