གུང་ཧོ་རྫོང་ས་གྲུ་བཞི་ཡུལ་ཚོས་སྡོང་འཛུགས་ནགས་སྐྲུན་བྱས་ནས་བྱེ་འགོག་ལྕགས་རི་བསྐྲུན།
2025.06.26 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ནས་ཤར་ཕྱོགས་སུ་སྤྱི་ལེ་སུམ་ཅུ་ལྷག་གི་ལམ་ཐག་བརྒྱུད་ན། ལྗང་མདོག་གིས་ཁེངས་པའི་ས་གྲུ་བཞི་ཡུལ་ཚོའི་ཁོར་ར་ཁོར་ཡུག་མིག་ལ་ག་ལེར་མངོན་ཡོང་ཞིང་། དེ་ནི་ཡུལ་དེའི་ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་མི་དམངས་མང་ཚོགས་ཀྱིས་ལོ་ངོ་མང་པོའི་རིང་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བྱེ་འགོག་བྱེ་བཅོས་བྱས་ནས་རང་ས་རང་ཡུལ་སྲུང་སྐྱོབ་བྱས་པའི་གྲུབ་འབྲས་ཀྱི་དཔང་པོ་རེད། དུས་རབས་སྔོན་མར་ཡུལ་དེའི་མི་རྣམས་ཀྱིས་ཕྱུགས་ཟོག་ཚད་ལས་བརྒལ་བར་འཚོ་དྲགས་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་རྩྭ་ཐང་བྱེ་འགྱུར་གྱི་གནས་བབ་ཇེ་ཞན་དུ་འགྱུར་མགོ་བརྩམས། དེ་བས་ས་གྲུ་བཞི་ནི་བྱེ་མའི་མཆེད་ཡུལ་གཙོ་བོ་ཡིན་པའི་ཆ་ནས། བྱེ་སྐྱོན་ཚབས་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། གུང་ཧོ་རྫོང་དང་ས་གྲུ་བཞིའི་ཡུལ་ཚོ་དང་ཏང་ཨུ་ཡིས་ས་གནས་མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་གྱི་དཔུང་རྡང་གཅིག་ཏུ་སྦྲེལ་ནས། ལོ་ངོ་མང་པོའི་རིང་མྱ་ངམ་ཐང་དེ་རུ་བློ་བརྟན་འགྱུར་མེད་ཀྱིས་བྱེ་འགོག་བྱ་སྤྱོད་སྤེལ་མགོ་བརྩམས། ཁོ་ཚོས་སྡོང་འཛུགས་ནགས་སྐྲུན་སོགས་སྐྱེ་ཁམས་བཟོ་སྐྲུན་གྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། བྱེ་འགོག་བྱ་བར་ཕན་འབྲས་མངོན་གསལ་བླངས་ཡོད་པར་མ་ཟད། སྔོན་ཆད་ཀྱི་མྱ་ངམ་ཐང་དེ་ད་ལྟ་ནགས་ཀླུང་སྣོལ་མར་འཁྲིགས་པའི་ཡུལ་ལྗོངས་ཉམས་དགའ་བ་ཞིག་ཏུ་གྱུར་ཡོད། དེའི་སྐོར་ནས་ས་གྲུ་བཞི་ཡུལ་ཚོའི་མགོ་གཙོ་གཞོན་པ་མཱ་ཁའེ་ཡིས་བཤད་རྒྱུར།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཐེངས་གསུམ་ལ་མཚོ་སྔོན་དུ་ཕེབས་ནས། མཚོ་སྔོན་གྱི་འཕེལ་རྒྱས་ཐད་འཆར་འགོད་ཞིབ་མོ་དང་བྱ་བའི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལྟར། ང་ཚོ་ས་གྲུ་བཞི་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ས་གནས་མང་ཚོགས་ཀྱི་སྣེ་ཁྲིད་དེ། རྩྭ་་ས་དང་ཆུ་བེད། ཞིང་སྡེ་སོགས་ལེགས་བཅོས་བྱས་པར་མ་ཟད། མི་མང་མང་ཚོགས་ཀྱི་བྱེ་འགོག་བྱེ་བཅོས་ཐད་ཀྱི་འདུ་ཤེས་ཡང་ཇེ་མཐོར་བཏང་ཡོད།

 ད་ལྟ་ས་གྲུ་བཞི་ཡུལ་ཚོར་ཐོན་དུས། ཡུལ་ཚོ་དེའི་ཁྲ་ཚང་སྡེ་བའི་གཡས་གཡོན་དུ་ལྗང་ལྡེམ་མེར་མཐོང་བའི་ནགས་ཚལ་སྟུག་པོ་དང་ནགས་ཁྲོད་དུ་འཐེན་པའི་ཆུ་རྒྱུན་དྭངས་མོ། ལྷོད་ཀྱིས་ཆགས་པའི་རུ་སྡེ་ཆེན་པོ་བཅས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་དེས་ཡིད་དུ་འོང་ལ་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་རི་མོ་ཞིག་ངང་གིས་གྲུབ་འདུག་ཅིང་། དེ་ལྟ་བུའི་སྐྱེ་ཁམས་ཀྱི་མཛེས་པ་སླར་གསོ་བྱེད་པར་ས་གནས་མི་དམངས་མང་ཚོགས་ཀྱི་ཡུན་རིང་གི་དཀའ་སྤྱད་འབད་བརྩོན་གྱི་རྔུལ་ཆུ་དང་གཏན་ནས་འབྲལ་ཐབས་མེད་པ་ཞིག་རེད། དེའི་སྐོར་ནས་ཁྲ་ཚང་སྡེ་བའི་སྡེ་དཔོན་རིག་འཛིན་རྒྱ་མཚོས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་ཕེབས་ནས་གསུང་བཤད་གནང་བའི་དགོངས་དོན་ལྟར་ན།ཁོང་གིས་མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྣོད་བཅུད་དང་། འགན་འཁྲི་ཆེ་ཤོས་ནི་སྣོད་བཅུད། མི་མངོན་པའི་སྟོབས་ཤུགས་ནི་སྣོད་བཅུད་ལ་ཡོད་ཅེས་གསུངས་པ་ནང་བཞིན། ས་གྲུ་བཞི་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག  རྗེས་རབས་པ་རྣམས་ཀྱིས་ཀྱང་སྔོན་རབས་པའི་བྱེ་འགོག་སྙིང་སྟོབས་ཡིད་ལ་བརྟན་པོར་བཅངས་ཏེ། མུ་མཐུད་དུ་སྡོང་འཛུགས་ནགས་བསྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་ལ་ཧུར་ཐག་བྱེད་བཞིན་ཡོད། ཆ་ཚང་སྡེ་བའི་མང་ཚོགས་རྣམས་ཀྱིས་སྡོང་འཛུགས་ནགས་བསྐྲུན་གྱི་སྙིང་སྟོབས་འདི་ད་ལྟའི་བར་དུ་དོར་མྱོང་མེད། རྗེས་ཕྱོགས་སུ་ཡང་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་དང་རྒྱབ་སྐྱོར་གྱི་འོག་ནས་མུ་མཐུད་དུ་ས་གྲུ་བཞིའི་བྱེ་འགོག་སྙིང་སྟོབས་དར་སྤེལ་བཏང་ནས། ཕྱི་རོལ་བ་རྣམས་ལ་སྔར་ལས་མཛེས་སྡུག་ལྡན་པའི་ལྗང་མདོག་གི་ཕ་ས་ཕ་ཡུལ་ཞིག་འཇོག་རྒྱུའི་ཡིད་ཆེས་བརྟན་པོ་ཡོད།

 ཁྲ་ཚང་སྡེ་བ་ནས་ལམ་ལ་ཆས་ཏེ་ལྷོ་ཕྱོགས་སུ་སྤྱི་ལེ་བཅུ་ལྷག་ཙམ་སྐྱོད་ན། སྔར་བཞིན་ཁོད་ཡངས་པའི་ནགས་ཀླུང་སྔོན་མོ་ཞིག་མིག་ལམ་དུ་མངོན་ཡོང་ཞིང་། གོ་ཐོས་སུ་དེ་ནི་ས་གྲུ་བཞི་ཡུལ་ཚོ་ཁ་སྒང་ཞོལ་མ་སྡེ་བའི་སྡེ་མི་རྣམས་ཀྱིས་ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག སྔོན་ཆད་རླུང་གི་ཕ་སར་འབོད་པའི་ཡུལ་གྲུ་འདི་རུ་དུས་ཡུན་རིང་བོར་སྡོང་འཛུགས་ནགས་སྐྲུན་བྱས་པའི་འབྲས་བུ་ཡིན་པར་སྐད།གནས་ཚུལ་དེའི་སྐོར་ལ་རྒྱུས་ལོན་བྱེད་པར་ང་ཚོ་ཆེད་དུ་ཁ་སྒང་ཞོལ་མ་སྡེ་བར་ཐོན་དུས། ཁ་སྒང་ཞོལ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསམ་འགྲུབ་རྒྱལ་གྱིས་ང་ཚོར་འདི་ལྟར་བཤད།

དེང་སྐབས་ཡིན་ན་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་།དགོས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་སྲིད་ཇུས་བཟང་པོའི་རྣམ་གྲངས་ལག་བསྟར་བྱས་ནས། སྡོང་འཛུགས་ནགས་བསྐྲུན་བྱས་ཏེ་ཁོར་ཡུག་ལྗང་མདོག་ཅན་དུ་བསྒྱུར་བཞིན་པའི་རྣམ་པ་དེ་འདྲ་ཞིག་རེད། ང་ཚོ་ཁ་སྒང་ཞོལ་མ་སྡེ་བས་ཡང་གཙོ་བོ་འདིའི་ཐད་ཤུགས་བརྒྱབ་ནས་རྩྭ་སྲུང་བ་དང་ནགས་སྲུང་བ་སོགས་ཀྱིས་ཕྱུགས་ཟོག་གིས་གནོད་སྐྱེལ་བར་བཀག་འགོག་ནན་མོ་བྱེད་བཞིན་ཡོད་ལ། སྲུང་སྐྱོབ་བྱ་ཐབས་རབ་དང་རིམ་པར་བརྟེན་ནས་གྲུབ་འབྲས་བཟང་པོ་བླངས་ཡོད།

ད་ལྟ་གུང་ཧོ་རྫོང་ས་གྲུ་བཞི་ཡུལ་ཚོས་སྐྱེ་ཁམས་ཀྱི་ཕན་འབྲས་ཆེ་རུ་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། ས་གནས་མང་ཚོགས་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་ཁྲོད་ཞུགས་པར་ཁྲིད་སྟོན་བྱེད་བཞིན་ཡོད་ཅིང་། ལྷག་པར་དུ་སྐྱེ་ཁམས་སྲུང་སྐྱོབ་པ་དེ་དག་གིས་རང་གི་མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ནང་བཞིན་རང་ཡུལ་གྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་རེད། དེའི་སྐོར་ནས་ཁ་སྒང་ཞོལ་མ་སྡེ་བའི་ནགས་སྲུང་བ་དཔའ་མཁར་ཚེ་རིང་གིས་བཤད་རྒྱུར།

ངའི་འགན་ཁུར་གཙོ་བོ་ཡིན་ན་ནགས་སྲུང་རྒྱུ་དེ་ཡིན།ཕྱི་ན་ལྕགས་ར་སྐོར་ཡོད་པས་ཕན་ཐོགས་ཆེ་ནའང་། དོ་སྣང་བྱེད་དགོས་ས་ཞིག་ནི་དབྱར་དགུན་དུས་ཚིགས་གཉིས་ལ་མེ་སྐྱོན་ལ་གཟབ་རྒྱུ་དེ་ཡིན། འདིའི་ནང་དུ་ཆུ་གཏོང་དུས་གོམ་པ་བཅུ་རེའི་མཚམས་ན་ཆུ་གཏོང་སྦུག་གུ་རེ་བཞག་ཡོད་པས་ཧ་ཅང་སྟབས་བདེ། འདི་དག་ཐམས་ཅད་ལ་བདག་གཉེར་བྱེད་རྒྱུ་ངས་ནམ་ཡང་སྒྲུབ་འོས་པ་ཞིག་ཏུ་བརྩིས་ཡོད།

གུང་ཧོ་རྫོང་ས་གྲུ་བཞི་ཡུལ་ཚོའི་བྱེ་འགོག་བྱེ་བཅོས་བྱ་བར་གྲུབ་འབྲས་ཆེན་པོ་ཐོབ་པ་དེས་ས་གནས་མང་ཚོགས་ལ་ཕན་པ་དངོས་ཐོབ་ཡོད་པར་མ་ཟད། རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་བྱ་བར་ཡང་ཉམས་མྱོང་རྩ་ཆེན་འདོན་སྤྲོད་བྱས་ཡོད་པ་རེད།


གསར་འགོད་པ། གཡང་འབུམ་རྒྱལ། ཚེ་རིང་དོན་འགྲུབ།

བཀྲ་ཤིས་སྐྱིད། རིག་འཛིན་སྒྲོལ་མ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། 

བསོད་ནམས་རིན་ཆེན།