བསམ་བློའི་ཆབ་སྲིད་སློབ་ཁྲིད་སྟེང་གི“བསམ་བློའི་འོད་ཉག”རེ་རེ་ནི་ལོ་ཆུང་གཞོན་ནུ་ཚོའི་སེམས་ཁོང་གི“སྒྲོན་མེ”རེ་རེ་ཡིན།
2025.07.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་རྒྱའི་སྐད་ཡིག་སློབ་ཁྲིད་སྟེང་གི་བསམ་བློའི་སློབ་ཁྲིད་ཆེན་པོ།

ཟླ6པའི་ཚེས16ཉིན། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་མཐོ་གཉིས་འཛིན་གྲྭ་དང་པོའི་རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་སྐབས་སུ། སྐད་ཡིག་དགེ་རྒན་ཞའོ་ཧྥའེ་ཞུའེ་ཡིས་མཚར་ཉམས་འདྲེས་མའི་སྒོ་ནས་དྲི་བ་འདི་ལྟ་བུ་ཞིག་དྲིས་མྱོང་སྟེ། གལ་སྲིད་སུང་རྒྱལ་རབས་ཀྱི་སྙན་ངག་པ་ཅང་ཁུའེ་ལགས་དེང་གི་ཆར་གསོན་ཡོད་པའི་དབང་དུ་བཏང་ན།  ཁོས་རང་ཉིད་ཀྱིས་བརྩམས་པའི《དབྱང་ཀྲོའུ་ཡི་སྐྱོ་གདུང》ཞེས་པའི་སྙན་ངག་དེར་དེང་གི་ཆར་བཟོ་བཅོས་ཇི་ལྟར་རྒྱག་གམ་ཟེར།

སློབ་མ་ཀྲང་ཏན་ཧྥུན་གྱིས་དེའི་ལན་དུ། “ཅིན་དམག་གིས་འབྲི་ཆུའི་འབབ་རྒྱུད་ལ་བཙན་འཛུལ་བྱས་རྗེས། ཐ་ན་བེད་མེད་དུ་བསྐྱུར་བའི་རྫིང་བུ་དང་མཁར་རྫོང་། གནའ་བོའི་སྡོང་རྒན་བཅས་ཀྱིས་ཀྱང་ཡང་བསྐྱར་སྐྱུག་བྲོ་བའི་དམག་འཁྲུག་དེ་གླེང་བར་ཞེན་པ་ལོག་གིན་ཡོད”ཅེས་པའི་སྙན་ངག་གི་ཚིག་དུམ་འདི་ཉིད།  “བསམ་པ་གཅིག་མཐུན་སྒོས་ཐུན་མོང་གི་ཁྱིམ་གཞིས་མཉམ་སྐྲུན་བྱས་པ་ནས་བཟུང་། ཀྲུང་ཧྭའི་རི་ཀླུང་ཐང་གསུམ་སྔོ་ལྗང་ཅན་དུ་གྱུར་ཏེ། གཅིག་ལ་གཅིག་འགྲན་གྱི་སྒོ་ནས་མཐུན་སྒྲིལ་གླེང་བར་བརྩོན་བཞིན་ཡོད”ཅེས་པ་རུ་བསྒྱུར་ན་ཧ་ཅང་འགྲིག་ཚུལ་བཤད།

དགེ་རྒན་ཞའོ་ཧྥེ་ཞུའེ་ཡིས་སེམས་འགུལ་ཐེབས་པའི་ངང་ནས་བཤད་རྒྱུར། སློབ་གྲོགས་ཚོ། སྐབས་དེའི་ལོ་རྒྱུས་ཀྱི་དུ་ཞགས་ལང་ལོང་དེང་གི་ཆར་མཐོང་ཡུལ་དུ་མི་སྣང་ནའང་། གནའ་བོའི་དུས་སྐབས་ཀྱི་ཅིན་རྒྱལ་རབས་ཀྱི་མི་རྣམས་དེང་གི་ཆར་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ཁོངས་མི་རུ་གྱུར་ཡོད། སྙན་ངག་པས་སྐབས་ཐོག་དེའི་དམག་འཁྲུག་གིས་རི་ཀླུང་ཐང་གསུམ་ལ་གས་ཆག་བཟོས་པའི་རྣམ་པར་ཡི་མ་རངས་པར་སྐྱེས་པ་ལས་བྱུང་བའི་བརྩེ་དུང་ནི། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་ཐུན་མོང་ཁྱིམ་གཞིས་ལ་བཅངས་པའི་བརྩེ་དུང་གསོན་ཉམས་ཅན་ཞིག་ཡིན། གལ་ཏེ་ཁྱོད་རང་དངོས་མང་བཤམས་སྟོན་ཁང་གི་འགྲེལ་བཤད་པ་ཞིག་ཡིན་པའི་དབང་དུ་བཏང་ན། 《དབྱང་ཀྲོའུ་ཡི་སྐྱོ་གདུང》ཞེས་པའི་སྙན་ངག་དེ་དང་མི་རིགས་མཐུན་སྒྲིལ་བར་གྱི་འབྲེལ་བར་འགྲེལ་བཤད་ཇི་ལྟར་རྒྱག་སྲིད་ཟེར།

དུང་དཀར་སྒྲོལ་མས་གསོན་ཉམས་ལྡན་པའི་ངང་བཤད་རྒྱུར། 《དབྱང་ཀྲོའུ་ཡི་སྐྱོ་གདུང》ཞེས་པའི་སྙན་ཚིག་འདིའི་ཁྲོད་མངོན་པའི་རྒྱལ་ཁབ་གཏོར་བརླག་དང་ཁྱིམ་ཚང་རྩ་མེད་དུ་བཏང་བ་ལས་བྱུང་བའི་སྐྱོ་གདུང་གིས་ཏག་ཏག་མི་རིགས་མཐུན་སྒྲིལ་གྱི་རྩ་ཆེན་རང་བཞིན་མངོན་པར་བསྟན་ཡོད་ལ། མི་རིགས་སོ་སོ་སེ་འབྲུའི་རྡོག་པོ་རེ་རེ་དང་འདྲ་བར་གཞི་གཅིག་ཏུ་དམ་པོར་འབྲེལ་ན་གཞི་ནས “རྫོགས་ལྡན་དུས་སྐབས”ཀྱི་དར་རྒྱས་ཆེ་བའི་དུས་རབས་ལ་སྲུང་སྐྱོབ་སྔར་ལས་གང་ལེགས་བྱེད་ཐུབ་ཟེར།

སློབ་ཚན་ཚར་ལ་ཉེ་བའི་སྐབས་སུ། དགེ་རྒན་ཞའོ་ཧྥེ་ཞུའེ་ཡིས་སྒོ་སམ་ནག་པོའི་སྟེང་དུ། “ལོ་རྒྱུས་ཀྱི་དྲན་པ་དང་ཐུན་མོང་གི་བརྩེ་དུང་”ཞེས་པའི་ཡིག་འབྲི་འགའ་སེམས་འགུལ་ཐེབས་པའི་ངང་བྲིས།  ཁོ་མོས་བཤད་རྒྱུར། ཀྲུང་གོའི་ལོ་རྒྱུས་ཀྱི་ཆ་ཤས་གང་ཞིག་ཡིན་རུང་། མི་རིགས་ཚང་མ་མཉམ་འདྲེས་གཅིག་གྱུར་བྱས་པ་ལས་བྱུང་བའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན་ངེས་ལ། མི་རིགས་སོ་སོས་རླབས་ཆེན་མེས་རྒྱལ་མཉམ་དུ་གསར་སྐྲུན་དང་མཉམ་དུ་འཕེལ་རྒྱས། མཉམ་དུ་སྲ་བརྟན་བཅས་བཏང་བ་ལས་བྱུང་བའི་ལོ་རྒྱུས་ཤིག་ཀྱང་ཡིན།  《དབྱང་ཀྲོའུ་ཡི་སྐྱོ་གདུང》ཞེས་པའི་སྙན་ཚིག་ཁྲོད་ཀྱི་རྒྱལ་ཁབ་གཏོར་བརླག་དང་ཁྱིམ་ཚང་རྩ་མེད་དུ་སོང་བ་དེ་ལོ་རྒྱུས་སུ་གྱུར་ཡོད་ནའང་། ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་དང་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་བྱེད་པའི་འགན་འཁྲི་དུས་ནམ་ཡང་ཕྲག་སྟེང་དུ་བབས་ཡོད་པར་བརྟེན། རེ་བ་ཡིན་ན། འདིར་བཞུགས་ཀྱི་སློབ་གྲོགས་ཚང་མ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་མཁན་གྱི་རེ་བའི་འོག་སྐར་མ་རེ་རེ་རུ་འགྱུར་ཐུབ་པའི་རེ་ལྟོས་ཆེ་ཟེར།

དགེ་རྒན་ཞའོ་ཧྥེ་ཞུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གླེང་སྐབས། སློབ་གྲོགས་ཚོའི་དྲན་འཆར་ལོ་གཅིག་གི་སྐབས་ཐོག་དེའི་ཡུལ་དངོས་སུ་དྲངས་བྱུང་།

2024ལོའི་ཟླ6པའི་ཚེས18ཉིན་གྱི་ཕྱི་དྲོར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་གཟིགས་ཞིབ་གནང་ནས།  མཐོ་གཅིག་འཛིན་གྲྭ་དང་པོའི་སློབ་ཁང་དུ“དུས་རབས་གསར་བ་དང་ཁྱིམ་གཞིས་གསར་བ”བརྗོད་དོན་ཡིན་པའི་ཆབ་སྲིད་བསམ་བློའི་སློབ་ཁྲིད་ལ་གསན་གཟིགས་གནང་སྐབས།  ཁོང་གིས་གསུང་དོན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་ནི་སློབ་གྲྭའི་ཆབ་སྲིད་བསམ་བློའི་གཙོ་གནད་ཡིན་ལ།  ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཏམ་རྒྱུད་ལེགས་པོར་བརྗོད་པ་དང་།  དུས་རབས་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་གཏམ་རྒྱུད་ལེགས་པོར་བརྗོད་པ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏམ་རྒྱུད་ལེགས་པོར་བརྗོད་པ་བཅས་བྱས་ཏེ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་རྡོ་ལ་རི་མོ་བརྐོས་པ་བཞིན་བྱིས་པ་ཚོའི་སེམས་པའི་གཏིང་རིམ་ལ་འགོད་དགོས།

“ སྤྱི་ཁྱབ་ཧྲུའུ་ཅི་གནས་འདིར་ཕེབས་པ་ནི་ཆེས་ངོ་མཚར་ལྡན་པའི་ཆབ་སྲིད་བསམ་བློའི་སློབ་ཁྲིད་ཅིག་ཡིན།”  ཞའོ་ཧྥེ་ཞེའེ་ཡིས་བཤད་རྒྱུད།  “གཅིག་གྱུར་རྩོམ་སྒྲིག་བྱས་པའི་རྒྱ་ཡིག་བསླབ་གཞི་ཡིས‘ངེས་ལེན་ལྔ’སྲོག་ཤིང་དུ་བྱས་ཡོད་ལ།  རྩོམ་འདེམ་མ་ལག་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་རིན་ཐང་ལྟ་བ་བརྒྱུད་བསྒྲགས་བྱས་ཡོད་ལ།  ཆབ་སྲིད་བསམ་བློའི་སློབ་ཁྲིད་ཀྱི་འདུ་ཤེས་ལག་ལེན་བྱས་ཏེ།  རྒྱ་ཡིག་སློབ་ཁྲིད་ལ་བླ་མེད་ནུས་ཤུགས་བསྩལ་ཡོད”ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  མངོན་གསལ་རང་བཞིན་གྱི་སློབ་གསོ་དང་མངོན་མེད་རང་བཞིན་གྱི་སློབ་གསོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ་དང།  སློབ་ཁྲིད་གཞན་དག་དང་སློབ་གསོའི་ཐབས་ལམ་ཁྲོད་ཀྱི་ཆབ་སྲིད་བསམ་བློའི་སློབ་གསོའི་ཐོན་ཁུངས་སྔོགས་འདོན་བྱས་ཏེ།  མི་སྣ་ཡོངས་དང་གོ་རིམ་ཧྲིལ་བོ།  ཕྱོགས་ཡོངས་བཅས་ཀྱིས་མི་གསོ་སྐྱོང་བྱེད་པ་མངོན་འགྱུར་བྱེད་དགོས།

མཚོ་སྔོན་གྱིས་སློབ་གསོའི་ཐད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོའི་མཚོ་སྔོན་གྱི་མ་དཔེ་བསྐྲུན་པའི་བྱེད་སྒོ་སྤེལ་ནས།  བསམ་བློའི་ཆབ་སྲིད་ཀྱི་སློབ་ཁྲིད་འཛུགས་སྐྱོང་ཁྲོད་བསླབ་ཚན་གྱི་ཁྱད་ཆོས་ལ་གཞི་བཙུགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བཅས་རིམ་པ་སོ་སོ་དང་བསླབ་གཞི་སོ་སོའི་ཁྲོད་དུ་འོས་ཤིང་འཚམ་པའི་སྒོ་ནས་འདྲེས་པར་བྱ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་རྗེས་དེད་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱི་མི་རིགས་ཆ་ཚང་སློབ་ཆུང་གི་ལོ་རིམ་ལྔ་པའི་འཛིན་གྲྭ་ལྔ་པའི་སློབ་མ་རྣམས་ཟླ་དྲུག་པའི་དྲོད་འཇམ་གྱི་ཉི་འོད་ཀློང་ནས་བསམ་བློའི་ཆབ་སྲིད་ཀྱི་སློབ་ཁྲིད་ཁྲོད་མངག་བཅོལ་ཟབ་མོ་དང་མཇལ་བའི་བསྐལ་བ་ཤར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱུད་ལ་འཇོག་པ་དང་བློ་སྒོ་འབྱེད་པ་གཉིས་གཅིག་གྱུར་བྱེད་པའི་རྒྱུན་སྐྱོང་དགོས། བློ་འབྱེད་རང་བཞིན་གྱི་སློབ་གསོ་གཙིགས་སུ་བཟུང་ནས་སློབ་མའི་སྣེ་ཁྲིད་དེ་གནད་དོན་ཤེས་རྟོགས་འབྱུང་བ་དང་གནད་དོན་དབྱེ་ཞིབ་བྱེད་པ། གནད་དོན་ལ་བསམ་བློ་གཏོང་བ་བཅས་བྱས་ཏེ། སློབ་མ་རྣམས་ཀྱིས་བློ་འབྱེད་ཁྲོད་རང་བཞིན་གྱིས་གོ་བ་ལོན་པར་བྱ་དགོས།

མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དུས་རབས་གསར་བ། ཕ་ཡུལ་གསར་བ་ཞེས་པ་བརྗོད་དོན་དུ་བྱས་པའི་བསམ་བློའི་ཆབ་སྲིད་སློབ་ཁྲིད་ཀྱི་ཕྲེང་བསྟར་བྱེད་སྒོ་སྤེལ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་བའི་ཞབས་རྗེས་དང་ཉེ་བར་བཅར་བ་དང་དེའི་དྲན་པ་གསོ་བ་སོགས་ཀྱི་རྣམ་པ་སྣ་མང་སྤྱད་ནས་དགེ་སློབ་མཉམ་ཞུགས་ཀྱི་བསམ་བློའི་ཆབ་སྲིད་བརྗོད་དོན་དུ་བྱས་པའི་སློབ་ཁྲིད་རྩ་འཛུགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་བ་ཟབ་མོ་དང་མངགས་བཅོལ་རེ་རེ་དགེ་སློབ་རྣམས་ལ་བརྒྱུད་སྤྲོད་བྱ་དགོས།

2021ལོའི་ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོར། ཨ་མྱེས་ཞི་ང་ཚོ་དཀོན་ལོ་གོང་མ་སྡེ་བར་ཐོན་པ་དང་། བསོད་ནམས་ཚེ་རིང་ཁྱིམ་མི་གང་བོས་སྤྲོ་བ་ཆེན་པོས་སྤྱི་ཁྱབ་ཧྲུའུ་ཅི་རང་ཁྱིམ་དུ་བསུས་ནས་སྣེ་ལེན་བྱས། འདི་ཨ་ཁུ་བསོད་ནམས་ཚེ་རིང་རེད། ཚང་མས་ཁོ་དང་ཁ་བརྡ་བྱས་ཆོག་ཅེས་དཀོན་ལོ་གོང་མ་སྡེ་བའི་འགྲེལ་བཤད་མཁན་བསོད་ནམས་སྒྲོལ་མས་ཚིག་མཚམས་བཞག་མ་ཐག་བྱིས་པ་རྣམས་ཀྱིས་བསོད་ནམས་ཚེ་རིང་གི་མཐའ་སྐོར་བྱུང་།

བསོད་ནམས་ཚེ་རིང་གིས་ཕྱོགས་གཅིག་ནས་དེང་ཐོག་གི་རྣམ་པ་དེར་ཕྱིར་དྲན་བྱེད་པ་དང་། ཕྱོགས་གཅིག་ནས་བྱིས་པ་རྣམས་གདན་འདྲེན་ཞུ་ཞོར་བཤད་རྒྱུར། ད་ལོར། སྡེ་བའི་ནང་གི་སྡེ་བའི་ལོ་རྒྱུས་ཁང་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད་པས། ཁྱོད་ཚོ་དེར་སོང་ནས་འུ་ཚོ་འབྲོག་དམངས་རྣམས་ཀྱི་དམངས་ཚིས་ཐོན་སྐྱེད་ཀྱི་གནམ་ས་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོར་མྱོང་ཚོར་བྱས་ཆོག་ཟེར།

བསོད་ནམས་ཚེ་རིང་གི་གདན་ཞུ་བྱས་པ་ལས། བྱིས་པ་རྣམས་ཀྱི་འཚོལ་ཞིབ་ཀྱི་བློ་སྒོ་ཕྱེས་སོང་། སྡེ་བའི་ལོ་རྒྱུས་ཁང་དུ། དགེ་རྒན་ལགས། ཁྱེད་ཀྱིས་ལྟོས་དང་འདི་ནི་སྔོན་ཆད་ཕྱུགས་འཚོ་དུས་བཀོལ་བའི་ཡོ་བྱད་རེད། ད་ལྟ་ང་ཚོར་རླངས་འཁོར་ཡོད་པ་མ་ཟད། ད་དུང་མི་མེད་གནམ་གྲུ་སོགས་ཀྱི་ཚན་རིག་འཕྲུལ་ཆས་ཡོད། དགེ་རྒན་ལགས། ཁྱེད་ཀྱིས་ལྟོས་དང་ད་ལྟ་ལུད་རྫས་མེད་པའི་འདེབས་གསོ་འཕེལ་རྒྱས་བྱུང་འདུག དགེ་རྒན་ལགས། ཁྱེད་ཀྱིས་ལྟོས་དང་འདི་ནི་ང་ཚོ་འོམ་ཆུ་གྲོང་རྡལ་གྱི་དཔེ་དབྱིབས་རི་མོ་རེད། སློབ་གྲྭ་གང་ཞིག་ན་ཡོད་པ་མཐོང་ངམ། ཞེས་ངོ་མཚར་གྱི་སྐད་ཆ་ལང་ལོང་དུ་བཤད་ཀྱིན་འདུག

བྱིས་པ་རྣམས་ལ་མུ་མཐུད་མཚར་སྣང་སྐྱེ་བའི་སྐབས་དེར། མཱ་ཆི་ཡན་གྱིས་ཆུ་སྣ་གར་ཁྲིད་བཞིན་དུ་བཤད་རྒྱུར། སློབ་གྲོགས་ཚོ། ཁྱོད་ཚོས་ལྟོས་དང་། འདི་དག་ཚང་མ་འུ་ཚོས་གྲོང་གསེབ་དར་སྤེལ་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོ་ཞིག་རེད། དཔེ་དབྱིབས་རི་མོ་འདིའི་སྟེང་ནས། ཁྱོད་ཚོས་ལྗང་མདོག་གི་ཆ་ཤས་མང་པོ་འདུག་པ་མཐོང་སོང་ངམ། འདི་ནི་ང་ཚོས་རྒྱལ་དོན་གྱི་ཆེ་ཕྱོགས་ཕྲག་ཏུ་ཁུར་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་གྲུབ་འབྲས་མངོན་གསལ་ཞིག་རེད། མཚོ་སྔོན་པོའི་ས་ཁུལ་གྱི་མི་རིགས་སོ་སོའི་ལོ་རྒྱུས་མཚོན་པའི་འགྲེམ་པང་འདི་དག་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི། མི་རིགས་སོ་སོས་མཐུན་སྒྲིལ་དཔུང་རྡང་གཅིག་ཏུ་སྦྲེལ་ནས་མཛེས་པའི་ཁྱིམ་གཞིས་མཉམ་འཛུགས་བྱེད་བཞིན་པ་དེ་རེད།

དགེ་རྒན་ལགས། ཁྱེད་ཀྱིས་ལྟོས་དང་མཛུམ་དམུལ་ལྡེབས་རིས་སྟེང་གི་བུ་ཆུང་དེ་ང་ཚོའི་སློབ་གྲྭའི་སློབ་མ་ཞིག་རེད་ཅེས་ཨོ་རྒྱན་མཚོས་དགའ་སྤྲོ་དང་བཅས་བཤད་བྱུང་། ཨ་མྱེས་བསོད་ནམས་ཚེ་རིང་དང་། དཔེ་དབྱིབས། སློབ་གྲོགས། གྲོང་གསེབ་ཀྱི་འཕེལ་རྒྱས་བགྲོད་ལམ་བཅས་བར་སྟོང་ངེས་ཅན་ཞིག་ལྡན་པའི་སྒོ་ནས་ཨོ་རྒྱན་མཚོ་དང་གཞི་གཅིག་ཏུ་འབྲེལ་ཡོད།

ཀྲུང་ཧྭ་མི་རིགས་ཁྱིམ་གཞིས་ཆེན་མོ་ཞེས་པའི་བསླབ་དེབ་ཀྱི་ཁ་ཕྱེས་པ་ན།  དེའི་སྟེང་གི་པར་རིས་ཁོ་མོའི་སེམས་ནང་དུ་ཕ་ཡུལ་གྱི་རྣམ་པར་ཆགས་ཡོད། ཨོ་རྒྱན་མཚོས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། ང་ཚོས་ཧུར་ཐག་འབད་འཐབ་བྱས་ཏེ། ཕ་ཡུལ་གྱི་གཙང་བོ་རེ་རེ་དང་། ཕ་ཡུལ་གྱི་བྱེའུ་དང་ཉ་མོ་རེ་རེར་སྲུང་སྐྱོབ་ཡག་པོ་ཞིག་བྱེད་དགོས་ཟེར།

བསོད་ནམས་སྒྲོལ་མ་མཐུན་སྒྲིལ་ཐང་ཆེན་དུ་ལངས་ནས་བྱིས་པ་རྣམས་ལ་བཤད་རྒྱུར། ཨ་མྱེས་ཞི་ཅིན་ཕིང་ལགས་ཕེབས་སྐབས། ཀྲུང་ཧྭ་མི་རིགས་ཁྱིམ་གཞིས་ཆེན་མོའི་ཁྲོད་དུ། ཚང་མ་སེ་འབྲུ་བཞིན་དམ་དུ་སྦྲེལ་བ་དང་། བུ་སྤུན་ལྟར་བརྩེ་ཞིང་ཕན་ཚུན་ལ་གཞོགས་འདེགས་བྱས་པ་ཡིན་ན། ད་གཟོད་མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱ་ཐུབ་ཅིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསོན་ཤུགས་ལ་ཉམས་པ་མེད་ཅེས་ང་ཚོར་གསུངས་མྱོང་ཡོད། དཀོན་ལོ་གོང་མ་སྡེ་བའི་སློབ་ཁྲིད་འདིའི་ཁྲོད་དུ་ཐོབ་ཆ་མི་ཉུང་བ་ཞིག་ཡོད་ཅེས་བཤད།

མཐུན་སྒྲིལ་ཞེས་པའི་བོད་སྐད་ཀྱི་ཚིག་འབྲུ་སྙན་མོ་འདི་ལས། བྱིས་པ་རྣམས་ཀྱིས་མཐུན་སྒྲིལ་ལ་བཅངས་པའི་རེ་བའི་མིག་ཟུང་མཐོང་ཐུབ།

སྐབས་དེར། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མར་ཁེ་སི་རིང་ལུགས་སློབ་གླིང་ཆབ་སྲིད་རིག་པའི་ཆེད་ལས་ཀྱི2024ལོའི་ཞིབ་འཇུག་སློབ་མ་ལིས་ཧིན་ལན་གྱིས་དུས་རབས་གསར་པ། མཚོ་སྔོན་གསར་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མཚོ་སྔོན་གྱི་ལག་ལེན་ཞེས་པའི་སློབ་ཁྲིད་ལ་ཞུགས་ནས། སྐྱེ་ཁམས་དགོངས་པའི་ན་གཞོན་གྱི་ལག་ལེན་སྤེལ་བའི་བརྗོད་དོན་དེར་བསམ་གཞིགས་གཏོང་བཞིན་པའི་སྒང་ཡིན།

སློབ་ཁྲིད་དེའི་ཁྲོད་དུ། མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཝང་ཅིན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ནང་དོན་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གལ་ཆེན་རང་བཞིན་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མཚོ་སྔོན་གྱི་ལག་ལེན་བཤད་་ཅིང་། སློབ་ཆེན་སློབ་མའི་སེམས་ནང་གི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཅི་ལྟ་བུ་ཞིག་ཡིན་ཞེས་པའི་མཇུག་མཐའི་རྟོགས་འཆར་གླེང་བྱུང་།

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པས་རང་རྒྱལ་གྱིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཆེན་པོའི་འགན་འཁུར་བར་འཆར་འགོད་བྱས་ཡོད།     དེང་རབས་ཀྱི་སློབ་ཆེན་སློབ་མ་ཞིག་ཡིན་པའི་ངོས་ནས་འགན་འཁྲི་ཕྲག་ཏུ་ལེན་དགོས་པ་དང་། ཧུར་ཐག་གིས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་རྒྱུན་ལྡན་འཚོ་བའི་ཁྲོད་དུ་མཉམ་འདྲེས་བྱས་ཏེ། འགན་འཁྲི་གཅིག་ཕྲག་ཏུ་ལེན་པ་དང་བྱས་རྗེས་ཤིག་ལེགས་སྐྱེས་སུ་འབུལ་དགོས།     སློབ་གྲྭ་ཆུང་འབྲིང་གི་སློབ་མ་དང་བསྡུར་ན།    ལིས་ཧིན་ལན་གྱི་དྲིས་ལན་ཁྲོད་གོ་བ་ཟབ་མོ་དང་ལག་ལེན་གྱི་སྟོབས་ཤུགས་མང་དུ་ཕྱིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། བསམ་བློའི་ཆབ་སྲིད་གཞུང་ལུགས་སློབ་ཚན་བཅོས་སྒྱུར་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས་ན། བསམ་བློའི་སློབ་ཁྲིད་ཀྱི་བསམ་བློའི་རང་བཞིན་དང་གཞུང་ལུགས་རང་བཞིན།  མཉམ་འདྲེས་ནུས་ཤུགས། ཁ་གཏད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

མཚོ་སྔོན་གྱིས་སློབ་གྲྭ་ཆེན་མོ།  སློབ་གྲྭ་ཆུང་འབྲིང་བཅས་ཀྱི་བསམ་བློའི་སློབ་ཁྲིད་གཞི་གཅིག་ཅན་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ།    སློབ་གྲྭ་ཆུང་བ་དང་སློབ་འབྲིང་། མཐོ་འབྲིང་། སློབ་ཆེན་བཅས་ཀྱི“བློ་སྒོ་འབྱེད་པ་དང་ཉམས་ལེན་བྱེད་པ། རྒྱུན་ཤེས། གཞུང་ལུགས་བཅས་ཀྱི“ཕྲེང་འབྲེལ་ཡོངས་ཀྱི”སློབ་ཁྲིད་བྱེད་སྟངས་ཧུར་ཐག་གིས་བསྐྲུན་ཡོད།

མཚོ་སྔོན་དགེ་ཐོན་སློབ་ཆེན་དེ་སློབ་གསོ་པུའུ་ཡི་སློབ་གྲྭ་ཆེན་མོ་དང་། སློབ་གྲྭ་ཆུང་འབྲིང་གི་བསམ་བློའི་སློབ་ཁྲིད་གཞི་གཅིག་ཅན་གྱི་ཐུན་མོང་ཚོགས་པའི་སྣེ་ཁྲིད་ལས་ཁུངས་ཡིན་པའི་ཆ་ནས། གསར་སྐྲུན་གཞི་གཅིག་ཅན་གྱི་བསམ་བློའི་སློབ་གསོའི་གསར་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱེད་བཞིན་ཡོད། སློབ་གྲྭ་དེས་མར་ཁེ་སི་རིང་ལུགས་སློབ་གླིང་གི་གླིང་གཙོ་ཧྥང་ལིས་ཅང་གིས་བཤད་རྒྱུར། ལོ་འགའི་རིང་འཚོལ་ཞིབ་བྱས་པ་བརྒྱུད། ང་ཚོས་སློབ་ཆེན་དང་སློབ་གྲྭ་ཆུང་འབྲིང་གི་བསམ་བློའི་སློབ་ཁྲིད་གཞི་གཅིག་ཅན་དུ་འགྱུར་བར་སློབ་ཁྲིད་ཀྱི་བཀག་རྒྱ་གཏོར་དགོས་པ་དང་།   ‘གཞུང་ལུགས་ཀྱི་སྐས་རིམ་དང་ལག་ལེན་གྱི་ཕྲེང་འབྲེལ་གྱིས’སློབ་སྐབས་ཀྱི་དམ་ཟབ་འབྲེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པར་ངོས་འཛིན་བྱེད་ཀྱིན་ཡོད”ཟེར།

“ཁྱེད་ཀྱི་གསུང་ཚིག་ནན་ཞིང་ཐུགས་ཁུར་ཆེ་བའི་མངག་བཅོལ་དེ་མཚོ་སྔོན་གྱི་ས་གཞི་ཆེན་པོའི་སྐྱེ་སྟོབས་ལྡན་པའི་དཔྱིད་རླུང་དང་ཆར་བ་བཟང་པོ་ཞིག་ཏུ་གྱུར་ཡོད། ཡངས་པའི་སྐར་ཚོགས་ཁྲོད་ཁྱེད་ཀྱི་སེམས་ཁུར་ཡིད་ལ་དྲན་པས།    ང་ཚོ་དུས་རབས་ཀྱི་རླབས་རྒྱུན་དང་མཉམ་དུ་དྲག་པོར་འཕྱུར་གྱིན་ཡོད།    སྐར་འོད་ལམ་ལམ་འཕྲོས་ཚེ་ཁྱེད་ཀྱི་རེ་སྒུག་ཡིད་ལ་དྲན་པས།    ང་ཚོ་དུས་རབས་ཀྱི་འཕར་རྩ་དང་མཉམ་དུ་འཕར་ལྡིང་བྱེད་ཀྱིན་ཡོད། ” དཔེ་ཀློག་གི་དབྱངས་རྟ་མཐོ་སྒང་དུ་གྲགས་སྐབས།    གཞོན་ནུ་ལོ་ཆུང་གིས་ཉི་འོད་འོག་ཏུ་དྲིན་ཚོར་གྱི་སྨྱུ་གུ་བཟུང་ནས་བསམ་བློའི་རྒྱགས་ཕྱེ་བསྣམས་ཏེ།    སེམས་སུ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འདུན་པ་ཆེན་པོ་འབྲི་བཞིན་ཡོད།

བན་དེ་སྐྱབས། ཁོན་ཐར་དབང་རྒྱལ། མི་ཕམ་མགོན་པོ། རིག་འཛིན་སྒྲོལ་མ། ཤ་བོ་རིན་མཚོ་བཅས་ཀྱིས་བསྒྱུར།