ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ནས། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤྱི་ཕན་ངོ་བོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་གཙོ་གནད་དུ་འཛིན་པའི་བྱ་བའི་བྱེད་ཕྱོགས་འབུར་དུ་ཐོན་པར་བྱེད་པ་དང་། དོ་དམ་དང་ཞབས་ཞུ། ལག་རྩལ། མི་སྣ་བཅས་གཞི་རིམ་དུ་བསྐྱོད་དེ། སྨན་བཅོས་འཕྲོད་བསྟེན་མ་ལག་སྔར་ལས་སྡེབ་སྒྲིག་དང་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་ཇེ་ལེགས་སུ་བཏང་ནས། རྫོང་གིས་ཡུལ་ཚོ་ལ་སྣེ་ཁྲིད་བྱེད་པ་དང་། ཡུལ་ཚོས་སྡེ་བར་སྣེ་ཁྲིད་བྱེད་པ། རྫོང་དང་ཡུལ་ཚོ། སྡེ་བ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་པ་དང་། མང་ཚོགས་ཀྱིས་སྨན་པར་བསྟེན་དཀའ་བའི་གནད་དོན་ཐག་གཅོད་ལེགས་པོ་བྱས་ནས། རྫོང་ཡོངས་ཀྱི་མི་དམངས་ལ་སྔར་ལས་སྤུས་ལེགས་དང་སྟབས་བདེ། དྲང་གཞག་བཅས་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་ཅིག་གྲུབ་པར་བྱས་ཡོད། དེའི་སྐོར་ནས་རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པའི་སྨན་པ་ལྷ་དཔལ་ཚེ་རིང་གིས་བཤད་རྒྱུར།
2022ལོའི་ལོ་སྟོད་ནས་བཟུང་ང་ཚོའི་ས་ཆ་འདིའི་གཞི་རིམ་སྨན་ཁང་སོ་སོའི་སྨན་པ་ཉི་ཤུ་འགའ་རེ་བརྗེ་རེས་བྱེད་ཀྱིན་ཡོད། སྨན་པ་ཞིག་ཡིན་ན། སྤྱིར་བཏང་སྨན་ཁང་གཞན་དུ་སློབ་སྦྱོང་བྱེད་དུ་འགྲོ་དགོས་ཚེ། དུས་ཚོད་མང་པོ་ཞིག་འགོར་བ་མ་ཟད་གནང་བའང་མི་འདུག སྨན་པ་གཞི་རིམ་ནས་བསྡད་དེ་ང་ཚོ་ཡར་མར་ལ་སློབ་ཁྲིད་དུ་བྱེད་དུ་སོང་བ་ཡིན་ན། ཁོ་ཚོས་ཤེས་སླ་བར་མ་ཟད་ལོབས་སླ་བ་ཞིག་ཀྱང་རེད། དེ་མིན་ང་ཚོས་ཅི་ཞིག་ཁྲིད་པ་དེ་ཁོ་ཚོས་དེ་བཞིན་བཀོལ་སྤྱོད་བྱེད་ཤེས་རྒྱུའང་གལ་ཆེ་བའི་མི་ཚད། ཁོ་ཚོར་མཚོན་ན་བྱ་བར་འབྲས་བུ་ཐོབ་པའི་ཐབས་ལམ་ཞིག་ཏུ་གྱུར་ཡོད་པར་བསམ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་ཏང་ཨུས་གཅིག་གྱུར་འཆར་འགོད་དང་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། སྡེ་ཁག་གིས་མཐུན་སྦྱོར་བྱེད་པ་བཅས་ཀྱི་བྱ་བའི་ལམ་སྲོལ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་ལུགས་མཐུན་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བཙུགས་ནས། རྫོང་ཡོངས་ཀྱི་འཕྲོད་བསྟེན་བྱ་གཞག་དོ་མཉམ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ཞིང་། གུང་ཧོ་རྫོང་ཀྲུང་ལུགས་སྨན་ཁང་གིས་སྣེ་ཁྲིད་པ་དང་། རྫོང་རིམ་འགོག་ལྟེ་གནས་དང་རྫོང་བུད་མེད་དང་བྱིས་པའི་བདེ་སྲུང་འཆར་ལྡན་བུ་བཙའི་ཞབས་ཞུའི་ལྟེ་གནས། དེ་མིན་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་འཕྲོད་བསྟེན་ཁང་བཅུ་བཞི་བཅས་མཉམ་ཞུགས་བྱས་པའི་གུང་ཧོ་རྫོང་གི་དམ་ཟབ་རྣམ་པའི་སྨན་བཅོས་ཞབས་ཞུའི་ཐུན་མོང་ཚོགས་པ་བཙུགས། མཚོ་ལྷོ་ཁུལ་གྱི“12812”སྨན་བཅོས་ཐུན་མོང་ཚོགས་པ་འཛུགས་པའི་བསམ་ཕྱོགས་ལྟར། གུང་ཧོ་རྫོང་ཀྲུང་ལུགས་སྨན་ཁང་གིས་དོ་དམ་དང་ཞབས་ཞུ། འགན་འཁྲི། ཁེ་ཕན་བཅས་གཞི་གཅིག་ཅན་བཞི་འཛུགས་སྐྲུན་བྱ་རྒྱུ་དེ་ཐབས་ལམ་དུ་བརྩིས་ཏེ། སྨན་བཅོས་ཐུན་མོང་ཚོགས་པའི་གཉེར་སྐྱོང་དོ་དམ་དང་བདེ་ཐང་སྐུལ་སྤེལ། ཀྲུང་བོད་ལུགས་སྨན་རྫས། ཆ་འཕྲིན་ཅན། སྨན་བཅོས་འགན་སྲུང་། ནོར་དོན་སོགས་གཞུང་སྒྲུབ་ཁང་གཅིག་གིས་ཞབས་ཞུ་དྲུག་སྒྲུབ་པའི་རྩ་འཛུགས་སྒྲོམ་གཞི་འཐུས་ཚང་དུ་བཏང་ནས། མི་དོན་དང་ནོར་དོན། ལས་སྒོ། མ་རྩ། སྨན་རྫས། ཆ་འཕྲིན་ཅན། སྨན་བཅོས་འགན་སྲུང་། ཕན་འབྲས་དཔྱད་ཞིབ་བཅས་ཀྱི་གཅིག་གྱུར་མཛུབ་ཁྲིད་སོགས་གཅིག་གྱུར་བརྒྱད་ཀྱི་དོ་དམ་ཁྱབ་སྤེལ་དུ་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད། དེའི་སྐོར་ནས་རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པའི་སྨན་པ་འཇིགས་མེད་རྣམ་གྲོལ་གྱིས་གསར་འགོད་པར་འདི་ལྟར་བཤད།
སྨན་བཅོས་ཐུན་མོང་ཚོགས་པ་འདི་བཙུགས་ན།ང་ཚོའི་གཞི་རིམ་གྱི་སྨན་ཁང་དང་ནད་པ་རྣམས་ལ་ཕན་ཐོགས་ཅི་ཞིག་ཡོད་ཟེར་ན། གཅིག་ནི་ལག་རྩལ་དང་གཞུང་ལུགས་ཀྱི་མཛུབ་སྟོན་སྟེང་ནས་ཕན་ཐོགས་ཆེན་པོ་ཡོད། ང་ཚོའི་གཞི་རིམ་སྨན་པའི་ལག་རྩལ་དང་ཆུ་ཚད་ཐད་གོང་རིམ་གྱི་སྨན་པ་དང་ཆེད་མཁས་པ་ཡོང་ནས་མཛུབ་སྟོན་བྱས་པ་ཡིན་ན་དེར་བསྟུན་གྱི་ཕན་པ་ཆེན་པོ་འདུག གཉིས་པ་ཡིན་ན་སྨན་རྫས་ལེན་པའི་ཕྱོགས་ནས་ཕན་ཁེ་གང་མང་བསྐྲུན་འདུག སྨན་རྫས་དེ་སྨན་བཅོས་ཐུན་མོང་ཚོགས་པ་ནས་བླངས་ན་སྨན་གྱི་སྤུས་ཚད་ལ་ཁག་ཐེག་བྱེད་ཐུབ་པའི་མི་ཚད་རིན་གོང་ཡང་ཚད་ལྡན་རེད། གསུམ་ནས་ཡིན་ན་གཞི་རིམ་སྨན་ཁང་གིས་རྩིས་སྤྲོད་རྒྱག་པའི་སྟེང་སྟབས་བདེ་བསྐྲུན་ཡོད། འདི་ལྟར་བྱས་ན་ང་ཚོ་གཞི་རིམ་སྨན་པའི་འགན་འཁྲིའི་ཁུར་བོ་ཇེ་ཡང་དུ་བཏང་ཡོད་པ་རེད།
གུང་ཧོ་རྫོང་ཀྲུང་ལུགས་སྨན་ཁང་གིས་སྤུས་ལེགས་ཞབས་ཞུ་གཞི་རིམ་དུ་སྐྱོད་པ་ཞེས་པའི་བྱ་འགུལ་ལ་བརྟེན་ནས། སྨན་བཅོས་ཐུན་མོང་ཚོགས་པའི་རོགས་སྐྱོར་ལམ་སྲོལ་ལག་བསྟར་བྱས་ནས། གུང་ཧོ་རྫོང་ཀྲུང་ལུགས་སྨན་ཁང་གི་སྨན་པ་དང་ཡན་ལག་སྨན་ཁང་གི་སྨན་པ། ནད་སྐྱོང་པ། སྡེ་བའི་སྨན་པ་བཅས་ཀྱིས་གྲུབ་པའི་ཁྱིམ་ཚང་གི་སྨན་པའི་མིང་འགོད་ཞབས་ཞུའི་ཚོགས་པ་བཙུགས་པར་མ་ཟད། ད་ལྟའི་བར་བསྡོམས་པས་མི་ཞེ་གསུམ་མངགས་གཏོང་བྱས་ཏེ་ཡན་ལག་སྨན་ཁང་སོ་སོ་རུ་སོང་ནས་བྱ་བ་སྒྲུབ་པ་དང་། གཙོ་བོ་གཞི་རྩའི་སྨན་བཅོས་ཞབས་ཞུ་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ། བདེ་ཐང་བློ་འདྲི། དལ་བའི་རང་བཞིན་གྱི་ནད་ལ་བརྟག་པ། ཁམས་གསོའི་མཛུབ་ཁྲིད་སོགས་ཐད་ནས་གསོ་སྦྱོང་འཆད་ཁྲིད་ཐེངས་བརྒྱ་དང་གྱ་གསུམ་སྤེལ་བ་ལས། མང་ཚོགས་ཆིག་ཁྲི་ཉིས་སྟོང་ལྷག་ལ་ཕན་པ་དངོས་ཐོབ་ཡོད་པ་དང་། ཡན་ལག་སྨན་ཁང་སོ་སོར་སྒྲིག་སྲོལ་ལམ་ལུགས་སྣ་ཚོགས་འཛུགས་པར་ཁྲིད་སྟོན་བྱས་ཏེ། ནད་ཐོ་དང་སྨན་ཐོ་སོགས་སྨན་བཅོས་ཡིག་ཆའི་འབྲི་སྟངས་ཚད་ལྡན་དུ་བཏང་ཞིང་། རིམ་རྩིས་བྱས་ན་ཡན་ལག་སྨན་ཁང་གི་སྨན་བཅོས་མི་སྣ་ཉིས་བརྒྱ་ལྷག་གསོ་སྦྱོང་བྱས་པར་བརྟེན་ཁོ་ཚོར་ལག་རྩལ་གསར་པའི་ཐད་ནས་བློ་སྐྱེད་ཆེན་པོ་བྱུང་ཡོད་ཅིང་། རྫོང་ཡོངས་ཀྱི་ཡན་ལག་སྨན་ཁང་བཅུ་བཞི་སོ་སོར་རྒྱལ་ཁབ་ཀྱི་ཞབས་ཞུའི་ནུས་པའི་གཞི་རྩའི་ཚད་གཞི་དང་འོས་སྦྱོར་ཚད་གཞིར་སླེབས་ཡོད་པར་མ་ཟད། ནད་པར་སྨན་བཅོས་བྱེད་པའི་རྒྱུད་རིམ་ཧྲིལ་བོར་སྟབས་བདེ་གང་ལེགས་བསྐྲུན་ཡོད། དེའི་སྐོར་ནས་རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པའི་སྨན་པ་དཔལ་བཟང་གིས་བཤད་རྒྱུར།
རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པ་བཙུགས་རྗེས།ང་ཚོ་སྤྲེལ་ནག་འཕྲོད་བསྟེན་ཁང་ལྟ་བུར་མཚོན་ན། ང་ཚོས་གཞི་རིམ་གྱི་ནད་པ་ལྕི་མོ་ཚང་མ་གོང་རིམ་སྨན་ཁང་དུ་སྐོར་བ་དང་། དེའི་ནད་པ་ཡང་མོ་འདིར་སྐོར་བའི་བྱེད་ཐབས་སྤྱད་ཡོ་པས། ནད་པ་མང་པོ་ཞིག་ལ་རང་གི་སྒོ་འགྲམ་དུ་སྨན་བཅོས་བྱེད་ཐུབ་པའི་སྟབས་བདེ་གང་མང་ཞིག་བསྐྲུན་ཡོད་པ་གཅིག་རེད། གཉིས་ནས་ཡིན་ན་རྒྱང་ཁྲིད་ཀྱི་ནད་ངོས་འཛིན་སྟངས་དང་།Xགློག་པར།Bསྒྲ་རླབས་སོགས་ཀྱི་འདྲ་པར་སྨན་ཁང་ཆེ་བར་སྤྲད་དེ། སྨན་ཁང་ཆེ་བའི་སྨན་པ་དང་ཆེད་མཁས་པས་བརྟག་དཔྱད་དང་ནད་ངོས་འཛིན་བྱས་རྗེས། གསོ་བཅོས་ཀྱི་ཐབས་ལམ་འདོན་སྤྲོད་བྱེད་ནི་རེད། འདི་ལྟར་བྱས་ཚེ་ནད་པ་ཡར་མར་ལ་རྒྱུགས་པའི་འགྲོ་སོང་སེལ་བའི་མི་ཚད་འགྲོ་སོང་ཉུང་ཉུང་བཏང་ནས་སྨན་བཅོས་བྱེད་ཐུབ་པའི་རྒྱུ་མཚན་དེ་འདྲ་ཞིག་རེད།
གུང་ཧོ་རྫོང་ཀྲུང་ལུགས་སྨན་ཁང་གིས་མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་བརྟན་པོར་བཙུགས་ནས། དམངས་ཡོངས་ཀྱི་བདེ་ཐང་ལ་དམིགས་ཏེ། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་ལྟར། དམངས་ཡོངས་ལ་རིན་མེད་སྒོས་ལུས་ཕུང་བརྟག་དཔྱད་དང་སྨན་བཅོས་འགན་སྲུང་བྱ་བ་ཏན་ཏིག་ངང་སྒྲུབ་པ་དང་། དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་བསྣན་ནས། ཐུམ་འབུའི་ནད་དང་འདུས་འདྲིལ་གཅོང་ནད་སོགས་ཡོད་པའི་ནད་པ་རྣམས་སྤྱི་ཕན་རྣམ་གྲངས་སུ་བཅུག་སྟེ་རིན་མེད་ངང་སྨན་བཅོས་བྱས་པར་བརྟེན། མང་ཚོགས་ཀྱིས་སྨན་བཅོས་བཅོས་བསྒྱུར་ལས་བྱུང་བའི་བདེ་ཐང་གི་ཁེ་ཕན་དངོས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད། དེའི་ཐད་ནས་སྤྲེལ་ནག་གྲོང་རྡལ་ནས་ཡོང་བའི་ཨ་ནེ་བྱམས་སྐྱིད་ཡག་གིས་བཤད་རྒྱུར།
དོ་ཚིགས་སྟོན་ཁར་ཡོང་ནས་བདུན་བཞི་ཙམ་ལ་འདི་ནས་ཞག་སྡོད་བྱས་པ་ཡིན། ད་ཐེངས་ཡང་ཡོང་ནས་བདུན་གཅིག་ཙམ་འགོར་ཡོད། སྨན་པས་སྨན་བཅོས་བྱས་པ་ཧ་ཅང་བཟང་། རྐང་ལག་སྐྲངས་པ་ཡང་ད་ལྟ་ཇེ་བཟང་དུ་གྱུར་བའི་མི་ཚད་འགྲོ་སྐྱོད་བྱེད་དུས་རྐང་ལག་ཇེ་བདེ་རུ་གྱུར་ཡོད་པས་བཀའ་དྲིན་བསམ་གྱིས་མི་ཁྱབ།
གུང་ཧོ་རྫོང་ཀྲུང་ལུགས་སྨན་ཁང་གིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ད་ལྟ་རྫོང་ཁོངས་ཀྱི་དམ་ཟབ་རྣམ་པའི་སྨན་བཅོས་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་ཐོབ་ནས། སྨན་བཅོས་ཐོན་ཁུངས་ཁྱབ་ཚུལ་སྔར་ལས་དོ་མཉམ་དང་གཞི་རིམ་གྱི་སྨན་བཅོས་བྱེད་སྟངས་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་པར་མ་ཟད། ནད་པའི་སྨན་བཅོས་ཀྱི་ཁུར་པོ་ཇེ་ཡང་དུ་སོང་བ་དང་རྫོང་ཁོངས་ཀྱི་སྨན་པར་བསྟེན་པའི་ཚད་གཞི་བརྟན་པོའི་ངང་གོང་དུ་འཕར་ཡོད་ལ། ནད་པ་ཡང་མོར་ཡུལ་ཚོ་རུ་སྨན་བཅོས་བྱེད་པ་དང་ནད་པ་ཅུང་ལྗིད་མོ་རྫོང་ལས་མི་བརྒལ་བར་སྨན་པར་བསྟེན་པའི་རྣམ་པ་གསར་བ་ཞིག་རིམ་གྱིས་ཆགས་ཡོད།
གསར་འགོད་པ། གཡང་འབུམ་རྒྱལ། ཚེ་རིང་དོན་འགྲུབ།
བཀྲ་ཤིས་སྐྱིད། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། གཡང་འབུམ་རྒྱལ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།