མིས་ཐབས་རིག་ནུས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་བསྩལ།
2025.06.24 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རབས་གསར་པའི་མིས་ཐབས་རིག་ནུས་ལག་རྩལ་མགྱོགས་མྱུར་རིམ་འཕེལ་བྱུང་བའི་གནས་བབ་གསར་པར་གདོང་གཏད་དེ། རྣམ་པ་གསར་པའི་རྒྱལ་ཡོངས་སྒྲིག་སྲོལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། རང་ཚུགས་རང་སྟོབས་རྒྱུན་འཁྱོངས་དང་ཉེར་སྤྱོད་ཕྱོགས་སྟོན་འབུར་དུ་བཏོད་ནས། རང་རྒྱལ་གྱི་མིས་ཐབས་རིག་ནུས་ནུས་ལྡན་དང་བདེ་འཇགས། འདྲ་མཉམ་བཅས་ཀྱི་ཕྱོགས་སུ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ད་ལོའི་ཚུན་ལ། རང་རྒྱལ་གྱི་མིས་ཐབས་རིག་ནུས་དར་རྒྱས་ཆེན་པོ་བྱུང་བ་དང་། སྔར་བྱུང་མ་མྱོང་བའི་མྱུར་ཚད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་ལ་ནུས་པ་འདོན་བཞིན་ཡོད། སྲིད་ཇུས་ཀྱི་ཁྲིད་སྟོན་དང་། ལག་རྩལ་གསར་གཏོད། ཐོན་ལས་མཉམ་འདྲེས་སོགས་རེས་སྐོར་མང་པོའི་སྐུལ་འདེད་འོག མིས་ཐབས་རིག་ནུས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྩོལ་བཞིན་ཡོད།

ཞོགས་པར། ཧྲིན་ཀྲིན་གྱི་རིག་ནུས་མཁར་སྡེ་རུ། མིས་ཐབས་རིག་ནུས་བདེ་ཐང་བདག་གཉེར་ཚོགས་པས་རྒན་པའི་བདེ་ཐང་གི་དགོས་མཁོ་ལྟར་ནངས་ཇའི་ཟས་ཐོ་བཟོས་ཡོད། ཉིན་གུང་གི་རྗེས་སུ། ཅི་ནན་གྱི་སྤྱི་ཚོགས་འགན་བཅོལ་ཚོམས་ཆེན་དུ། མིས་ཐབས་རིག་ནུས་ལས་བཟོ་བས་མགྱོགས་མྱུར་ངང་སྤྱི་ཚོགས་འགན་བཅོལ་གྱི་རྩིས་ཐོ་བརྒྱ་ལྷག་ཐག་གཅོད་བྱས། ས་སྲོས་སུ་སླེབས་པ་ན། ཉིན་པོའི་རིག་ནུས་འགྲིམ་འགྲུལ་བཀོད་འདོམས་ལྟེ་གནས་སུ། མིས་ཐབས་རིག་ནུས་མ་ལག་གིས་དུས་ཐོག་ཏུ་གྲོང་ཁྱེར་ཡོངས་ཀྱི་ལམ་དྲའི་གློག་དམར་ལྗང་སྡེབ་སྦྱོར་བྱས་ཏེ། དགོང་དུས་ཀྱི་རླངས་འཁོར་འཚང་ཁ་ཆེ་བའི་གནད་དོན་ཞི་ལྷོད་དུ་གཏོང་བཞིན་ཡོད།

འདི་ནི་མིས་ཐབས་རིག་ནུས་ལག་རྩལ་མཉམ་འདྲེས་གཏིང་ཟབ་བྱས་པའི་ད་ལྟའི་ཀྲུང་གོ་ཡིན་ལ། རྒྱལ་ཡོངས་སུ་ཁྱབ་པའི་ལས་རིགས་ཀྱི་རྩི་ཐབས་ཀྱིས་མི་ཚང་མའི་འཚོ་བར་འགྱུར་ལྡོག་གཏོང་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་རབས་གསར་པའི་མིས་ཐབས་རིག་ནུས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། མིས་ཐབས་རིག་ནུས་ཀྱི་འཐབ་ཇུས་དོན་སྙིང་མཐིལ་རྟོགས་ཟབ་མོ་བྱས་ཏེ་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་བཏོན།

ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉི་ཤུ་པར་འགོ་འཛིན་མཛད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མིས་ཐབས་རིག་ནུས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་སྤྱོད་བཅས་ཀྱི་མཐུན་སྦྱོར་གསར་གཏོད་མ་ལག་སྒྲིག་འཛུགས་དང་། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་རམ་འདེགས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པ་གཏོད་དགོས་པ་ནན་གྱིས་བསྟན། ཐེངས་འདིའི་ཐུན་མོང་སློབ་སྦྱོང་བྱས་རྗེས་ཀྱི་ཉིན་འགའི་རྗེས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཧྲང་ཧེ་རུ་ཕེབས་ནས། མིས་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་གནང་བ་དང་། ཁོང་གིས“རང་རྒྱལ་གྱི་གཞི་གྲངས་ཐོན་ཁུངས་ཕུན་སུམ་ཚོགས་ལ། ཐོན་ལས་མ་ལག་ཆ་ཚང་བ། ཁྲོམ་རའི་བར་སྟོང་རྒྱ་ཆེ་ཞིང་མིས་ཐབས་རིག་ནུས་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་པས། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་འཇོན་མི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཧུར་ཐག་སྒོས་བདེ་འཇགས་དང་བློས་འགེལ་ཆོག་པའི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་གསར་སྤེལ་བྱེད་དགོས་པ་བསྟན།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སའེ་ཏིས་ཞིབ་འཇུག་གླིང་གི་གཞི་གྲངས་དཔལ་འབྱོར་དབུ་བཞུགས་ཞིབ་འཇུག་པ་ཝང་ཡུས་ཞ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིས་ཐབས་རིག་ནུས་སྐོར་གྱི་མཛུབ་སྟོན་གལ་ཆེན་ནི་རང་རྒྱལ་གྱི་མིས་ཐབས་རིག་ནུས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ཁྲིད་སྟོན་ཡིན་ཞིང་། མིས་ཐབས་རིག་ནུས་དང་བྱ་སྤྱོད་ཟུང་འབྲེལ་ལ་སྐུལ་འདེད་ཟབ་མོ་གཏོང་བར་རང་རྒྱལ་ལ་མིས་ཐབས་རིག་ནུས་ཀྱི་ཁྱབ་ཁོངས་ཁག་གཅིག་ཏུ་ལེགས་ཆ་ངེས་ཅན་ལྡན་ལ། རྨང་གཞིའི་རིམ་པ་དང་སྒྲོམ་གཞིའི་རིམ་པ། དཔེ་དབྱིབས་རིམ་པ། བེད་སྤྱོད་རིམ་པ་བཅས་ཀྱི་མིས་ཐབས་རིག་ནུས་ཐོན་ལས་ཀྱི་མ་ལག་ཆ་ཚང་ཞིག་ཆགས་ཡོད།

ད་ལོའི་ཚུན་ལ། རང་རྒྱལ་གྱི་མིས་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་དཔེ་དབྱིབས་མང་པོ་རིམ་འཇུག་བྱེད་ཚད་ཇེ་མགྱོགས་སུ་ཕྱིན་པ་དང་། རིག་ནུས་བཀོལ་སྤྱོད་རྣམ་པ་རྒྱ་ཆེར་ཕྱིན་ཡོད། ཚད་བརྒལ་གྱི་གསར་གཏོད་རྒྱབ་ལོགས་སུ་རྒྱལ་ཁབ་ཀྱིས་རྨང་གཞིའི་སྒྲིག་བཀོད་གསར་པ་སྔོན་དུ་བཀོད་སྒྲིག་འོས་འཚམ་བྱེད་པ་དང་གཞི་གྲངས་ཅན་གྱི་ཀྲུང་གོ་འཛུགས་སྐྲུན་ལ་གཅིག་གྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡོད། རྩིས་ཤུགས་འདོན་སྤྲོད་མི་འདང་བའི་འགག་རྩར་དམིགས་ཏེ། རྨང་གཞིའི་སྒྲིག་བཀོད་གསར་པ་མང་དུ་ནང་འཇུག་བྱས་ཏེ། འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་དང་ལག་རྩལ་སྔོན་འགྲོའི་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་བསྐྲུན་ནས། རྩིས་ཤུགས་སྤྱིའི་གཞི་ཁྱོན་འཛམ་གླིང་གི་མདུན་གྲལ་དུ་སླེབས། གཞི་གྲངས་ཀྱི་རྒྱུ་ཚོགས་འཁོར་རྒྱུག་གི་འགག་གནད་ལ་དམིགས་ནས། གཞི་གྲངས་རྨང་གཞིའི་ལམ་ལུགས་འཛུགས་སྐྲུན་དང་སྤྱི་པའི་གཞི་གྲངས་སྒོ་འབྱེད་མཉམ་སྤྱོད་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། མིས་ཐབས་རིག་ནུས་འཕེལ་རྒྱས་ཀྱི་དགོངས་གཞི་ཇེ་བརྟན་དུ་བཏང་། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་མཉམ་དུ།  རང་རྒྱལ་གྱིས་གསར་གཏོད་ཀྱི་སྐྱེ་ཁམས་ནུས་ཤུགས་ཡོད་རྒུས་སྐུལ་སློང་བྱས་ཏེ། འཛམ་གླིང་དུ་དར་ཁྱབ་ཆེ་བའི་མིས་ཐབས་རིག་ནུས་བཀོལ་སྤྱོད་ཁྲོམ་ར་བསྐྲུན་བཞིན་ཡོད། མིག་སྔའི་བར་དུ། ཀྲུང་དབྱང་ཁེ་ལས་ཀྱིས་ཁེ་ལས་འབྲིང་ཆུང་དང་མཉམ་དུ་བཟོ་ལས་བཟོ་སྐྲུན་དང་ནུས་ཁུངས་གློག་ཤུགས། རིག་ནུས་སྦྲེལ་དྲའི་རླངས་འཁོར་སོགས་ལས་རིགས་གཙོ་བོ500ལྷག་ཏུ་མིས་ཐབས་རིག་ནུས་བཀོད་སྒྲིག་བྱས་ཡོད། འདྲེས་སྦྱོར་སྐྱེ་དངོས་བཟོ་གྲྭར་མིས་ཐབས་རིག་ནུས་རྩི་ཐབས་ཀྱིས་ཐོན་སྐྱེད་ལ་སྐུལ་ཚེ། སྐྱེ་དངོས་ཕྲ་རབ་ཁྱུ་ཚོགས་དུང་ཕྱུར་ཁ་ཤས་ཆུ་ཚོད24རིང་བཟོ་རྩལ་ཇེ་ལེགས་སུ་བཏང་ནས། ལས་ཆོད་ལྡབ་བཅུ་ཡིས་འཕར། མྱུར་བགྲོད་སྒུལ་འཁོར་ཞིབ་འཇུག་གསར་སྤེལ་འཁོར་ཁང་དུ། འདྲ་བཟོས་དཔེ་དབྱིབས་ཆེན་མོས་མཁའ་རླུང་སྒུལ་ཤུགས་རྩིས་རྒྱག་ལས་ཆོད་ཉིན་གཅིག་ནས་སྐར་ཆ་10རིམ་པར་ཇེ་ཐུང་དུ་གཏོང་ཐུབ།

ཀྲུང་གོ་ཀྲུང་ཁྲུ་དབུ་བཞུགས་ལག་རྩལ་ཆེད་མཁས་པ་ཁྲེན་ཏ་ཝེ་ཡིས་བཤད་རྒྱུར། སྔོན་ཆད་འདྲ་བཟོ་དབྱེ་ཞིབ་ཐེངས་བརྒྱ་ཕྲག་མང་པོ་བྱེད་དགོས་ལ། འཁོར་དབྱིབས་གཏན་འཁེལ་བྱེད་པར་ཟླ་བ་འགའ་ཤས་དང་ཐ་ན་ལོ་གཅིག་གི་དུས་ཡུན་འགོར་དགོས། ང་ཚོའི་རྒྱལ་ཁབ་ཀྱི་མྱུར་བགྲོད་མེ་འཁོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དེས་འགྲུལ་སྐྱེལ་མེ་འཁོར་གྱི་འབྲེལ་ཡོད་གཞི་གྲངས་གསོག་འཇོག་བྱས་ཡོད་ལ། དབང་རྩའི་རྩིས་ཆ་སོགས་ལྟེ་བའི་རྩི་ཐབས་ལ་བརྟེན་ནས་སྦྱོང་བརྡར་བྱས་པའི་དཔེ་དབྱིབས་ཆེན་པོས་རྩིས་རྒྱག་ལས་ཕྱོད་ལྡབ30ཡན་གྱིས་ཇེ་མཐོ་རུ་སོང་ཡོད་ཟེར།

འཇོན་མི་ནི་མིས་ཐབས་རིག་ནུས་ཡུན་རིང་འཕེལ་རྒྱས་འགྲོ་བའི་རྨང་རྡོ་ལྟ་བུ་ཡིན། ད་ལོའི་ཚུན་དུ། རང་རྒྱལ་གྱིས་རིམ་པ་མང་བའི་མིས་ཐབས་རིག་ནུས་ཀྱི་འཇོན་མི་སྐྱེད་སྲིང་མ་ལག་བཙུགས། ཧྲང་ཧའེ་དཔེ་མྱུར་བར་སྟོང་དུ། ཐོན་ལས་སྦྲེལ་ཐག་ཆ་ཚང་དེས་ཆ་སྙོམས་ཀྱི་ལོ་སུམ་ཅུ་ལས་མེད་པའི་མིས་ཐབས་རིག་ནུས་འཇོན་མི་ཆིག་སྟོང་ལྷག་གི་ལས་གཏོད་ལ་སྐུལ་ཁྲིད་བྱས་ཡོད།

ཧྲང་ཧའེ་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧུང་ཐའོ་ཡིས་བཤད་རྒྱུར། ད་ལོར་ཧྲང་ཧའེ་ཡིས་མིས་ཐབས་རིག་ནུས་འཇོན་མི་གཅིག་སྡུད་དང་སྐྱེད་སྲིང་གཙོ་གནད་དུ་བཞག་ནས། གོ་ལ་ཧྲིལ་པོའི་འཇོན་མི་དང་གསར་གཏོད་ཀྱི་འགག་གནད་གསར་སྐྲུན་བྱ་རྒྱུ་རེད། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཐོན་ཁུངས་ཀུན་ཕན། སྐྱེ་ཁམས་མཉམ་སྐྲུན་བཅས་བརྒྱུད་དེ། དམའ་རིམ་གྱི་རྩིས་ཤུགས་ནས་རྩེ་རིམ་ཉེར་སྤྱོད་ཀྱི་སྦྲེལ་ཐག་ཧྲིལ་པོའི་གསར་གཏོད་ཁོར་ཡུག་བསྐྲུན་རྒྱུ་ཡིན་ཟེར།

ལག་རྩལ་འཕེལ་རྒྱས་དང་བསྟུན་ནས་འཇོན་མི་དཀོན་པའི་རིགས་གསོ་སྐྱོང་བྱས་ཤིང་། ས་གནས་སོ་སོས་མིས་ཐབས་རིག་ནུས་སློབ་གླིང་བཙུགས་པ་དང་མིས་ཐབས་རིག་ནུས་འཇོན་མིའི་འཆར་གཞི་ལག་བསྟར་བྱས་པ་དང་། “མིས་ཐབས་རིག་ནུས་སྦྱོང་བརྡར་པ”དང་མི་འཕྲུལ་བརྗེ་རེས་ཀྱི་ཇུས་འགོད་པ་སོགས་ལས་རིགས་གསར་པ་དང་ལས་སྣ་གསར་པ་བཏོན་ཞིང་། “མིས་ཐབས་རིག་ནུས་བཀོལ་སྤྱོད”ཐད་ཀྱི་ལས་ཞུགས་མི་སྣ་གསོ་སྐྱོང་གི་ལས་གཞི་བཀོད་སྒྲིག་བྱས་ནས་སློབ་མ་ས་ཡ་དྲུག་དང་འབུམ་གཉིས་ལ་ཕན་ཐོགས་ཡོད། མ་འོངས་པར་རང་རྒྱལ་གྱིས་རང་ཚུགས་རང་སྟོབས་རྒྱུན་འཁྱོངས་དང་། བཀོལ་སྤྱོད་ཕྱོགས་སྟོན་འབུར་དུ་བཏོད་ནས། སྲོག་ཤིང་ལག་རྩལ་དང་ཡུལ་རྣམ་བཀོལ་སྤྱོད། སྐྱེ་ཁམས་འཛུགས་སྐྲུན་དང་རྒྱལ་སྤྱིའི་མཉམ་ལས་སོགས་ཀྱི་ཐད་ལ་དུས་མཉམ་དུ་ཤུགས་བསྣན་ནས་རང་རྒྱལ་གྱི་མིས་ཐབས་རིག་ནུས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།