ཧུའུ་ཀྲུའུ་རྫོང་གིས་སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བཀོད།
2025.06.26 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

སྐྱེ་ཁམས་དཔལ་གྱི་རི་མོ་ཐགས་སུ་བཀྲ། ཡུལ་སྐོར་ལྗོངས་རྒྱུའི་ལས་དོན་གོང་དུ་འཕེལ། ང་ཚོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱི་རྨ་ཙོང་ཡུལ་དུ་བསྐྱོད་པའི་བཅར་འདྲིའི་ཚན་ཆུང་ལའོ་ཏུའུ་ནས་ལམ་ལ་ཆས་ཏེ་ཧུའུ་ཀྲུའུ་ཕྱོགས་སུ་བསྐྱོད་པ་དང་། དབྱར་ཟླ་དྲུག་པའི་ཧུའུ་ཀྲུའུ་ཡི་མཛེས་ལྗོངས་ཀྱིས་ཕྱོགས་ཀྱི་མགྲོན་པོ་གནས་འདིར་འགུག་ཅིང་། བྱང་རི་རྒྱལ་ཁབ་ནགས་ཚལ་ས་གཤིས་སྤྱི་གླིང་དང་། སུམ་མདོ་ནགས་ཚལ་སྤྱི་གླིང་། ཟབ་ལུང་ནགས་ཚལ་སྤྱི་གླིང་སོགས་ཀྱི་སྙན་པའི་བ་དན་ཕྱོགས་སུ་མཆེད་ཡོད་པས། ཡུལ་གྲུ་འདི་ནི་ཡུལ་སྐོར་བའི་སྤྲོ་གསེང་གི་གནས་མཆོག་ཅིག་ཡིན། ཧུའུ་ཀྲུའུ་རྫོང་ནི་རྒྱལ་ཡོངས་ཀྱི་ཧོར་རིགས་རང་སྐྱོང་རྫོང་གཅིག་པུ་ཡིན་ལ། “འཇའ་ཚོན་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད་པ་དང་། ཕུན་སུམ་ཚོགས་པའི་ཞིང་སྡེའི་སྐྱེ་ཁམས་ཡུལ་སྐོར་གནས་མང་པོ་ཡོད།

图片

  སུམ་མདོ་ཡུལ་ཚོས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཐད་གྲུབ་འབྲས་ཅུང་མང་པོ་བླངས་ཡོད་ལ། ནང་སྒོས་སུ་སུམ་མདོ་སྡེ་བས་ཡུལ་སྐོར་ཀུང་ཟི་དང་མཉམ་འབྲེལ་བྱས་ཏེ་སྡེ་བའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བས། ཀུན་གྱི་མིག་དཔེ་ལྟ་སའི་སྡེ་བ་ཞིག་ཏུ་གྱུར་ཡོད། ང་ཚོ་མཐའ་བཞི་རི་བོས་སྐོར་ཞིང་རང་བྱུང་ནགས་ཚལ་གྱི་ཁྱབ་རྒྱ་ཆེ་བའི་སུམ་མདོ་སྡེ་བ་རུ་ཐོན་པ་དང་། སྡེ་བའི་གཞུང་ལམ་བརྒྱུད་དེ་སྤྱི་ལེ་འགའ་ཙམ་སོང་བ་ན་ཡུལ་སྐོར་བ་སྣེ་ལེན་བྱེད་ས་རུ་ཡུལ་སྐོར་བ་མང་པོས་གྲལ་བསྒྲིགས་ནས་རླངས་འཁོར་ལ་སྒུག་སྟེ་སུ་རུའི་མེ་ཏོག་གི་རྒྱ་མཚོར་འབོད་པའི་མཛེས་ལྗོངས་ལ་ལྟ་རྒྱུར་སྒུག་འདུག ང་ཚོ་གནས་དེར་ཐོན་རྗེས་ཀུང་སིའི་འགན་འཛིན་པས་ང་ཚོ་ཁྲིད་དེ་ཡུལ་སྐོར་གནས་སུ་བསྐྱོད། རི་ངོས་ཡོངས་སུ་སུ་རུའི་མེ་ཏོག་གིས་རྣམ་པར་བརྒྱན་ཞིང་། ཡུལ་སྐོར་བ་མང་པོས་གནས་དེ་རུ་མཛེས་ལྗོངས་ཉམས་རོལ་བྱེད་ཀྱིན་འདུག གསང་པའི་སུམ་མདོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་འགན་ཁུར་བ་ཧྲིན་ཧྲི་ཅེ་ཡིས་བཤད་རྒྱུར།      

སུམ་མདོ་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱེད་སའི་གནས་འདི་རུ་འགག་ཅུང་དོག་པ་དང་འབབ་ཞོད་ཆེ་བའི་དུས་སུ་ཉེན་ཁ་ཆེ་བས། ད་ལོའི་ཟླ5ཚེས22ཉིན་དངོས་སུ་སྒོ་ཕྱེས་པ་ནས་བཟུང་ཡུལ་སྐོར་སྣེ་ལེན་རླངས་འཁོར་ལ་བརྟེན་ནས་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་པ་དང་། སྒེར་གྱི་རླངས་འཁོར་གཏན་འཁེལ་གྱི་རླངས་འཁོར་འཇོག་ས་རུ་འཇོག་བཞིན་ཡོད། འདི་ལས་ས་གནས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་བདེ་འཇགས་གནད་དོན།  སྐྱེ་ཁམས་ཁོར་ཡུག་གི་གཙང་སྦྲ་སོགས་ཀྱི་གནོན་ཤུགས་ཇེ་ཡང་དུ་བཏང་ཡོད་པས་ཚང་མའི་དགའ་བསུ་ཐོབ་ཡོད།

ཉེ་བའི་ལོ་འདི་འགར། ཧུའུ་ཀྲུའུ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱས་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད་ལ། སུམ་མདོ་སྡེ་བ་ཡང་དེ་ལས་མ་འདས་པར་སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྐུལ་ཁྲིད་བྱེད་བཞིན་ཡོད། སྡེ་བའི་ནང་དུ་ཕྱེས་ཡོད་པའི་སྐལ་བཟང་མེ་ཏོག་ཞིང་པའི་སྤྲོ་ཁྱིམ་ཁང་གི་བདག་མོ་མེ་ཏོག་སྐྱིད་ཀྱིས་བཤད་རྒྱུར།                                                                  

            སྔོན་ཆད་ངེད་ཚང་གི་ཆ་རྐྱེན་དེ་འདྲ་མི་བཟང་། ད་ལྟ་རྒྱལ་ཁབ་ཀྱི་རོགས་སྐྱོར་སྣ་ཚོགས་ལ་བརྟེན་ནས་སྤྲོ་ཁྱིམ་ཁང་འདི་ཕྱེས་ཡོད་ལ། ཟི་ལིང་སོགས་ནས་ཡོང་བའི་ཡུལ་སྐོར་བ་མང་པོ་སྣེ་ལེན་བྱེད་བཞིན་ཡོད་པས་ཡོང་སྒོ་བཟང་ཞིང་ཆ་རྐྱེན་ཇེ་ལེགས་སུ་སོང་ཡོད།

སྐལ་བཟང་མེ་ཏོག་ཞིང་པའི་སྤྲོ་ཁྱིམ་ཁང་དུ་ཡུལ་སྐོར་བ་མང་པོ་འཚང་ཁ་ཤིག་ཤིག་བྱེད་པའི་རྣམ་པ་དེས་གནས་འདི་རུ་རང་བྱུང་མཛེས་ལྗོངས་ལ་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་བྱ་བ་ལག་བསྟར་བཟང་བོ་བྱེད་བཞིན་པ་མཚོན་ལ། མང་ཚོགས་ཀྱིས་ཀྱང་ཕྱོགས་མང་པོ་ནས་ཡོང་སྒོ་འཚོལ་བའི་ཐབས་ལམ་རྙེད་ཡོད་པ་གཞི་ནས་ཤེས་ཐུབ། སུམ་མདོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་རབ་བརྟན་གྱིས་བཤད་རྒྱུར།                                                       

ལོ་འདི་འགར་ང་ཚོས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་སྲིད་ཇུས་ལག་བསྟར་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱས་པས་ཡུལ་སྐོར་བ་ཇེ་མང་ནས་ཇེ་མང་དུ་གྱུར་ཡོད་ལ། སྡེ་བ་དང་ཀུང་ཟིའི་བར་གན་རྒྱ་བཞག་ནས་ཡོང་སྒོ་མཉམ་དུ་བགོ་བཤའ་བརྒྱག་བཞིན་ཡོད། དེ་ལས་གཞན་རང་ས་གནས་ཀྱི་ཁོར་ཡུག་གཙང་སྦྲ་བྱེད་མཁན་དང་ལམ་སྲུང་བ་མི་སུམ་ཅུ་ལྷག་བསྡུ་ལེན་བྱས་ཏེ་ཟླ་རེར་ཟླ་ཕོག་སྟེར་བཞིན་ཡོད་པས། རང་གི་སྒོ་མདུན་ནས་ཡོང་སྒོ་བཙལ་ཐུབ་ལ། ཁྱིམ་ཚང་ཉི་ཤུ་ལྷག་གིས་ལམ་འགྲམ་ནས་གོ་རེ་དང་འོ་ཞོ། མར། ལོག་སྣུམ་སོགས་འཚོང་བཞིན་ཡོད་པས་ཡོང་སྒོ་ཇེ་བཟང་ནས་ཇེ་བཟང་རེད། རྗེས་ཕྱོགས་ཀྱང་མུ་མཐུད་དུ་རང་ས་གནས་ཀྱི་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱས་ཏེ་ཡུལ་སྐོར་བ་སྔར་ལས་མང་པོ་སྣེ་ལེན་བྱས་ནས་ཡོང་སྒོ་འཕར་སྣོན་བྱེད་པའི་ཐད་འབད་བརྩོན་བྱ་རྒྱུ་ཡིན།

སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཁྲོད།   ཧུའུ་ཀྲུའུ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་བཞག་ནས་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་མ་ཟད།  ཡུལ་སྐོར་ཞབས་ཞུའི་ལྟེ་གནས་དང་། ཁྱད་ཆོས་ལྡན་པའི་དམངས་སྲོལ་ཡུལ་སྐོར་སོགས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་ནས།     ནགས་ཚལ་ཐོན་ཁུངས་དང་ཞིང་སྡེའི་སྐྱེ་ཁམས་ཐོན་ཁུངས། དམངས་སྲོལ་རིག་གནས་སོགས་ཀྱི་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ཏེ། བདེ་ཐང་དང་ཁམས་གསོ། ལྟ་སྐོར་སོགས་ཀྱི་གནས་མཆོག་བསྐྲུན། རང་འཐག་ནང་ནགས་ཚལ་སྤྱི་གླིང་གི་ཡུལ་སྐོར་བ་སྣེ་ལེན་བྱེད་སའི་གཞི་རྒྱ་ཆེ་ལ། གནས་དེ་རུ་ཚོང་ལས་གཉེར་བཞིན་པའི་ས་གནས་མང་ཚོགས་ཀྱི་གདོང་ལ་དགའ་སྤྲོའི་འཛུམ་གྱིས་ཁེངས་ཡོད། ང་ཚོས་གནས་དེ་རུ་ཡོང་པའི་ཡུལ་སྐོར་བ་ཡང་ཁྲང་ཧྲན་ལ་བཅར་འདྲི་བྱས་པ་ན། ཁོས་བཤད་རྒྱུར།                                    

བྱང་རི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ཧ་ཅང་མིང་གྲགས་ཆེ་ལ། གནས་འདིའི་ཡུལ་ལྗོངས་མཛེས་ཤིང་མཁའ་དབུགས་བཟང་བས་སྔོན་ཆད་ཀྱང་ཐེངས་འགའ་ལ་ཁྱིམ་མི་ཚོ་དང་མཉམ་དུ་ཡུལ་སྐོར་དུ་ཡོང་མྱོང་། ན་ནིང་ལ་མཚོན་ན་རླངས་འཁོར་མང་ཞིང་འགྲིམ་འགྲུལ་སྒྲིག་ལམ་སོགས་དེ་འདྲ་མི་བཟང་མོད། ད་ལོར་ཕྱོགས་གང་ཅིའི་ཐད་ནས་ཇེ་ལེགས་སུ་སོང་ཡོད་པས་སེམས་པ་ཧ་ཅང་སྐྱིད་ཀི

སྐྱེ་ཁམས་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དེས་ཧུའུ་ཀྲུའུ་རྫོང་གི་དཔལ་འབྱོར་འཕར་སྣོན་ལ་སྐུལ་ཁྲིད་བྱས་པ་མ་ཟད།    མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འདུ་ཤེས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་འདུ་ཤེས་ཆེ་རུ་ཕྱིན་ཡོད་པས། “འཇའ་ཚོན་གྱི་ཕ་ཡུལ”སྔར་ལས་མཛེས་སྡུག་གི་ཡུལ་གྲུ་ཞིག་ཏུ་བསྐྲུན་པར་འབད་འབུངས་བྱེད་བཞིན་མཆིས།

གསར་འགོད་པ། གཡང་ཁོ་ཚེ་རིང་། ཤ་བོ་རིན་མཚོ།

ཤ་བོ་གསེར་མཚོ། ཡུམ་སྐྱབས་ཚེ་རིང་།      

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། 

བསོད་ནམས་རིན་ཆེན།