སློབ་བཤེར་སྒྱུར་གསུམ་གཞི་གཅིག་ཏུ་སྐུལ་སྤེལ་བྱེད་པར་ཤུགས་འདོན་དགོས།
2025.06.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཞིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ་པས་སྤེལ་བའི་དཔྱད་གཏམ། 

“སྤྱོད་ཚུལ་གྱི་བླང་བྱ་ནན་མོ་དེ་དངོས་གནས་བྱེད་ཐབས་དྲག་པོ་རུ་བསྒྱུར་བ་དང་། སྒྲིག་ལམ་གཟབ་ནན་སྒོས་ལག་བསྟར་ནུས་ལྡན་བྱས་ནས། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། ཞིབ་བཤེར་ལ་ནུས་ཤུགས་ཡོད་པ། བཅོས་སྒྱུར་ལ་ཕན་འབྲས་ཡོད་པར་བྱེད་དགོས” ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་ཧི་ནན་དུ་རྟོག་ཞིབ་མཛད་སྐབས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཐད་བླང་བྱ་གསལ་པོ་བཏོན། སློབ་བཤེར་སྒྱུར་གསུམ་གཞི་གཅིག་ཏུ་སྐུལ་སྤེལ་བྱེད་པར་ཤུགས་རྒྱག་དགོས་པ་ནན་གྱིས་བསྟན་པ་དེས། སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་དོན་ཐོག་ཏུ་འཁྱོལ་བ་དང་།  ཕན་འབྲས་ངོ་མ་ལེན་པར་ཚན་རིག་དང་མཐུན་པའི་བྱེད་ཐབས་འདོན་སྤྲོད་བྱས་ལ། འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དམངས་ཀྱི་ཡིད་རྟོན་འགུག་པའི་བྱེད་ཐབས་ཤིག་ཡིན་ལ། དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་ཤིག་ཀྱང་རེད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ད་ལོའི་ཏང་གི་འཛུགས་སྐྲུན་བྱ་བའི་གཙོ་གནད་ལས་འགན་རེད། སློབ་སྦྱོང་སློབ་གསོ་འགོ་བརྩམས་པའི་ཚུན་དུ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་གི་བླང་བྱ་དང་བཀོད་སྒྲིག་ལྟར། སློབ་སྦྱོང་སློབ་གསོ་གོ་རིམ་དང་ཕན་འབྲས་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་བཏང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྒྲུབས་ཏེ། ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དང་བསམ་གཞིགས་གཏོང་བར་དཔེ་སྟོན་དང་སྐུལ་ཁྲིད་བྱས་པ་དང་། “སྤྱོད་ཚུལ་བརྟག་བཤེར”བྱས་ནས། གནད་དོན་དངོས་གནས་མ་ནོར་བར་འཚོལ་བ་དང་འགོ་ཁུངས་གཏིང་འདེད་བྱས་ལ། མང་ཚོགས་ཀྱི་འབོད་སྐུལ་ལ་ཧུར་ཐག་གིས་ཨ་ལན་སློག་པ་དང་། ཁག་ཁུར་ལས་སྒྲུབ་མི་བྱེད་པ་དང་ཁག་འགན་གཞན་དཀྲི་བྱེད་པ་སོགས་ཀྱི་དངོས་ཡོད་གནད་དོན་ལ་དམིགས་ནས་དག་ཐེར་བཅོས་སྐྱོང་སྤེལ་བ་སོགས་ཀྱི་ལག་ལེན་གྱིས་ང་ཚོར་སློབ་སྦྱོང་སློབ་གསོ་ལེགས་པར་སྤེལ་དགོས་ན། སློབ་བཤེར་སྒྱུར་གསུམ་གཞི་གཅིག་ཏུ་སྐུལ་སྤེལ་བྱེད་པར་ངེས་པར་དུ་ཤུགས་རྒྱག་དགོས་པ་དང་། ཏང་ཡོན་ལས་བྱེད་པ་མི་སྒེར་གྱི་ཞིབ་བཤེར་དག་ཐེར་དང་རྩ་འཛུགས་ཀྱི་ཞིབ་བཤེར་དག་ཐེར་གཉིས་ཟུང་འབྲེལ་དམ་པོ་བྱེད་པ། སློབ་སྦྱོང་གཏིང་ཟབ་དང་ཞིབ་བཤེར་དོན་དངོས་དང་མཐུན་པ། བཅོས་བསྒྱུར་དོན་ཐོག་ཏུ་འཁྱོལ་བར་ཧུར་བརྩོན་བྱེད་པ་བཅས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་ཆད་མེད་པར་གཏིང་ཇེ་ཟབ་ཏུ་གཏོང་དགོས་པ་གསལ་པོར་བརྗོད་ཡོད།

སློབ་བཤེར་སྒྱུར་གསུམ་གཞི་གཅིག་ཏུ་སྐུལ་སྤེལ་བྱེད་དགོས་ན། སྤུས་ཚད་ལྡན་པའི་སློབ་སྦྱོང་ལ་དོན་དང་ལྡན་པའི་ནུས་ཤུགས་འདོན་དགོས། སློབ་སྦྱོང་སློབ་གསོ་ལེགས་པར་སྤེལ་བར་བསམ་པའི་གཞུང་ལུགས་ཀྱི་སློབ་སྦྱོང་དམ་འཛིན་བྱེད་རྒྱུ་ནི་རྨང་གཞི་ཡིན། བསླབ་པ་ཟབ་ཅིང་དོན་རྟོགས་པའི་ཐད་ཤུགས་རྒྱག་དགོས། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་རྒྱུན་ཆད་མེད་པར་ཟབ་སྤེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་སོགས་ཀྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པ་དང་ལག་ལེན་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བྱས་པ་ལས་ཐོབ་པའི་ཕན་འབྲས་དང་ཉམས་མྱོང་མ་ལག་ལྡན་པའི་སྒོ་ནས་སྤྱི་སྡོམ་བྱེད་དགོས། ཇི་མ་ཇི་བཞིན་དུ་སློབ་པ་དང་ཏན་ཏན་ཏིག་ཏིག་གིས་གོ་བ་བླངས་ཏེ། བརྗོད་བྱའི་སྙིང་པོར་གོ་བ་གཏིང་ཟབ་ལེན་དགོས། དངོས་ཡོད་དང་སྦྲགས་ཏེ་སློབ་སྦྱོང་བྱེད་པ་དང་། ཁ་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་དྲག་ཏུ་གཏོང་བ། ངེས་པ་དོན་གྱིས་སློབ་སྦྱོང་བྱེད་པ་དང་སློབ་སྤྱོད་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱས་ནས། ནང་སེམས་སུ་འཇགས་ཤིང་ཕྱིའི་སྤྱོད་ལམ་དུ་སིམ་པར་བྱེད་དགོས། བྱེད་ཐབས་གསར་གཏོད་བྱེད་པ་དང་། དཔེ་གཞིར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དམ་འཛིན་བྱེད་པ། སྤྱོད་ངན་རུལ་སུངས་སུ་གྱུར་པའི་གྱོད་དཔེ་སྤྱད་དེ་ཉེན་བརྡ་སློབ་གསོར་ཤུགས་སྣོན་པ། ཏང་གཤིས་ཞུན་བརྡར་དང་ངོས་འཛིན་དང་བསམ་བློའི་གོ་རྟོགས་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ། བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་བསྐྲུན་དགོས།

སློབ་བཤེར་སྒྱུར་གསུམ་གཞི་གཅིག་ཏུ་སྐུལ་སྤེལ་བྱེད་དགོས་ན། ཕན་ནུས་ཡོད་པའི་སྒོ་ནས་ཞིབ་བཤེར་ལ་ཤུགས་རྒྱག་དགོས། གནད་དོན་ལ་དྲང་ཐད་དུ་ལྟ་བ་དང་གནད་དོན་མ་ནོར་བར་རྙེད་ན། ད་གཟོད་དངོས་གནས་གནད་དོན་ཐག་གཅོད་བྱེད་ཐུབ། གནད་དོན་ལ་གདོང་གཏོད་སྐབས་ཐག་གཅོད་བྱེད་ཁུལ་ཙམ་དང་ཁག་གཡོལ་སླ་བཅོས་བྱེད་པ་དང་ཐ་ན་ངན་ཚང་ཁོག་རུལ་བྱེད་དུ་འཇུག་མི་རུང་བར། གནད་དོན་ལ་ཐད་ཀར་དུ་གདོང་གཏོད་པ་དང་། རང་ཉིད་ལ་དབྱེ་ཞིབ་བྱེད་ཕོད་པ་དང་རང་ཉིད་དེའི་ཁྲོད་དུ་འཇོག་པ་དང་ལས་འགན་དེའི་ཁྲོད་དུ་འཇོག་པ། བྱ་བ་དེའི་ཁྲོད་དུ་འཇོག་པ་བཅས་བྱེད་དགོས་པར་མ་ཟད། ཚད་བསྡུར་ཐོ་གཏུག་དང་ནན་ཏན་གྱིས་ཞིབ་ལྟ་བྱེད་དགོས། དེ་དང་ཆབས་ཅིག་སྒྲིག་ཁྲིམས་ལྟ་ཞིབ་དང་སྐོར་གཟིགས་སྐོར་ཞིབ། ཡིག་བསྐུར་ངོ་གཏུག་སོགས་ཀྱི་ཐབས་ལམ་བརྒྱུད་དེ། གནད་དོན་ངོ་མར་ཞིབ་བཤེར་དང་གནད་དོན་ལ་དངོས་གནས་ཞིབ་བཤེར་བྱེད་དགོས། གནད་དོན་ལ་ཞིབ་བཤེར་བྱེད་སྐབས་ཆེ་ཆུང་གཙོ་ཕལ་ལ་དབྱེ་བ་མེད་པར་འཛིན་མི་རུང་བར། གཙོ་གནད་འབུར་དུ་དོད་པ་དང་། “གནད་འགག་ཉུང་ཤས”དང་གནད་འགག་མཚམས་ཚིགས། གནད་འགག་ཁྱུ་ཚོགས། གནད་འགག་གནད་དོན་བཅས་ལ་དམིགས་ཏེ། ཕྱོགས་ཡོངས་དང་གནད་དུ་ཁེལ་བར་ཞིབ་བཤེར་བྱེད་དགོས། རྒྱུན་དུ་དམ་འཛིན་དང་ཡུན་རིང་པོར་དམ་འཛིན་བྱེད་པ་དང་། གནད་དོན་འཚོལ་བ་དེ་ཏང་ཡོན་ལས་བྱེད་པའི་དུས་ཚོད་བརྒྱད་ཀྱི་འགོ་མཇུག་ཀུན་ལ་ཁྱབ་པར་བྱེད་པ། རྒྱུན་དུ་ལྟ་རྟོག་ཡར་སྐུལ་བྱེད་པ་དང་གང་ཡིན་ས་ནས་ཚད་བསྡུར་བྱེད་པ། ཡང་དང་བསྐྱར་དུ་འབྱུང་སྲིད་པའི་གནད་དོན་གཅུན་སྡོམ་དམ་པོ་བྱེད་པ་བཅས་བྱས་ནས་ལྷོད་གཡེང་མེད་པར་མུ་མཐུད་དུ་དམ་འཛིན་བཟང་བོ་བྱེད་དགོས། སྔ་མོ་ནས་འཛིན་པ་དང་ཆུང་ས་ནས་འཛིན་པ། ཕྲ་ས་ནས་འཛིན་པ། ཏང་ཡོན་ལས་བྱེད་པའི་ལུས་སྟེང་གི་ནད་རྟགས་རང་བཞིན་དང་འཁོར་ཕྱོགས་རང་བཞིན་གྱི་གནད་དོན་སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་གསལ་འདེབས་བྱས་ཏེ། ནོར་འཁྲུལ་ཆུང་ཆུང་གནད་དོན་ཆེན་པོར་འགྱུར་བ་སྔོན་འགོག་བྱེད་དགོས།

སློབ་བཤེར་སྒྱུར་གསུམ་གཞི་གཅིག་ཏུ་སྐུལ་སྤེལ་བྱེད་དགོས་ན། ཕན་འབྲས་ཐོན་ནུས་པའི་བཅོས་སྒྱུར་ལ་ཤུགས་འདོན་དགོས། སློབ་སྦྱོང་བྱས་པ་གཏིང་ཟབ་མི་ཟབ་དང་ཞིབ་བཤེར་དོན་དངོས་ཡིན་མིན་དེ་མདོར་དེད་ན་བཅོས་བསྒྱུར་བྱས་པའི་བཟང་ངན་ལ་ཐུག་ཡོད། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། དུས་སྔོན་གྱི་སློབ་སྦྱོང་དང་རང་བརྟག ཞིབ་བཤེར་གཏིང་ཟབ་དང་མང་ཚོགས་ཀྱིས་ཚུར་སྣང་བྱས་པའི་སྤྱོད་ཚུལ་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ལ་དམ་པོར་དམིགས་པ་དང་། ཞིབ་ཐོ་བཟོ་བ་དང་ལས་འགན་གསལ་པོ་བཟོ་བ། འཆར་གཞི་དང་བསྟུན་ནས་དམག་འཐབ་རྒྱག་པ་དང་འཕེལ་ཚད་ལ་ཁག་ཐེག་བྱེད་པ་བཅས་བྱས་ནས། བྱེད་ཐབས་ངོ་མར་བརྟེན་ནས་གཅིག་བསྡུས་བཅོས་སྐྱོང་ལ་སྐུལ་སྤེལ་བྱེད་དགོས། གཅིག་བསྡུས་བཅོས་སྐྱོང་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ་གཉིས་ཟུང་འབྲེལ་བྱེད་པ་དང་། འཕྲལ་བརྟག་འཕྲལ་བཅོས་དང་ཤེས་འཕྲལ་ལེགས་བཅོས་རྒྱུན་འཁྱོངས་བྱེད་པ། “མིག་སྔའི་བཅོས་སྒྱུར”དང“ཡུན་རིང་དུ་ཚུགས་པ”གཉིས་ཟུང་འབྲེལ་བྱེད་པ། ཏང་གཤིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་དང་སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་རྒོལ་བ་གཞི་གཅིག་ཏུ་འདྲེས་པར་བྱེད་པ་བཅས་བྱས་ཏེ། ཁ་གཏད་རང་བཞིན་ཡོད་པའི་སྒོ་ནས་འབྲེལ་ཡོད་ལམ་ལུགས་དང་གཏན་འབེབས་འཐུས་ཚང་དུ་གཏོང་དགོས། སྒོ་ཕྱེས་ནས་སློབ་གསོ་སྒྲུབ་པ་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ནང་དུ་ཞུགས་པར་དོ་སྣང་བྱེད་པ། མང་ཚོགས་ཀྱི་ལྟ་སྐུལ་ཤན་འབྱེད་དང་ལེན་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མང་ཚོགས་ལ་ཁེ་བཟང་བསྐྲུན་པ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་དུ་འཇུག་པ་བཅས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་པར་བྱེད་དགོས།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ལོ་ལྔ་དང་ལོ་བཅུའི་རིང་གི་གཏན་འབེབས་ཙམ་མ་ཡིན་པར། དུས་ཡུན་རིང་པོའི་ཕན་ནུས་ལྡན་པའི་སྒྲིག་ལམ་ནན་མོ་ཞིག་རེད། སྤྱོད་ཚུལ་འཛུགས་སྐྲུན་ནི་ནམ་ཡང་ལག་བསྟར་བྱེད་དགོས་པ་ལས་མཇུག་རྫོགས་པའི་དུས་ཤིག་མེད་པས། ངེས་པར་དུ་དམ་འཛིན་ལྷོད་མེད་བྱས་ནས་བྱས་རྗེས་བསྐལ་བར་འཇོག་དགོས། སློབ་བཤེར་སྒྱུར་གསུམ་གཞི་གཅིག་ཏུ་སྐུལ་སྤེལ་བྱེད་པ་དང་། སློབ་སྦྱོང་སློབ་གསོ་ལེགས་པོར་སྤེལ་བ། ལག་པས་ལྕགས་ལ་འཇུས་ན་ལག་རྗེས་ཡོད་པ་དང་གོམ་པ་རྡོ་ལ་སྤོས་ན་རྐང་རྗེས་ཡོད་པའི་ཤེད་ཤུགས་ཀྱིས་སྤྱོད་ཚུལ་འཛུགས་སྐྲུན་ལེགས་འཛིན་བྱེད་པ་དང་། ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་དང་སྡེ་བའི་དམངས་སྲོལ་ལ་སྣེ་ཁྲིད་པ། སྤྱོད་ཚུལ་བཟང་པོར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་ལས་སྒྲུབ་ལས་སྐྲུན་བཅས་བྱས་ན། ཕྱོགས་ཡོངས་ནས་བཅོས་བསྒྱུར་སྔར་ལས་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་སྤེལ་བྱེད་པར་སྔར་ལས་སྟོབས་ཤུགས་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་ཐུབ། །

ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།