མཚོ་ཤར་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྟེན་གཞི་བཙུགས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་ཁྲིད་བྱས།   
2025.06.26 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

 ས་འཛིན་སྒེག་མོར་དབྱར་གྱི་དཔལ་ཡོན་རྣམ་པར་བཞད་པའི་དུས་འདིར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་རྨ་ཙོང་ཡུལ་དུ་བསྐྱོད་པའི་བཅར་འདྲི་ཚན་ཆུང་མཚོ་ཤར་གྲོང་ཁྱེར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཉམས་ལེན་རྟེན་གཞིར་ཐོན་པ་དང་། ལས་བྱེད་མི་སྣའི་མཚམས་སྦྱོར་འོག་དངོས་སུ་ཉམས་སུ་མྱོང་འགོ་བརྩམས། ཐོག་མར་མིག་ལམ་དུ་མངོན་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2024ལོའི་ཟླ9པར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་འདུའི་སྟེང་གི་གསུང་བཤད་གནད་ཚིག་རེད། དེ་ནས་མདུན་དུ་བསྐྱོད་ན་མཚོ་ཤར་ས་ཆའི་ལོ་རྒྱུས་དང་རིག་གནས། དཔལ་འབྱོར་སོགས་ཀྱི་གནས་ཚུལ་རེ་རེ་བཞིན་གསལ་བོར་རྒྱུས་ལོན་བྱེད་ཐུབ་ལ། པར་རིས་དང་ཡི་གེའི་འགྲེམས་སྟོན། དངོས་རྫས་འགྲེམས་སྟོན། སྨྱན་མང་གཟུགས་ངོ་སྤྲོད་སོགས་ཀྱི་རྣམ་པ་བརྒྱུད་ནས་མི་རིགས་སོ་སོས་རྒྱ་ཁྱབ་ངང་འགྲོ་འོང་བརྗེ་རེས་མཉམ་འདྲེས་བྱས་པའི་ལོ་རྒྱུས་དོན་དངོས་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་མི་རིགས་སོ་སོར་གནང་བའི་བྱམས་སྐྱོང་། ཏང་གི་མི་རིགས་སྲིད་ཇུས། ཕིན་ཨན་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་གྲུབ་འབྲས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རླབས་ཆེ་བའི་འཆར་གཞི་སོགས་ཀྱི་ནང་དོན་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཡོད་པས། རྟེན་གཞི་འདི་ནི་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཡོང་བའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་ལ། མཚོ་སྔོན་གྱིས་ཏང་གི་མི་རིགས་བྱ་བའི་རླབས་ཆེན་གྲུབ་འབྲས་འགྲེམས་སྟོན་བྱེད་པའི་སྒེའུ་ཁུང་ཞིག་ཀྱང་རེད། 

  མཚོ་ཤར་གྲོང་ཁྱེར་ཕིན་ཨན་ས་ཁུལ་ཕིན་ཨན་སྲང་ལམ་ལའོ་ཏུའུ་ལམ་སྡེ་ཁུལ་གྱི་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཀྲང་ཀྲིན་ལ་མཚོན་ན་ཡང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དེ་ལས་དོན་ཁག་གི་གཙོ་གནད་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་ལྟེ་གནས་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ལག་ལེན་བྱ་ཡུལ་གལ་ཆེན་ཞིག་ཏུ་བརྩིས་ཤིང་། མི་རིགས་མཐུན་སྒྲིལ་ལས་དོན་དེ་གཞི་རིམ་བཅོས་སྐྱོང་གི་ལས་དོན་སོ་སོའི་ནང་འདྲེས་པར་བྱས་ནས་ལྷག་བསམ་རྣམ་དག་གིས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུས་པས། 2024ལོར་ཁོ་མོར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་མི་སྒེར་གྱི་མཚན་སྙན་ཐོབ། ཁོ་མོས་བཤད་རྒྱུར།                                          

སྡེ་ཁུལ་གྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ངོས་ནས། ངས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་སེམས་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་དང་།    སྡེ་ཁུལ་གྱི་སྟེགས་བུ་ལ་བརྟེན་ནས་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བྱེད་རྒྱུ་ཡིན་པ་མ་ཟད།    ཏང་གི་འགོ་ཁྲིད་འོག མི་རིགས་མཐུན་སྒྲིལ་གྱི་བྱ་བ་དེ་རྒྱ་ཆེའི་སྡེ་ཁུལ་མང་ཚོགས་ཀྱི་ཁྲོད་དུ་རྩ་བ་ཚུགས་པར་བྱེད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དྲིལ་བསྒྲགས་པ་དང་།    ལག་ལེན་བྱེད་མཁན།    སྣེ་ཁྲིད་པ་བཅས་བྱེད་རྒྱུ་ཡིན་ལ། དེ་མིན་མང་ཚོགས་ལ་ཁྲིད་སྟོན་དང་མང་ཚོགས་རྩ་འཛུགས།    མང་ཚོགས་ལ་མཐུན་སྒྲིལ། མང་ཚོགས་ལ་ཞབས་ཞུ།    མང་ཚོགས་གཅིག་སྡུད་བཅས་བྱས་ནས་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ཁྲོད་དུས་གཏན་དུ་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ། བརྩེ་སེམས་དང་སྟོབས་ཤུགས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་མི་རིགས་སོ་སོའི་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ལེགས་པོ་བྱས་ཏེ། མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་།  བདེ་སྣང་བཅས་མཐོ་རུ་གཏོང་རྒྱུ་ཡིན།

སྤྱིར་ཕིན་ཨན་ས་ཁུལ་ནི་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པའི་ས་ཁུལ་ཞིག་རེད་ལ། མི་རིགས་སོ་སོའི་བར་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གང་སར་མངོན། འབའ་གཙང་ཁོག་ཧོས་རིགས་ཡུལ་ཚོའི་གུར་གོང་མ་སྡེ་བར་མཚོན་ན་ཁྱིམ་ཚང་བརྒྱ་དང་གསུམ་ཡོད་པའི་ནང་བོད་རིགས་ཁྱིམ་ཚང་གྱ་བརྒྱད་དང་རྒྱ་རིགས་ཁྱིམ་ཚང་བཅོ་ལྔ་ཡོད་ལ། མི་རིགས་འཆམ་མཐུན་ཐད་ཚང་མས་ཁ་མིག་ཡར་བལྟ་བྱེད་སའི་སྡེ་བ་ཞིག་ཡིན། གུར་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཚེ་རིང་གིས་བཤད་རྒྱུར།

       ང་ཚོའི་སྡེ་བར་མཚོན་ན་བོད་རིགས་གཙོ་བྱས་པའི་རྒྱ་བོད་མཉམ་འདྲེས་ཀྱི་སྡེ་བ་ཞིག་ཡིན་ནི་རེད། ཕན་ཚུན་བར་གྱི་མཐུན་སྒྲིལ་ཡང་བཟང་། གཞན་སྡེ་བའི་ནང་དུ་ལོ་རེར་མི་རིགས་མཐུན་སྒྲིལ་གྱི་བྱེད་སྒོ་ཡང་སྣ་མང་སྤེལ་བཞིན་ཡོད། དཔེར་ན། དུས་ཆེན་སོགས་ཀྱི་སྐབས་སུ་རྒྱ་བོད་མི་རིགས་གཉིས་ཀ་དཀྱུས་གཅིག་ཏུ་འཛོམས་ནས་གླུ་ལེན་གར་རྩེད་དང་མདའ་རྩེད། ལུས་རྩལ་འགྲན་བསྡུར། སྐོར་བྲོ་འགྲན་བསྡུར་སོགས་སྤེལ་བཞིན་ཡོད། བྱེད་སྒོ་འདི་དག་ཚང་མ་མི་རིགས་མཐུན་སྒྲིལ་ཡོང་བར་ཕན་ལ། སྡེ་བའི་མང་ཚོགས་རྣམས་ཀྱིས་ཀྱང་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།

   སྡེ་བ་འདི་ལ་མཚོན་ན་བོད་རིགས་ཕན་ཚུན་བར་མཐུན་སྒྲིལ་གྱི་ཨ་ལོང་གཅིག་ཏུ་སྦྲེལ་ཡོད་པ་མ་ཟད། རྒྱ་བོད་ཕན་ཚུན་བར་དུ་ཡང་མི་རིགས་དང་རིགས་རུས་ཀྱི་དབྱེ་བ་དང་བཀག་རྒྱ་མེད་པར་ཕན་ཚུན་མཛའ་མཐུན་དང་འབྲེལ་འདྲིས་དམ་ཟབ་བྱེད་ཀྱིན་འདུག གསར་འགོད་པས་འབའ་གཙང་ཁོག་ཧོས་རིགས་ཡུལ་ཚོའི་གུར་གོང་མ་སྡེ་བའི་མང་ཚོགས་ཚེ་རིང་སྒྲོལ་མ་ལ་བཅར་འདྲི་བྱས་པ་ན། མོས་ཀྱང་དེར་མཐུན་གྱི་སྐད་ཆ་བཤད་བྱུང་།                                                        

ང་ཚོའི་སྡེ་བའི་ཁྱིམ་ཚང་མང་ཆེ་ཤོས་བོད་རིགས་ཡིན་པ་དང་། རྒྱ་རིགས་ཁྱིམ་ཚང་བཅུ་ཕྲག་འགའ་ཡོད་ལ། ཕན་ཚུན་བར་བཟའ་སྒྲིག་བྱེད་མཁན་ཡང་ཡོད། དུས་ཆེན་སོགས་ཀྱི་སྐབས་སུ་རྒྱ་རིགས་རྣམས་ཀྱིས་ཀྱང་བོད་ལྭ་གོན་ནས་བྱ་འགུལ་ལ་ཞུགས་བཞིན་ཡོད་པས། དེས་ཀྱང་ང་ཚོ་ཕན་ཚུན་བར་མཐུན་སྒྲིལ་ཟབ་མོ་ཡོད་པ་མཚོན།

གུར་གོང་མ་སྡེ་བས་མི་རིགས་མཐུན་སྒྲིལ་གྱི་ཕྱོགས་སུ་དཔེར་སྟོན་གྱི་བྱ་གཞག་གང་མང་བསྒྲུབས་པ་མ་ཟད། སྡེ་བའི་མང་ཚོགས་རྣམས་ཀྱིས་རང་སྟེང་ནས་མཐུན་སྒྲིལ་དང་འཆམ་མཐུན་གྱི་འདུ་ཤེས་རྨང་ནས་སད་དེ། མང་ཚོགས་རེ་རེས་མཐུན་སྒྲིལ་གྱི་དཔུང་རྡང་མཉམ་གཤིབ་བྱས་ནས་འབྱོར་འབྲིང་གི་ཕྱོགས་སུ་འཆམ་མཐུན་གྱིས་བསྐྱོད་ཀྱིན་འདུག

图片

གུར་གོང་མ་སྡེ་བའི་གཟེངས་རྟགས་སྣ་ཚོགས།


གསར་འགོད་པ། གཡང་ཁོ་ཚེ་རིང་། ཤ་བོ་རིན་མཚོ།

ཤ་བོ་གསེར་མཚོ། ཡུམ་སྐྱབས་ཚེ་རིང་།     

 རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

བསོད་ནམས་རིན་ཆེན།