དབྱར་ཟླ་དྲུག་པར་ནོར་འཛིན་སྒེག་མོས་ལྗང་མདོག་གི་ལྭ་བ་མནབས་ནས་མཛེས་ཤིང་ལྟ་ན་སྡུག་ལ། ག་ས་གང་དུ་མེ་ཏོག་སྣ་བརྒྱ་རྣམ་པར་བཞད་ཡོད། ང་ཚོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་རྨ་ཙོང་ཡུལ་དུ་བསྐྱོད་པའི་བཅར་འདྲི་ཚན་ཆུང་ཕིན་ཨན་ནས་ལམ་ལ་ཆས་ཏེ་ལའོ་ཏུའུ་ཕྱོགས་སུ་བསྐྱོད་པ་དང་། ལམ་བར་དུ་མིག་ལམ་དུ་རྒྱུ་བ་ནི་ཡངས་པའི་རྣང་ཞིང་གྲུ་བཞི་རུ་ལྡེམ་ལྡེམ་དུ་གཡོ་བའི་གྲོ་ནས་སྲན་གསུམ་དང་། རི་ཀློང་ཡོད་ཚད་ནགས་ཀྱིས་བརྒྱན་པའི་མཛེས་ལྗོངས་རེད།
ཉེ་བའི་ལོ་འགའི་རིང་། མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ས་ཁུལ་གྱིས་ཁྱད་ཆོས་ལྡན་པའི་རྨོ་འདེབས་ལས་རིགས་དང་གྲོང་གསེབ་ཡུལ་སྐོར། ཁོར་ཡུག་བཅོས་སྐྱོང་། དམངས་འཚོ་ལེགས་བཅོས་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཐོན་ལས་དར་རྒྱས་དང་སྐྱེ་ཁམས་མཛེས་པ། དམངས་རྣམས་ཕྱུག་འགྱུར་གྱི་གྲོང་གསེབ་དར་སྤེལ་གྱི་བྱ་བ་སྤེལ་བཞིན་ཡོད་ལ། ཙོང་ཐར་བོད་རིགས་ཡུལ་ཚོས་ཀྱང་གྲོང་གསེབ་དར་སྤེལ་ཐད་བྱ་བ་གང་མང་བསྒྲུབས་ནས་མང་ཚོགས་ལ་ཕན་ཁེ་མང་པོ་བསྐྲུན་ཡོད་པ་མ་ཟད། ལའོ་ཏུའུ་ས་ཁུལ་གྱི་གྲོང་གསེབ་དར་སྤེལ་ཐད་གྲུབ་འབྲས་ཅུང་བཟང་པོ་བླངས་ཡོད་པའི་གྲས་རེད། ཙོང་ཐར་བོད་རིགས་ཡུལ་ཚོའི་ཏང་ཨུའི་ཨུ་ཡོན། ཡུལ་ཚོའི་འགོ་གཙོ་གཞོན་པ་ཀྲིག་ལན་ཧྥུའུ་ཡིས་བཤད་རྒྱུར།
2023ལོར་ཙོང་ཐར་བོད་རིགས་ཡུལ་ཚོའི་མཐའ་སྐྱོང་དང་ཚ་ལུང་སྡེ་བ་གཉིས་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་སྡེ་བར་བདམས་པའི་ཚུན་ལ། ཡུལ་ཚོས་ནན་ཏན་སྒོས་ཞིང་ཆེན་དང་གྲོང་ཁྱེར། ས་ཁུལ་བཅས་ཀྱི་གྲོང་གསེབ་དར་སྤེལ་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་ཚོད་ལྟའི་སྡེ་བ་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བཞིན་ཡོད། གོ་རིམ་རྗེས་མར། ཙོང་ཐར་བོད་རིགས་ཡུལ་ཚོས་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པ་གོ་སྐབས་སུ་བརྩིས་ནས། གཅིག་གྱུར་འཆར་འགོད་དང་ཚོད་ལྟའི་གནས་སྔོན་ལ་ལག་བསྟར་བྱེད་པ། ཡུལ་བབ་དང་བསྟུན་པ། གོ་རིམ་ལྡན་པའི་སྐུལ་འདེད་གཏོང་བ་བཅས་ཀྱི་སྤྱིའི་བསམ་གཞིགས་ལ་བརྟེན་ནས། ཤུལ་བཞག་རིག་གནས་སོགས་ཞིང་ལས་དང་ཚོང་ལས། ཡུལ་སྐོར་སོགས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་རྣམ་པ་འཚོལ་ཞིབ་བྱས་ཏེ། རིམ་བཞིན་ཞིང་སྡེའི་ཐོན་ལས་འཕེལ་རྒྱས་དང་ཞིང་པའི་ཡོང་སྒོ་འཕར་སྣོན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ཐོན་ཁུངས་སྔོག་འདོན་ལེགས་པོ་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་དང་སྡོད་གནས་ཁོར་ཡུག་ལ་སྐུལ་འདེད་བཏང་ནས། ཞིང་པའི་ཡོང་འབབ་འཕར་སྣོན་སོགས་གཅིག་གོ་མང་ཆོད་ཀྱི་ཐབས་ལམ་གསར་པར་སྐུལ་འདེད་གཏོང་རྒྱུ་ཡིན།
མཐའ་སྐྱོང་སྡེ་བ་ལའོ་ཏུའུ་ས་ཁུལ་དང་བར་ཐག་སྤྱི་ལེ་སོ་བརྒྱད་ཡོད་པ་དང་། ཁྱིམ་ཚང་གོ་བདུན་དང་མི་གྲངས་སུམ་བརྒྱ་རེ་ལྔ་ཡོད། དེ་སྔོན་སྡེ་བའི་སྡོད་ཁང་དང་ཡོང་འབབ་སོགས་ཕྱོགས་གང་ཅིའི་ཐད་ཅུང་རྗེས་ལུས་ཡིན་པའི་སྡེ་བ་ཞིག་རེད། ད་ལྟ་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་ལག་བསྟར་བྱས་ནས་མ་དངུལ་འབོར་ཆེན་བཏང་སྟེ་སྡེ་བའི་རྣམ་པ་ལེགས་སྒྱུར་བྱས་པས། ད་ལྟ་ཀུན་ལ་དཔེ་སྟོན་བྱེད་སའི་སྡེ་བ་ཞིག་ཏུ་གྱུར་ཡོད། ང་ཚོ་མཐའ་སྐྱོང་སྡེ་བར་ཐོན་དུས་སྡེ་བའི་ལམ་སྣུམ་ལམ་ཡིན་ཞིང་། ཁོར་ཡུག་ཐམས་ཅད་གཙང་ཞིང་གྲལ་དག་པར་མ་ཟད་སྡོད་དམངས་ཀྱི་ཁང་བ་ཚང་མ་གསར་ལས་བྱས་ཡོད་ལ། ཁྱིམ་ཚང་རེ་རེའི་སྒོ་མདུན་དུ་ཕྱུགས་ཁང་ཡང་ལས་ཡོད་པས་རྣམ་པ་དེས་ད་ལྟ་ཁོ་ཚོའི་འཚོ་བར་འགྱུར་ལྡོག་བྱུང་ཡོད་པ་གཞི་ནས་རྟོགས་ཐུབ། ཨ་ཁུ་རྡོ་རྗེ་ཚེ་བརྟན་གྱིས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་ནས་ཕལ་ཆེར་ལོ་ངོ་སུམ་ཅུ་ཙམ་འགོར་ཡོད་ལ། ད་ལྟ་ཁོ་རང་ལས་གནས་ནས་བུད་ཡོད་མོད། འོན་ཀྱང་། སྡེ་བའི་འདས་མ་ད་གསུམ་གྱི་འཕོ་འགྱུར་གླེང་སྐབས། ཁོའི་གདོང་ལ་སྤོབས་ཉམས་ཀྱིས་ཁེངས་ནས་བཤད་རྒྱུར།
2023ལོ་དང2024ལོར་སྲིད་གཞུང་གིས་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་ལག་བསྟར་བྱས་པ་དང་། མ་དངུལ་སྒོར་ས་ཡ་དགུ་དང་འབུམ་དགུ་ཁྲི་ལྔ་བཏང་ནས་ང་ཚོ་སྡེ་བའི་ཁང་པ་དང་ཕྱི་གྱང་། ཆུ་གློག་ལམ་གསུམ་སོགས་ལེགས་སྒྱུར་བྱས་པས། ད་ལྟ་ཟ་འཐུང་དང་འགྲིམ་འགྲུལ་ཚང་མ་ཧ་ཅང་སྟབས་བདེ་དང་ཇེ་ལེགས་སུ་སོང་ཡོད། ཏང་དང་རྒྱལ་ཁབ་ལ་བཀའ་དྲིན་ཆེ་ཞུ།
ཨ་ཁུ་རྡོ་རྗེ་ཚེ་བརྟན་གྱིས་བཤད་པ་ནང་བཞིན། མཐའ་སྐྱོང་སྡེ་བར་ད་ལྟ་འཕོ་འགྱུར་ཆེན་པོ་བྱུང་ཡོད་ལ། སྡེ་བའི་ནང་དུ་བུ་བཅོལ་ཁང་དང་བྱ་འགུལ་ཐང་ཆེན། མདའ་རྩེད་ར་བ་སོགས་སྒྲིག་ཆས་ཁ་ཚང་ཡོད། ང་ཚོ་མདའ་རྩེད་ར་བར་ཐོན་པ་ན་ལོ་ན་ཅུང་བགྲེས་པའི་རྒན་པོ་དག་གིས་མདའ་འཕེན་བཞིན་འདུག ང་ཚོ་གམ་དུ་སོང་ནས་ཁ་བརྡ་བྱས་ཏེ་འཚོ་བའི་འགྱུར་ལྡོག་དྲིས་པ་ན། སྡེ་བའི་ཨ་ཁུ་སྒྲོལ་མ་སྐྱབས་ཀྱིས་ངེད་ཚང་ཐག་ཉེ་ས་ན་ཡོད། ད་ལྟ་ཁང་བ་གསར་པ་ལས་ཡོད་ཅེས་ང་ཚོ་ཁྲིད་དེ་ཁོ་ཚང་དུ་སོང་། དེ་ནས་ཁོ་ཚང་གི་ཁང་པ་ལས་པར་རྒྱལ་ཁབ་ཀྱིས་ཇི་ལྟར་རོགས་སྐྱོར་བྱས་ཚུལ་བརྗོད་བྱུང་།
དེང་སྐབས་རྒྱལ་ཁབ་ཀྱི་སྲིད་ཇུས་ཧ་ཅང་བཟང་། 2023ལོ་དང2024ལོར་ཁང་བ་འདི་བསྒྱུར་བཀོད་བྱེད་སྐབས་སྒོར་ཁྲི་བཞི་དང་སྟོང་ལྔའི་རོགས་སྐྱོར་བྱས་པ་དང་། ཁྱིམ་གྱི་སྒོ་ཆེན་སྒོར་སྟོང་གསུམ་དང་དྲུག་བརྒྱ་བྱིན་ནས་ལས་པ་མ་ཟད། ཕྱུགས་ཁང་ལས་ནས་སྒོར་ཁྲི་བཞི་དང་བརྒྱད་བརྒྱ་བྱིན་པས། སྡེ་བ་ཡོད་ཚད་འདི་ལྟར་ལས་བཞིན་ཡོད་པས་རྒྱལ་ཁབ་དངོས་གནས་བཀའ་དྲིན་ཆེ།
མཐའ་སྐྱོང་སྡེ་བས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་ལ་ཤུགས་བསྣན་ནས་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་དང་ལེགས་བཅོས་བྱས་པ་དང་། སྡེ་བའི་བེད་མེད་དུ་བཞག་པའི་ས་ཞིང་དང་སྒོ་རའི་བར་སྟོང་བེད་སྤྱོད་གང་ལེགས་བྱས་ཏེ། མེ་ཏོག་དང་རྩྭི་ཤིང་སྣ་ཚོགས་བཏབ་ནས་མཛེས་སྡུག་གི་སྒོ་ར་འཛུགས་སྐྲུན་བྱས་པས་སྡེ་བའི་ག་ས་གང་དུ་ལྗང་མདོག་དང་སྐྱེ་སྟོབས་ཀྱིས་ཁེངས་ཡོད།
ལའོ་ཏུའུ་ས་ཁུལ་གྱིས་རྨ་ཙོང་རིག་གནས་ཀྱི་རྨང་གཞི་དང་མཐོ་སྒང་གི་སྐྱེ་ཁམས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པ་དང་། མུ་མཐུད་དུ་གྲོང་གསེབ་དར་སྤེལ་འཐབ་ཇུས་སྣེ་ཁྲིད་དུ་བྱས་ཏེ། རྒྱུན་ཆད་མེད་པར་གསར་གཏོད་དང་འཚོལ་ཞིབ་བྱས་ནས། འབད་བརྩོན་ཆེན་པོས་དུས་རབས་གསར་པའི་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་འབྲི་བཞིན་མཆིས།
གསར་འགོད་པ། གཡང་ཁོ་ཚེ་རིང་། ཤ་བོ་རིན་མཚོ།
ཤ་བོ་གསེར་མཚོ། ཡུམ་སྐྱབས་ཚེ་རིང་།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
བསོད་ནམས་རིན་ཆེན།