རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་བྱེད་པའི་འཆར་འགོད་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། གྲོང་གསེར་དར་སྤེལ་བྱེད་པའི་བརྒྱུད་རིམ་ཁྲོད། རྒན་པ་རྣམས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། བདེ་ཐང་དང་དཔལ་ཡོན་གྱི་འཚོ་བ་སྐྱེལ་སྟངས་གསར་པ་གསར་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རྒན་པར་བཀུར་ཞིང་རྒན་པར་དགའ་བ། རྒན་པར་རོགས་རམ་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་ཆེད། ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་བད་ཁོ་སྡེ་བས་རོགས་རེས་བདེ་སྐྱིད་གཞིས་ཁྱིམ་ཞེས་པ་བཙུགས་ནས། བྱ་སྤྱོད་དངོས་ལས་ཏང་གི་བརྩེ་སེམས་དྲོན་མོ་རྒན་པ་རྣམས་ཀྱི་སེམས་སུ་ཁྱབ་པར་བྱས། དེའི་སྐོར་ནས་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་བད་ཁོ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་སྟག་ལྷས་བཤད་རྒྱུར།
ན་ནིང་ནས་བཟུང་སྟེ་ང་ཚོ་སྡེ་བས་བདེ་སྐྱིད་རོགས་རེས་གཞིས་ཁྱིམ་བཙུགས་ནི་རེད། འདི་ལྟ་བུར་མཚོན་ན་ཡང་ཞིང་ཆེན་རིམ་པའི་སྐར་མ་གཉིས་ཅན་གྱི་ཚད་གཞིར་ཐོན་ཡོད་ནི་རེད། དུས་རྒྱུན་དུ་ང་ཚོས་འདི་ནས་ལོ་ལོན་ཚོར་དྲོས་ཇ་ལྡུད་པ་དང་། ཡང་ན་འགྱིག་འཇོག་རྒྱུ། ཁ་བརྡ་བྱེད་དུ་འཇུག་པ་སོགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད། འདི་དག་གི་ཐད་ནས་བལྟས་ན་ཡང་ང་ཚོ་སྡེ་བའི་སྤྱིའི་ཆ་ནས་འཕོ་འགྱུར་ཆེན་པོ་བྱུང་ཡོད་ནི་རེད།
བད་ཁོ་སྡེ་བའི་རོགས་རེས་བདེ་སྐྱིད་གཞིས་ཁྱིམ་དུ་ལས་བྱེད་མི་སྣ་རྣམས་ཀྱིས་རྒྱུན་དུ་རྒན་པ་རྣམས་ལ་ཁ་བརྡ་བྱས་ནས།ཁོ་ཚོའི་འཚོ་བ་དང་ལུས་ཕུང་བདེ་ཐང་གི་གནས་ཚུལ། དེ་མིན་དུས་རྒྱུན་འཕྲད་པའི་དཀའ་ངལ་སོགས་ཞིབ་ཏུ་དྲིས་ཏེ། སྐབས་རེར་ཁ་གཏད་རོགས་སྐྱོར་བྱེད་པའི་བྱེད་ཐབས་སྤྱད་དེ་ཁོ་ཚོར་འབྲས་དང་ཕྱེ། སྣུམ་སོགས་འཚམས་འདྲིའི་དངོས་པོ་བྱིན་ནས། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་བར་དུ་འབྲེལ་ལམ་ཡག་པོ་བཏོད་པ་དེས་སྡེ་བའི་རྒན་པ་རྣམས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་སོང་ཡོད། དེའི་སྐོར་ནས་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་བད་ཁོ་སྡེ་བའི་ཏང་ཡོན་རྒན་པ་ཨ་ཁུ་བློ་གྲོས་ཀྱིས་གསར་འགོད་པར་འདི་ལྟར་བཤད།
ཏང་དང་རྒྱལ་ཁབ་ཀྱི་དྲིན་ན་ལོ་ལོན་རྣམས་ལ་ཟ་མ་བླུད་ནས། ལོ་ལོན་ཚོ་ཡིན་ན་ཡང་སྐྱིད་ནོ་བདེ་ནོ། སྲིད་ཇུས་ཡག་ནོ། རང་གི་སྡེ་བའི་ལས་བྱེད་པ་དང་སྡེ་སྡོད་ལས་བྱེད་པ་རྣམས་ཀྱི་བཀའ་དྲིན་ན་འདི་ལྟར་ཁང་པ་སྐྱིད་པོ་འདིའི་ནང་དུ་དེ་རིང་འདི་ལྟར་ཡོང་བཞིན་པར་བལྟས་ན་སྟོན་མོ་ཡོང་གི་ཡོད་ནི་ཞིག་ལ་རིག་ནོ་འདི་ད་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཡིན་ནོ་རང་གིས་ངོས་ཟིན་ཡོད།
བད་ཁོ་སྡེ་བའི་རོགས་རེས་བདེ་སྐྱིད་གཞིས་ཁྱིམ་དུ་རྒན་པ་རྣམས་ངལ་གསོས་ནས་ཁ་བརྡ་བྱེད་ས་དང་ཟ་ཁང་། མིག་མངས་རྩེ་ས། ལུས་སྦྱོང་ཁང་སོགས་ཡོད་པ་དང་། དེ་ཡིས་རྒན་པ་རྣམས་ལ་འཚོ་བའི་ལྟ་སྐྱོང་དང་སྤྲོ་གསེང་རོལ་རྩེད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཐུབ། རོགས་རེས་བདེ་སྐྱིད་གཞིས་ཁྱིམ་སྒོ་ཕྱེས་པ་ནས་བཟུང་རྫོང་དམངས་སྲིད་སྡེ་ཁག་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག སྡེ་བའི་ལས་བྱེད་མི་སྣ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་འབད་བརྩོན་ཆེན་པོས་རྒན་པ་རྣམས་ལ་སྔར་ལས་ལེགས་པའི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་ཆེད། རིན་མེད་ངང་རྒན་པ་རྣམས་ལ་དགོས་གལ་ཆེ་བའི་སྨན་རིགས་སྟེར་བ་དང་རིན་མེད་ཀྱིས་སྐྲ་བཞར་བ་སོགས་རྒན་གསོའི་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱས་ནས། རྒན་པ་རྣམས་ཀྱི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་། དེའི་སྐོར་ནས་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་བད་ཁོ་སྡེ་བའི་རྩིས་གཉེར་བ་དཀོན་མཆོག་རྒྱལ་གྱིས་བཤད་རྒྱུར།
ང་ཚོ་བད་ཁོ་སྡེ་བའི་བདེ་སྐྱིད་རོགས་རེས་གཞིས་ཁྱིམ་འདིར་མཚོན་ན། འདིའི་ནང་དུ་ལོ་ལོན་བརྒྱ་ཅུ་གྱ་གསུམ་ཡོད། འདིར་ཡོང་ནས་ཟ་མ་ཟ་ཐུབ་པའི་ལོ་ལོན་བཞི་བཅུ་ནས་ལྔ་བཅུ་ཙམ་ཡོད། དེ་མིན་འདི་རུ་ད་དུང་ངེད་སྡེ་བས་ལས་བགོས་བྱས་ཡོད་པའི་ལས་བཟོ་བ་ལྔ་དང་དང་བླངས་མཁན་བཅུ་ཡོད། བསྡོམས་པས་མི་བཅོ་ལྔ་ཙམ་གྱིས་འདི་རུ་ལོ་ལོན་རྣམས་ལ་ཞབས་ཞུ་སྒྲུབ་བཞིན་ཡོད།
བུད་མེད་རྣམས་ཀྱིས་དུས་རྒྱུན་དུ་རང་གི་ཁྱིམ་ལས་དང་འཚོ་ཚིས་སྒྲུབ་པའི་ཞོར་དུ། སྒོ་འགྲམ་དུ་ལས་ཀར་ཞུགས་ནས་འཚོ་བའི་གནོན་ཤུགས་ཇེ་ཡང་དུ་གཏོང་ཆེད། བད་ཁོ་སྡེ་བའི་རོགས་རེས་བདེ་སྐྱིད་གཞིས་ཁྱིམ་གྱིའགན་ཁུར་པ་ཚོས་སྡེ་བའི་ནང་དུ་བུད་མེད་དང་བླངས་ཞབས་ཞུ་རུ་ཁག་ཅིག་བཙུགས་ཏེ། ཁོ་ཚོ་ལས་ཞུགས་བྱས་ནས་ཡོང་སྒོ་བཙལ་བར་སྟབས་བདེའི་སྟེགས་བུ་ཞིག་བསྐྲུན། དེའི་སྐོར་ནས་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་བད་ཁོ་སྡེ་བའི་རོགས་རེས་བདེ་སྐྱིད་གཞིས་ཁྱིམ་གྱི་དང་བླངས་ཞབས་ཞུ་བ་བདེ་སྐྱིད་འཚོས་བཤད་རྒྱུར།
ངས་འདི་ནས་རང་གི་ཁྱིམ་ཚང་གི་ལས་ཀའི་ཞོར་དུ་ལོ་ལོན་ཚོ་ཟ་མ་ལྡུད་རོགས་དང་གཙང་སྤྲ་བྱེད་རོགས་བྱེད་བཞིན་ཡོད། དེ་ལྟར་བྱས་ན་རང་འདི་ནས་ཉིད་ལ་ཡོང་སྒོ་ཞིག་ཀྱང་ཡོད།
བད་ཁོ་སྡེ་བས་རོགས་རེས་བདེ་སྐྱིད་གཞིས་ཁྱིམ་བཙུགས་པ་ནི། རྒན་པ་རྣམས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་སྐྱིད་སྦྱིན་སྟངས་ཤིག་དང་། ཏང་ཡོན་ལས་བྱེད་པས་གཞི་རིམ་ལ་ཞབས་འདེགས་ཞུ་བའི་སྣང་བརྙན་ལེགས་པོ་བཞེངས་སྐྲུན་བྱས་པ་ཞིག་ཡིན་པར་མ་ཟད། དེ་ལས་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ཤིག་བདེ་སྐྱིད་ལྡན་མིན་དེ་གཙོ་བོ་རྒན་པ་རྣམས་བདེ་སྐྱིད་ལྡན་མིན་ལ་བལྟ་རྒྱུ་གལ་ཆེ་ཞེས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་པའི་བསྡུས་གཟུགས་ཤིག་རེད།
གསར་འགོད་པ། གཡང་འབུམ་རྒྱལ། ཚེ་རིང་དོན་འགྲུབ།
བཀྲ་ཤིས་སྐྱིད། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།