ཞིན་ཧེ་རྫོང་གི་སྨན་བཅོས་སྒྲིག་གཞི་ལེགས་པོས་དམངས་སེམས་བདེ་ལ་བཀོད།
2025.06.26 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྨན་བཅོས་འགན་སྲུང་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་ནས། སྨན་བཅོས་འགན་སྲུང་བྱ་བར་མྱུར་དུ་སྐུལ་འདེད་གཏོང་བའི་ཁྲོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་སྨན་བཅོས་འགན་སྲུང་ཅུའུ་ཡིས། ཉེ་བའི་ལོ་འདི་དག་གི་རིང་ལ་དམངས་ཡོངས་ལ་ཁེབས་པའི་སྨན་བཅོས་འགན་སྲུང་དྲ་རྒྱ་འཐུས་ཚང་དུ་བཏང་སྟེ། མང་ཚོགས་ལ་ནད་ཡོད་ན་སྨན་བཅོས་བྱེད་པ་དང་སྨན་བཅོས་བྱས་ན་འགན་སྲུང་ཡོད་པའི་ཚད་མཐའ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བར་འབད་བརྩོན་ཆེན་པོ་བྱེད་བཞིན་འདུག དེའི་སྐོར་ནས་ཞིན་ཧེ་རྫོང་སྨན་བཅོས་འགན་སྲུང་ཅུའུ་ཡི་ཅུའུ་ཀྲང་སྐར་མ་རྡོ་རྗེ་ཡིས་ཁོ་ཚོའི་དུས་རྒྱུན་གྱི་བྱ་བ་གཙོ་བོ་མཚམས་སྦྱོར་རགས་ཙམ་བྱས་པ་འདི་ལྟར། 

 ང་ཚོ་ཞིན་ཧེ་རྫོང་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྒྲུབ་དགོས་པའི་བྱ་བ་གཙོ་བོ་ནི། གཅིག་ཡིན་ན་སྨན་བཅོས་འགན་སྲུང་གི་སྲིད་ཇུས་འདི་མང་ཚོགས་ཀྱི་ཁྲོད་དུ་དྲིལ་སྒྲོག་བྱེད་རྒྱུ་དེ་རེད། གཉིས་ཡིན་ན་མང་ཚོགས་ཀྱི་མཉམ་ལས་སྨན་བཅོས་ཀྱི་མ་དངུལ་འདི་བསྡུ་ལེན་བྱེད་རྒྱུ་ལས་འགན་སྒྲུབ་རྒྱུ་དེ་རེད། གསུམ་ཡིན་ན་མང་ཚོགས་ཀྱི་སྤྲད་ཟིན་པའི་མཉམ་ལས་སྨན་བཅོས་ཀྱི་མ་དངུལ་འདི་དོ་དམ་བྱེད་རྒྱུ་བཅས་རེད།

ཞིན་ཧེ་རྫོང་གི་སྨན་བཅོས་འགན་སྲུང་བཅོས་བསྒྱུར་གྱིས་ས་གནས་མང་ཚོགས་ཀྱིས་སྨན་པར་བསྟེན་པའི་རྣམ་པར་འགྱུར་ལྡོག་གཏོང་བཞིན་ཡོད་པ་དང་། བསྟུད་མར་ལོ་འགའི་རིང་། ཞིན་ཧེ་རྫོང་སྨན་བཅོས་འགན་སྲུང་ཅུའུ་ཡིས་གསར་གཏོད་ཀྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ་སྨན་བཅོས་འགན་སྲུང་གི་ཞབས་ཞུ་དེ་མང་ཚོགས་དང་ཐག་ཉེ་ཞིང་རང་ས་གནས་ཀྱི་གནས་ཚུལ་དངོས་དང་བསྟུན་ནས། འགན་སྲུང་ཐོ་འགོད་བྱེད་པ་སོགས་ཚད་མཐོའི་ལས་སྒོ་ཁག་བདུན་ལ་བསྟེན་ནས་སྨན་བཅོས་འགན་སྲུང་ཞབས་ཞུ་ཚོགས་པ་བཙུགས། དུས་མཚུངས་སུ། ཐོ་འགོད་སྙན་སེང་ཞུ་བའི་མང་ཚོགས་ལ་ཞིང་ཆེན་དང་ས་གནས་གཞན་གྱི་སྨན་ཁང་དུ་སྨན་རིན་རྩིས་རྒྱག་ཐུབ་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་ཞག་སྡོད་སྨན་བཅོས་རྩིས་སྤྲོད་བྱེད་པ་སོགས་ཀྱི་ཐད་ལ་སྔར་ལས་སྟབས་བདེ་གང་ལེགས་བསྐྲུན་ཡོད།གནས་ཚུལ་དེའི་སྐོར་ནས་ཞིན་ཧེ་རྫོང་སྨན་བཅོས་འགན་སྲུང་ཅུའུ་ཡི་ལས་བྱེད་མི་སྣ་པདྨ་སྐྱིད་ཀྱིས་བཤད་རྒྱུར།

མང་ཚོགས་རྣམས་ཞིང་ཆེན་གཞན་ལ་སྨན་ཁང་དུ་འགྲོ་དགོས་ན་སྔོན་ལ་འདི་ནས་སྨན་བཅོས་ཐོ་འགོད་སྙན་སེང་ཞུ་དགོས་ནི་རེད། དེའི་ནང་དུ་མ་མཐའི་འཚོ་བའི་འགན་སྲུང་གི་མཁན་ཡོད་ན། སྔོན་ཆད་སྨན་ཁང་དུ་བརྩིས་བརྒྱབ་རྗེས་ས་གནས་འདིར་ཡོང་ནས་ཡང་བསྐྱར་བརྩིས་རྒྱག་དགོས་ནི་རེད། ན་ནིང་ནས་བཟུང་སྟེ་སྨན་བཅོས་ཐོ་འགོད་སྙན་སེང་ཞུས་ཡོད་ཚེ་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱབ་ཁོངས་སུ་ཡོད་མཁན་ཡིན་ནའང་སྨན་ཁང་གང་དུ་སོང་ན་དེ་ནས་གཅིག་བསྡུས་སྒོས་བརྩིས་བརྒྱབ་འཇོག་པས་རང་གི་ས་གནས་འདིར་ཡོང་དགོས་ནི་མ་རེད།

ཞིན་ཧེ་རྫོང་སྨན་བཅོས་འགན་སྲུང་ཅུའུ་ཡིས་ནད་པ་སྨན་ཁང་དུ་སྡོད་པར་སྔོན་ལ་འགྲོ་ལུགས་སྒྲུབ་པ་དང་སྨན་ཁང་ནས་ཕྱིར་བུད་རྗེས་སྨན་བཅོས་རྩིས་སྤྲོད་བྱེད་པ། ལྷག་པར་དུ་དབང་བོ་སྐྱོན་ཅན་གྱི་ནད་པ་དང་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱབ་ཁོངས་སུ་ཚུད་པའི་ནད་པ་སོགས་ཀྱིས་ནད་བརྟག་སྨན་བཅོས་བྱེད་པའི་བརྒྱུད་རིམ་ཧྲིལ་བོར་སྟབས་བདེ་གང་ལེགས་བཟོས་ཡོད་པར་མ་ཟད། ད་དུང་དལ་བའི་རང་བཞིན་གྱི་ནད་ཕོག་ཡོད་པའི་ནད་པ་རྣམས་ལ་ཆེད་དུ་དམིགས་ནས། སྨན་བཅོས་འགྲོ་ལུགས་སྒྲུབ་པར་ཞབས་ཞུ་ལེགས་པོ་འདོན་སྤྲོད་བྱས་ཡོད། དེའི་སྐོར་ནས་ཞིན་ཧེ་རྫོང་སྨན་བཅོས་འགན་སྲུང་ཅུའུ་ཡི་ལས་བྱེད་མི་སྣ་ལྕགས་མོ་ཐར་གྱིས་འདི་ལྟར་བཤད།

དལ་བའི་རང་བཞིན་གྱི་ནད་འདིར་ནད་རིགས་ཉེར་དྲུག་ཡོད་ནི་རེད། ཉིས་སྟོང་ཉི་ཤུ་རྩ་གསུམ་གྱི་སྔོན་ལ་ནད་རིགས་དེ་དག་གནས་འདི་ནས་གསལ་འབྱེད་བྱེད་དགོས་ནི་རེད། ཉིས་སྟོང་ཉེར་གསུམ་གྱི་ཟླ་དྲུག་པར་ཁུལ་ནས་ཡིག་ཆ་ཞིག་འོང་སྟེ་མཚོ་སྔོན་ཞིང་ཆེན་གྱི་གཞུང་བཙུགས་སྨན་ཁང་གང་ཞིག་ཡིན་ན་དེ་ནས་གསལ་འབྱེད་བྱས་ཆོག་ནི་རེད། དེབས་སྔོན་ཆད་དང་བསྡུར་ན་སྟབས་བདེ་ཡིན་ནི་རེད།

ཞིན་ཧེ་རྫོང་སྨན་བཅོས་འགན་སྲུང་ཅུའུ་ཡིས་བདེ་ཐང་ཞིན་ཧེ་ཡི་འགུལ་སྐྱོད་ལག་བསྟར་ནན་མོ་བྱས་ཏེ། སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་བསྒྱུར་ཟབ་མོ་བྱས་པར་ས་གནས་མང་ཚོགས་ཀྱི་ཁས་ལེན་དང་གདེང་འཇོག་གང་ལེགས་ཐོབ་ཡོད། དེའི་སྐོར་ནས་ཐང་ནག་གྲོང་རྡལ་ཀླུ་མཆོད་སྡེ་བའི་སྡེ་མི་ཀུན་བཟང་སྐྱབས་ཀྱིས་བཤད་རྒྱུར།

དེ་རིང་ནང་ནངས་ཀ་མཉམ་ལས་སྨན་བཅོས་ཀྱི་ཕྱོགས་འདི་ནས་བྱང་བུའི་སྟེང་སྒོར་མོ་སྤྲད་རྗེས། བྱང་བུ་དེ་བཟུང་ནས་སྨན་ཁང་དུ་སོང་སྟེ་ཕྱིར་འབུད་རག་བར་དུ་སྒོར་མོ་ཅི་ཡང་སྤྲོད་མི་དགོས་བ་འདི་ལ་ཕན་པ་རྒྱ་ཆེན་པོ་འདུག

 ཞིན་ཧེ་རྫོང་སྨན་བཅོས་འགན་སྲུང་ཅུའུ་ཡི་ལག་ལེན་དངོས་ཀྱི་འགུལ་སྐྱོད་ལས། སྨན་བཅོས་འགན་སྲུང་བྱ་བའི་བརྒྱུད་རིམ་སོ་སོ་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་དངོས་འབེབས་དོན་འཁྱོལ་བྱས་ནས། མིའི་རིགས་ཀྱི་ཚེ་སྲོག་གི་རིན་ཐང་བླ་རུ་བཀུར་སྟངས་དེས་ས་གནས་མང་ཚོགས་ཀྱི་བདེ་སྣང་དང་སྐྱིད་སྣང་། ཐོབ་སྣང་བཅས་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད།

གསར་འགོད་པ། གཡང་འབུམ་རྒྱལ། ཚེ་རིང་དོན་འགྲུབ།

བཀྲ་ཤིས་སྐྱིད། རིག་འཛིན་སྒྲོལ་མ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

 བསོད་ནམས་རིན་ཆེན།